Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།
   
   
   
   
   
   
   
   


 
previousབསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།next

བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།


LT37_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ་བཞུགས་སོ། །


LT37_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་གདམས་པའི་བདུད་རྩི་ནི། །སངས་རྒྱས་ཐམས་ཅད་མཁྱེན་ལས་བྱུང་། །དེས་གསུངས་རྣམ་པ་ཐམས་ཅད་དུ། །ཚད་མ་ཉིད་ཕྱིར་དང་པར་བྱོས། །དལ་འབྱོར་འདི་ནི་ཐོབ་པར་དཀའ། །དེ་བས་ཆོས་དང་མཇལ་བར་དཀའ། །དཀོན་མཆོག་གསུམ་གྱི་མཚན་ཙམ་ཡང་། །ཐོས་པས་འཁོར་བ་མཐའ་ཅན་བྱེད། །གསུམ་ལ་རྟག་ཏུ་སྐྱབས་འགྲོ་ཞིང་། །སྙིང་ནས་ཡིད་ཆེས་ལྡན་པར་འཚལ། །འདི་ནི་ཆོས་ཀྱི་རྩ་བ་ལགས། །སྐྱབས་འགྲོ་ཕལ་ཆེར་ཚིག་ཙམ་སྟེ། །གསུམ་ལ་ཡིད་ཆེས་ལྡན་པའང་དཀོན། །དེ་ལྟས་དགེ་བ་གང་བསྒྲུབས་ཀྱང་། །མངོན་མཐོའི་བདེ་འབྲས་ཙམ་དུ་ཟད། །རང་གི་ལས་ངན་སྨིན་པའི་ཚེ། །བློ་ཆུང་འགའ་ཞིག་ལོག་པར་


LT37_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ། །ཐོག་མེད་དགེ་རྩ་གཅོད་བྱེད་པའི། །ལས་དེ་དུག་བཞིན་སྤང་བར་རིགས། །སྐྱེས་ཚད་ཐམས་ཅད་འཆི་བ་སྟེ། །རང་ཉིད་མི་འཆི་བསམ་མི་འཚལ། །དེ་དབང་བདག་ལ་ཡོད་མ་ཡིན། །འཆི་ཡང་སྐྲག་པར་མི་འགྱུར་ན། །དེ་བློ་ཕྱུགས་དང་མཚུངས་པ་སྟེ། །དེ་ཡི་གདིང་ནི་ཅི་ཞིག་ཡོད། །ནམ་འཆིའི་དུས་བཏབ་མ་མཆིས་ཤིང་། །འཆི་བདག་ནམ་འོང་ཆ་མེད་ལ། །འཆི་དུས་ཆོས་ཀྱིས་ཕན་པས་ན། །མྱུར་དུ་ཆོས་ལ་འབད་པར་འཚལ། །དམ་ཆོས་རྒྱལ་བས་གསུངས་དེ་བསྒྲུབ། །མདོ་རྒྱུད་དག་དང་མི་མཐུན་པའི། །བྱས་ཆོས་མི་ཚེ་འཛད་པའི་རྒྱུ། །རྗེས་ཀྱི་ནང་ནས་གླང་པོ་དང་། །མེ་ཏོག་ནང་ནས་པདྨ་དཀར། །འདུ་ཤེས་ནང་ནས་མི་རྟག་པ། །མཆོག་ཅེས་


LT37_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གཉིས་གཙོ་བོས་གདམས། །སྙིགས་དུས་མི་ཚེ་ཤིན་ཏུ་ཐུང་། །དགུན་གྱི་ཉི་བཞིན་ཡད་ཡུད་འཛད། །བུ་ནོར་ཁང་ཁྱིམ་ཤུལ་དུ་ལུས། །གཅེར་བུ་ལག་པ་སྟོང་པ་རུ། །གཅིག་པུར་འཇིག་རྟེན་ཕ་རོལ་འགྲོ། །དེ་དག་དོན་དུ་སྡིག་སྤྱོད་པའི། །རྣམ་པར་སྨིན་པས་རང་ཉིད་བརླག །མི་རྟག་དྲན་ན་དགོས་མེད་དྲན། །དེ་ཡིས་ཚེ་འདིར་བློ་ལོག་པས། །གང་བྱས་ཆོས་དང་མཐུན་པར་འགྱུར། །ནད་མེད་ཚེ་དང་འབྱོར་པ་སོགས། །བསྒྲུབ་ཕྱིར་ལྟར་སྣང་ཆོས་སྤྱོད་པ། །ནོར་བུ་ཕྱེ་དང་བརྗེས་པ་བཞིན། །དགེ་རྩ་རྣམ་སྨིན་ཆུང་ངུར་འཛད། །སྟོབས་འབྱོར་མངའ་ཐང་སྙན་གྲགས་སོགས། །སྐྱེ་སྔོན་རྣམ་དཀར་བསགས་པའི་འབྲས། །བསོད་ནམས་ལྡན་ན་ཤུགས་ཀྱིས་འབྱུང་། །རྩོལ་བས་བསྒྲུབས་ཀྱང་འགྲུབ་པར་དཀའ། །དགེ་བའི་འཕེན་ཤུགས་ཟད་པ་ན། །དེ་དག་རྨི་ལམ་བཞིན་དུ་ཡལ། །འཇིག་རྟེན་ཕ་རོལ་ལྟ་ཅི་སྨོས། །ད་ལྟ་ཉིད་དུའང་ཕན་མི་འགྱུར། །དེ་བས་ཕུན་སུམ་ཚོགས་འདོད་ན། །ལོ་ཏོག་འདོད་པས་ས་བོན་བཞིན། །སྦྱིན་སོགས་དགེ་ལ་བརྩོན་པར་འཚལ། །དགེ་བས་ཕ་རོལ་ལྟ་ཅི་སྨོས། །སྐྱེ་འདིར་མངོན་སུམ་ཕན་གདགས་འགྱུར། །རང་བློ་ལྐོག་ཏུ་མ་གྱུར་པས། །རང་གི་རྒྱུད་ཚོད་རང་གིས་བཟུང་། །བདག་ནི་སྤྱན་ལྔ་མི་ལྡན་པས། །མི་ཤེས་སྙམ་དུ་ཁེངས་བསྐྱུངས་ལ། །གཞན་གྱི་རྒྱུད་ཚོད་བཟུང་མི་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྣ་ཚོགས་


LT37_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་ཚུལ་སྟོན་པ། །སོ་སྐྱེའི་བློ་ཡིས་མི་རྟོགས་པས། །ཅུང་ཟད་ཁྲོས་སམ་བརྙེས་པས་ཀྱང་། །བསྐལ་པར་དམྱལ་བའི་གནས་སུ་སྐྱེ། །འགྲོ་ཀུན་བདེ་གཤེགས་སྙིང་པོ་ཅན། །མཐར་ནི་འཚང་རྒྱར་འགྱུར་བ་ཉིད། །ཀུན་ལ་དགའ་ཞིང་འདུན་པར་བྱ། །ང་ཉིད་བཟང་ཞེས་གཞན་བརྙེས་པ། །དེ་ཡིས་རང་ཉིད་ཚེ་འདིར་བརླག །ཕྱི་མར་ཡི་དྭགས་འགྲོ་བར་སྐྱེ། །མིར་སྐྱེས་ན་ཡང་བྲན་དུ་འགྱུར། །གཞན་སྐྱོན་བརྟག་ལ་མཁས་པ་རྣམས། །རང་གི་སྐྱོན་ནི་ཡོངས་མི་ཤེས། །གཞན་སྐྱོན་རྟོག་པའང་རང་གི་སྐྱོན། །རང་རྒྱུད་ལས་སུ་རུང་བའི་ཚེ། །སྐྱོན་ཀྱང་ཡོན་ཏན་ཉིད་དུ་འཆར། །གཞན་སྐྱོན་ཇི་ལྟར་ཆེ་ཡང་རུང་། །རང་ལ་གནོད་པ་བྱེད་མི་འགྱུར། །རང་གི་སྐྱོན་གྱིས་རང་ཉིད་བརླག །དེ་བས་རྣམ་ཀུན་རང་སྐྱོན་བརྟག །གཞན་གྱི་སྐྱོན་ནི་ཚོལ་མི་བྱ། །སྤྱིར་ཡང་སྐྱོན་ཡོན་འབྱེད་པར་དཀའ། །སྐྱོན་གྱི་ཕུང་པོ་ཆེན་པོ་ལ། །རྨོངས་པས་ངོ་མཚར་ཉིད་དུ་འཛིན། །སྐལ་ངན་ང་རྒྱལ་ལྡན་པ་དག །ཡོན་ཏན་ལ་ཡང་སྐྱོན་དུ་མཐོང་། །གང་ཟག་མཆོག་ལ་སྐྱོན་བརྗོད་ན། །རང་གི་བསོད་ནམས་ཕྱག་མས་འདེད། །དད་པ་སངས་རྒྱས་ཆོས་ཀྱི་མ། །ཡོན་ཏན་ཀུན་སྐྱེད་ས་གཞི་ཡིན། །དད་དང་གུས་པ་ཚོལ་བར་བྱ། །དེ་བཞིན་གཤེགས་པའི་སྐྱེས་རབས་དང་། །གོང་མའི་རྣམ་ཐར་རིས་མེད་མཇལ། །དེ་ལས་དང་བའི་དད་པ་སྐྱེ། །དགེ་དང་


LT37_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ལས་འབྲས་དང་། །ཆོས་ཀྱི་ཕན་ཡོན་རྟག་ཏུ་བསམ། །ཡིད་ཆེས་དང་སྐྱེ་དེ་དག་ལས། །བྱང་ཆུབ་འདོད་པའི་དད་པ་སྐྱེ། །དད་ལས་མོས་པ་སྐྱེ་འགྱུར་ཞིང་། །མོས་པས་དམ་ཆོས་ཚོལ་བར་བྱེད། །རྒྱལ་བའི་བཀའ་ལ་ཕྱོགས་རིས་མེད། །རིས་སུ་གཅོད་པ་བླུན་པོའི་ལུགས། །བོད་ཀྱི་ཆོས་ལུགས་ཐམས་ཅད་ཀྱང་། །བརྒྱུད་སྲོལ་སོ་སོའི་གང་ཟག་སྟེ། །འབྱུང་ཁུང་ཐུབ་པའི་བཀའ་རུ་གཅིག །བྱང་ཆུབ་ལམ་ནི་ཀུན་ལ་ཡོད། །བཤད་སྒྲུབ་ཕྱག་རྗེས་རེ་ཡང་མཆིས། །གང་ལ་བཟང་དང་ངན་མཐོང་བ། །དེ་བློ་ཕྱོགས་སུ་ལྷུང་བའི་རྟགས། །གཟུ་བོར་གནས་པའི་བློ་ལྡན་ནི། །ནམ་མཁའ་བཞིན་དུ་ཀུན་ལ་སྙོམས། །དེ་བས་དགེ་བའི་བཤེས་གཉེན་ཚོལ། །སྡིག་པའི་བཤེས་གྲོགས་རིང་དུ་སྤོང་། །དགེ་བའི་ལམ་སྟོན་དེ་ནི་བཤེས། །སྡིག་ལ་སྦྱོར་བ་གང་ཡིན་བདུད། །གང་ཞིག་ལྟར་སྣང་ཆོས་སྟོན་ཅིང་། །ཚུལ་འཆོས་ཚེ་འདིའི་ཆེ་ཐབས་བསྒྲུབས། །ཕྱོགས་རིས་ང་རྒྱལ་འདོད་སྲེད་ཆེ། །སྙིང་རྗེ་ཆུང་སོགས་མི་དགེའི་བཤེས། །དེང་སང་དུས་ཀྱི་དབང་གིས་མང་། །དེ་འདྲའི་རྗེས་སུ་ཞུགས་པ་ན། ཁ་ཟས་དུག་ཅན་ཟོས་པ་ལྟར། །འཕྲལ་ལ་བདེ་བ་ལྟར་སྣང་ཡང་། །ནམ་ཕུག་གནོད་པ་ཆེན་པོ་སྐྱེད། །དགེ་བའི་བཤེས་གཉེན་ཡིན་ཕྱིན་ཆད། །གསུང་དེ་ཆོས་དང་མཐུན་པ་དགོས། །སྤྱོད་ལམ་ཙམ་ལ་སྙིང་པོ་མེད། །རྩོད་དང་ཆགས་སྡང་ལྷུར་ལེན་པའི། །


LT37_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་དེ་ཡང་སྤང་བར་བྱ། །ཆགས་དང་སྡང་བས་བསླད་པ་ཡི། །སོ་སྐྱེའི་ཡིད་ལ་མི་འཐད་པ། །དེ་འདྲ་ཆོས་ལོག་ཡིན་ངེས་མེད། །སངས་རྒྱས་གསུང་དང་མི་མཐུན་པ། །སུ་ལ་འདུག་ཀྱང་ལོག་ཆོས་ཡིན། །མདོ་སྔགས་ལྟ་སྤྱོད་དང་འགལ་བ། །སྤྱོད་པ་དེ་དག་ལོག་པའི་བཤེས། ཁལ་བཀལ་དུད་འགྲོ་གསོད་པ་དང་། །སོ་ནམས་ཁེ་སྤོགས་རྔོན་ལ་སོགས། །སྲིད་པའི་ལས་ཡིན་འདི་ནི་འོས། །འདི་འདྲར་སྡིག་པ་མེད་སྨྲ་བ། །དེ་དག་བདུད་ཀྱི་ཕོ་ཉ་ཡིན། །སྡིག་ལ་སྡིག་ཏུ་མ་ཤེས་ན། །དེ་ཡི་སྡིག་པ་མུ་མཐའ་མེད། །སྡིག་ཏུ་ཤེས་ནས་གནོད་ཞིང་འགྱོད། །འབྲས་བུ་ཡང་བ་ཉིད་དུ་འགྱུར། །སྐྲ་དཀར་གཉེར་མ་ལྷགས་པ་དང་། །ནད་སོགས་ལུས་ཀྱི་ལང་ཚོ་ཉམས། །གཞན་དག་ཤི་བ་མཐོང་ཞིང་ཐོས། །ནམ་ཟླ་དུས་བཞིའི་འགྱུར་ལྡོག་སྟོན། །འདི་དག་ལྷ་ཡི་ཕོ་ཉར་གསུངས། །གལ་ཏེ་མཐོ་རིས་འགྲོ་འདོད་ན། །དེ་རྒྱུ་མྱུར་དུ་སྒྲུབས་ཤིག་ཅེས། །ཡང་ཡང་བསྐུལ་བར་བྱེད་པ་བཞིན། །འདི་ཡང་རྒྱལ་བའི་ཕྲིན་ལས་ཡིན། །ཆོས་ལ་བསྐུལ་བའི་གཏམ་སྟེ་དང་པོའོ། །གལ་ཏེ་འཆི་ལ་མི་འཇིགས་ཀྱང་། །ལས་ཀྱི་འབྲས་བུར་འཇིགས་པར་བལྟ། །ལས་འབྲས་མངོན་སུམ་མྱོང་དུས་སུ། །གཞན་ལ་བགོ་བཤའ་བྱར་ཡོད་མིན། །མེད་དང་རླག་པར་བྱེད་མི་ནུས། །རང་གིས་བྱས་པ་རང་ལ་སྨིན། །ནམ་ཡང་ཆུད་ཟོས་འགྱུར་བ་མིན། །


LT37_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིའི་ལྟོ་རྒྱབ་ཙམ་གྱི་ཕྱིར། །ངལ་བ་དུ་མ་ཁྱད་བསད་ན། །འཇིག་རྟེན་ཕ་རོལ་བདེ་བའི་རྒྱུ། །མི་སྒྲུབ་གང་དེ་ཕྱུགས་ལས་བླུན། །ཚེ་འདིར་མི་བདེ་ཆུང་ངུ་ཡང་། །འབད་པ་དུ་མས་སྤོང་བྱེད་ན། །སྐྱེ་བ་གཏན་གྱི་སྡུག་བསྔལ་རྒྱུ། །ཤེས་ལྡན་སུ་ཞིག་སྒྲུབ་པར་ཕོད། །ཟང་ཟིང་ཆུ་ཡི་ལྦུ་བ་འདྲ། །བསག་པ་ཐམས་ཅད་སྡུག་བསྔལ་རྒྱུ། །གང་ལ་ཆོག་ཤེས་མངའ་བ་དེ། །ནོར་བུའི་གཏེར་མཛོད་འཆང་བ་འདྲ། །ཕྱུག་པོ་ཕལ་ཆེར་སེར་སྣས་བཅིངས། །དབུལ་པོ་ལས་ཀྱང་སེམས་ཁོང་དོགས། །དེ་ལྟའི་བསགས་པ་དགྲ་བོས་སྤྱོད། །བརྐམས་ཆགས་མེ་ལྟར་འབར་བའི་ཡིད། །མི་བདེའི་ཟུག་རྔུ་བཅས་ཏེ་འཆི། །ཕ་ཡིས་སྡིག་པས་བསགས་པའི་ནོར། །བུ་ཚ་སོགས་ལ་ཕོག་སྙམ་ཡང་། །སེམས་ཅན་རང་རང་ལས་འབྲས་ལ། །སྤྱོད་པ་ཉིད་ཕྱིར་ཕན་པ་དཀོན། །རང་ལ་སྦྱིན་འབྲས་ཡོད་པ་ན། །དབུལ་པོའི་བུ་ཡང་ཕྱུག་པོར་འགྲོ། །རང་ལ་སྦྱིན་པའི་འབྲས་མེད་ན། །རྒྱལ་རྒྱུད་སྤྲང་དུ་འཁྱམས་པ་མང་། །ཤིན་ཏུ་གཅེས་པའི་དངོས་པོ་དང་། །འབྲལ་མི་ཕོད་པའི་གྲོགས་དག་ཀྱང་། །ནམ་ཞིག་ངེས་པར་བོར་དགོས་ན། །ཐམས་ཅད་གཏོང་བ་མཉམ་པོ་ལ། །སྦྱིན་པས་བསོད་ནམས་ཆེན་པོ་བསྐྱེད། །ཆགས་དང་སེར་སྣས་བསྡོམས་པ་ཡི། །ལོངས་སྤྱོད་རྣམས་ནི་གསོག་ཅིང་འཛད། །ཆགས་མེད་སྦྱིན་ལ་དགའ་བ་རྣམས། །ཇི་ཙམ་གཏོང་བ་དེ་ཙམ་འཕེལ། །རྐུ་འཕྲོག་


LT37_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྣའི་དབང་གིས་ནི། །གསོག་པ་པོ་ལ་སྦྱིན་པོ་ཉུང་། །སྦྱིན་པ་པོ་ལ་སྟེར་བ་མང་། །འབྱོར་པ་སྒྲུབ་ལའང་འགལ་རྐྱེན་མང་། །དེས་ན་འཕྲལ་དང་ཡུན་དག་ཏུ། །བསགས་པ་ཟད་འགྱུར་སྦྱིན་པ་འཕེལ། །ལེགས་སྤྱོད་གཞན་པའང་དེ་དང་མཚུངས། །གཞན་ལ་ཕན་དང་ཕྱི་མར་བདེ། །ལས་དེ་དགེ་བ་ཁོ་ན་ཡིན། །གཞན་ལ་གནོད་ཅིང་ཕ་རོལ་ཏུ། །སྡུག་བསྔལ་རྒྱུར་འགྱུར་མི་དགེ་བ། །ཞིབ་པར་བརྟགས་ནས་བླང་དོར་བྱ། །འཕྲལ་སྣང་ཙམ་ལ་ཡིད་མི་རྟོན། །ཞིང་དང་བསམ་པ་རྣམ་དག་ན། །ནས་བྲེ་གང་གི་སྦྱིན་པས་ཀྱང་། །མཐོ་རིས་བདེ་སྐྱིད་ཚད་མེད་མྱོང་། །བསྙེན་གནས་ཉིན་གཅིག་བསྲུངས་པས་ཀྱང་། །སྲིད་པའི་རྒྱ་མཚོ་རྒལ་བར་བྱེད། །དེ་བཞིན་ལོག་ལྟ་ཡུད་ཅིག་གམ། །ཚིག་རྩུབ་ངག་འཁྱལ་ལན་གཅིག་གིས། །མནར་མེད་དམྱལ་སོགས་ངན་འགྲོར་འགྲོ། །སྲོག་གཅིག་བཅད་པས་སྲོག་གི་ལན། །དགུ་བརྒྱ་དགུ་བཅུ་རྩ་དགུར་འཁོར། །ངན་སོང་སྡུག་བསྔལ་བཟོད་དཀའ་མྱོང་། །དད་པས་རྒྱལ་ལ་དམིགས་པ་ཡི། །མེ་ཏོག་གཅིག་ཙམ་མཁར་ཕུལ་བས། །སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར། །ལས་ཀྱི་ཚུལ་ནི་བསམ་མི་ཁྱབ། །རྣམ་པར་སྨིན་པའང་ཚད་བཟུང་མེད། །དེ་བས་ལས་ལ་ཡིད་ཆེས་བྱོས། །དམག་གི་གཡུལ་ངོ་བཤམ་པ་དང་། །བྱ་དང་རི་དྭགས་རྔོན་པ་དང་། །རྒྱ་ཡིས་ཉ་རྣམས་བཤོར་བ་སྟེ། །


LT37_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་མཐུ་ཆེན་ལས་སུ་གསུངས། །ཚེ་ཐུང་བ་དང་ནད་མང་དང་། །དམྱལ་བར་སྐྱེ་བའི་རྒྱུ་ཆེན་པོ། །རིམས་སོགས་དུས་མིན་འཆི་བ་དང་། །མི་བཟད་སྡུག་བསྔལ་སྣ་ཚོགས་སྐྱེད། །སྲོག་གཅོད་མང་དང་ལོག་གཡེམ་དགའ། །སྐུ་གཟུགས་གླེགས་བམ་མཆོད་རྟེན་བཤིག །དགེ་འདུན་འཚོ་བ་འཕྲོག་བྱེད་པ། །འདི་བཞིས་འཕྲལ་དུ་ཚེ་ཐུང་ཞིང་། །ངན་སོང་གནས་སུ་རྟག་པར་འཁོར། །ངེས་པར་བསད་བྱ་གཏོང་བ་དང་། །དབུལ་པོ་རྣམས་ལ་ཟས་གོས་སྦྱིན། །དཔྱ་ཁྲལ་ཡང་བར་བྱེད་པ་དང་། །ཉ་དང་རི་དྭགས་འཚེ་སྤངས་པ། །འདི་བཞིས་འཆི་བདག་འཕྲལ་དུ་བཟློག །འཁོར་བའི་མཐར་ཐུག་བདེ་བ་འཐོབ། །སྤོང་དང་ཀློག་པའི་སྡེ་འཛུགས་ཤིང་། །རྒྱལ་བའི་གསུང་རབ་གླེགས་བམ་འདྲི། །སྔོན་མེད་གཙུག་ལག་ཁང་བྱེད་པ། །འདི་གསུམ་འདུས་བྱས་དགེ་བ་ནི། །ཀུན་ལས་འཕགས་པའི་བསོད་ནམས་ཡིན། །བླ་མ་དང་ནི་རྟེན་གསུམ་དང་། །དགེ་འདུན་རྣམས་ལ་ཡོན་འབུལ་ཞིང་། །ཕོངས་པའི་ལོངས་སྤྱོད་གཏོང་བར་བྱ། །དགེ་འདུན་ལ་བརྟེན་ཆོས་གནས་པས། །དགེ་དང་སྡིག་པ་གང་བསགས་ཀྱང་། །སྐུ་གཟུགས་མཆོད་རྟེན་སོགས་ལས་ཀྱང་། །རྣམ་སྨིན་དགེ་འདུན་ཁོ་ན་ཆེ། །གཏོང་དང་ཡོངས་སུ་སྤྱད་པ་ཡི། །རྣམ་སྨིན་གཉིས་འཐོབ་གཞན་དག་ལ། །གཏོང་བའི་བསོད་ནམས་འབའ་


LT37_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གོ། །རབ་བྱུང་ཁྱིམ་པར་བཟློག་པ་དང་། །ངུར་སྨྲིག་རྟགས་ཙམ་འཛིན་པ་ཡང་། །རྡེག་གསོད་འཆིང་སོགས་བྱེད་པ་ན། །སེམས་ཅན་དམྱལ་བ་ཆེན་པོར་འགྲོ། །ལྷ་ཁང་རྟེན་གསུམ་ཆོས་སྨྲ་དང་། །དགེ་འདུན་རྣམས་ཀྱི་ལོངས་སྤྱོད་དག། མ་བྱིན་པར་ནི་ལེན་བྱེད་ན། །ལས་འདི་ཤིན་ཏུ་སྦྱང་བར་དཀའ། །སྲོག་ཆགས་བྱེ་བ་གསོད་ཀྱང་སླའི། །དཀོན་མཆོག་གསུམ་ལ་སྡིག་བསགས་པ། །དེ་དག་སྦྱང་དུ་མེད་པར་གསུངས། །ཕ་མ་ནད་པ་མང་དུ་ཐོས། །ཏིང་འཛིན་སྒོམ་དང་ཆོས་སྨྲ་བ། །ཡེ་ཤེས་ལྡན་དང་ཚུལ་ཁྲིམས་ལྡན། །དབུལ་པོ་བླ་མ་དམ་པ་སྟེ། །འདི་དགུ་ཞིང་གི་དམ་པ་ཡིན། །གཟུངས་སྔགས་བཟླ་ཞིང་སཱཙྪ་འདེབས། །མདོ་ཀློག་སྐུ་གཟུགས་གླེགས་བམ་བྱེད། །སེམས་བསྐྱེད་སྟོང་པ་ཉིད་བསྒོམ་པ། །སྡིག་པ་སྦྱང་ལ་སྟོབས་ཆེ་བའི། །གཉེན་པོའི་སྒོ་ནི་དེ་དྲུག་ཡིན། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་ལ། །སྔར་བྱས་སྡིག་ལ་གནོང་ཞིང་འགྱོད། །སྲོག་ལ་བབས་ཀྱང་ཕྱིན་ཆད་བསྡམ། །དགེ་བ་མང་པོའི་གྲོགས་དང་བཅས། །ཁྱད་པར་བཞི་ལྡན་བཤགས་པ་ཡིས། །སྡིག་པའི་རི་བོའང་འཇོམས་པར་ནུས། །ཟླ་རེར་བསྙེན་གནས་ལེན་པ་དང་། །དུས་སུ་འཚེ་བ་ཐམས་ཅད་སྤང་། །དད་པས་དཀོན་མཆོག་རྣམས་ལ་བཀུར། །རྟག་ཏུ་བསམ་པ་བཟང་པོ་བསྟེན། །བྱས་པ་དྲིན་དུ་བཟོ་བ་དེ། །ཁྱིམ་


LT37_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལེགས་སྤྱོད་རྣམ་ལྔ་པོ། །གང་ཞིག་བདག་ཉིད་སྤྱོད་བྱེད་ཅིང་། །གཞན་ཡང་དེ་ལ་འགོད་པ་ན། །ཚེ་རིང་ནད་མེད་གྲགས་པ་འཐོབ། །འཆི་བ་ན་ཡང་མྱ་ངན་ཆུང་། །ཤི་ནས་མཐོ་རིས་གནས་སུ་འགྲོ། །ཆོས་ཀྱིས་ཚེ་འདིར་ཕུན་ཚོགས་འཐོབ། །སྐྱེ་བོ་ཀུན་ཀྱང་དེ་ལ་འདུན། །བདེ་བར་གཉིད་ལོག་བདེ་བར་སད། །འཆི་ཀར་འགྱོད་པ་མི་འབྱུང་ཞིང་། །འཇིག་རྟེན་གཞན་དུ་བདེ་རྒྱས་འགྱུར། །སེམས་ནི་མ་རིག་སྦུབས་སུ་འཐུམས། །ཆགས་སྡང་རྣམ་པར་རྟོག་པས་བཅིངས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །བྱས་ཚད་འཁོར་བ་ངན་སོང་རྒྱུ། །ཟག་བཅས་དགེ་བར་རློམ་རྣམས་ཀྱང་། །འཁོར་བར་འཁྱམས་པའི་རྒྱུ་བྱེད་ན། །ལས་གཞན་ལྟ་ཡང་སྨོས་ཅི་དགོས། །སྡུག་བསྔལ་རྩ་བ་རང་གི་སེམས། །སེམས་ཉིད་དྲི་མ་མེད་པར་འཚལ། །དུག་གི་རྩ་བ་མ་བཙུགས་ན། །སྡོང་པོ་རྒྱས་པར་ག་ལ་འགྱུར། །རྒྱུ་འབྲས་བླང་དོར་ཇི་བཞིན་ཉིད། །འཕགས་མིན་སོ་སྐྱེའི་སྤྱོད་ཡུལ་མིན། །རང་འདོད་གཡོ་ཟོལ་མ་འདྲེས་པའི། །ལྷག་བསམ་རྣམ་པར་དག་པ་ཡིས། །ཅི་བྱས་མཐོ་རིས་ཐར་པའི་རྒྱུ། །དགེ་བ་དེ་ལ་མདོ་རུ་ཟུངས། །ལས་འབྲས་བླང་དོར་གྱི་གཏམ་སྟེ་གཉིས་པའོ། །གང་ཞིག་ཁྱིམ་ན་གནས་པའམ། །རབ་ཏུ་བྱུང་བ་ཡིན་ཀྱང་རུང་། །དམ་པའི་ཆོས་ནི་ཐོས་པར་བྱ། །དམ་ཆོས་ཚིག་གཅིག་ཐོས་


LT37_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀྱང་། །ཐར་པའི་སྒོ་ཆེན་འབྱེད་པར་བྱེད། །ཡིད་ནི་དགེ་བས་འདུན་བྱེད་ཀྱང་། །ཆོས་མི་ཤེས་པ་དམུས་ལོང་འདྲ། །ཚད་མེད་སྙིང་རྗེ་ཆེན་པོ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སྟོང་པ་ཉིད་ལ་བློ་སྦྱོང་བ། །ཐེག་ཆེན་མཐའ་དག་འདིར་འདུས་སོ། །གང་བློ་འདུ་འཛིས་རྣམ་གཡེངས་པ། །དེ་བློ་ཕ་རོལ་ཕྱིན་ལ་སོགས། །དགེ་ཆོས་མང་པོ་སློབ་མི་ནུས། །ཆོས་གཅིག་ལ་ནི་གཡར་དམ་བྱ། །དེ་ནི་བྱང་ཆུབ་སེམས་མཆོག་གོ། །སེམས་བསྐྱེད་རྩ་བ་སྙིང་རྗེ་སྟེ། །དེ་ཡང་བྱམས་པའི་རྒྱུ་ལས་བྱུང་། །ཐོག་མར་དེ་ཉིད་གོམས་པའི་ཕྱིར། །ཉེ་རིང་བར་མའི་འགྲོ་ཀུན་ལ། །སྡང་དང་ཁོང་ཁྲོ་བསྐྱེད་མི་བྱ། །ཞེ་སྡང་སྐད་ཅིག་བསྐྱེད་པས་ཀྱང་། །བསྐལ་པ་མང་པོའི་དགེ་རྩ་གཅོད། །སྲོག་ཆགས་གྲོག་སྦུར་ཚུན་ཆད་རྣམས། །ཕ་མ་ཡིད་འོང་འབའ་ཞིག་བསྒོམ། །གནོད་བྱེད་ལ་ཡང་མི་ཁྲོ་ཞིང་། །གདོད་སོགས་ལ་ཡང་འདྲེར་མི་འཛིན། །རྟག་ཏུ་བྱམས་སེམས་ཁོ་ན་བསྐྱེད། །དེ་ནས་དེ་དག་སྡུག་བསྔལ་བའི། །རྒྱུ་དང་འབྲས་བུའི་ཚུལ་བསམས་པས། །བཟོད་མེད་སྙིང་རྗེ་ཤུགས་ཀྱིས་འབྱུང་། །སྡུག་བསྔལ་དེ་ལས་ཐར་འདོད་བློ། །བཅོས་མིན་སྐྱེས་ཚེ་བྱང་ཆུབ་ཀྱི། །སེམས་མཆོག་བླ་མེད་བསྐྱེད་པར་བགྱི། །དེ་བཞིན་གཤེགས་པས་རྒྱལ་པོ་ལ། །གདམས་པའི་མདོ་ལས་འདི་སྐད་


LT37_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །རྒྱལ་པོ་ཁྱོད་ནི་བྱ་བྱེད་མང་། །སྦྱིན་སོགས་རེ་རེར་སློབ་མི་ནུས། །འགྲོ་འདུག་ཉལ་དང་འགྲེང་ཡང་རུང་། །ཡང་དག་རྫོགས་པའི་བྱང་ཆུབ་ལ། །འདུན་དང་དད་པས་དོན་གཉེར་ཞིང་། །གཞན་གྱི་དགེ་ལ་ཡི་རང་ནས། །རྒྱལ་བ་སྲས་དང་བཅས་ལ་འབུལ། །དགེ་རྩ་དེ་ཡང་འགྲོ་ཀུན་དང་། །ཐུན་མོང་ཉིད་དུ་བྱས་ནས་ནི། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི། །ཆོས་རྣམས་ཡོངས་སུ་རྫོགས་འགྱུར་བར། །དེ་ལྟར་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ལྟར་བྱས་ན་རྒྱལ་སྲིད་ཀྱི། །བྱ་བ་ལས་ཀྱང་མི་ཉམས་ལ། །བྱང་ཆུབ་ཚོགས་ཀྱང་རྫོགས་ཞེས་གདམས། །ཐེག་ཆེན་ཆོས་ཀྱི་སྙིང་པོ་སྟེ། །འདུན་པས་དོན་གཉེར་ཡོད་ཕྱིན་ཆད། །དེ་ཙམ་ཉམས་ལེན་དཀའ་བའང་མིན། །བྱམས་དང་སྙིང་རྗེ་མེད་པའི་མིས། །ཆོས་བྱས་པར་ཡང་གོལ་སར་ལྟུང་། །དེ་བས་སངས་རྒྱས་འདོད་ཕྱིན་ཆད། །སྙིང་རྗེ་ཆེན་པོ་མ་སྤོངས་ཤིག །མི་ནུས་སྙམ་དང་མི་ཁོམ་སྙམ། །གཞན་དབང་ཤོར་དང་ཕྱི་བཤོལ་གུས། །སྒྱིད་ལུག་པ་དང་རང་མཐོང་ཆེ། །མི་བདེན་སྙམ་དང་ལོང་ཡོད་བྱེད། །བརྒྱད་པོ་འདི་ནི་ཆོས་ཀྱི་གེགས། །འཕྲང་འདིར་རང་གཞན་ཐམས་ཅད་འགག །འཆི་ཁར་འགྱོད་མི་དགོས་པ་ཉུང་། །བཟའ་བཏུང་ཙམ་གྱི་ཕྱིར་ཡང་ནི། །གཞན་ལུས་དུམ་བུར་གཏུབ་ཕོད་ཅིང་། །སྲོག་གཅོད་པ་ལ་མཚར་དུ་བརྩི། །སྡིག་ཟས་ཤ་ཁྲག་


LT37_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་ཆད། །ཟུག་རྔུ་ཏིལ་གྱི་ཤུན་པ་ཙམ། །རང་གི་ལུས་སེམས་ཐོག་མི་བཟོད། །བྱང་སེམས་འདི་འདྲར་མཆི་མ་དཀུ། །ཆོས་པ་ཟེར་ཡང་ཚིག་ཙམ་ཡིན། །རྒྱལ་བས་ཡང་ནས་ཡང་བསྔགས་པའི། །ལག་ཏུ་ལོན་ངེས་རྒྱུ་འབྲས་ཀྱི། །སྤང་བླང་རྩ་བཞིན་དོར་ནས་སུ། །ལག་ཏུ་མི་ལོན་རྩ་ཐིག་རླུང་། །བསྐྱེད་རྫོགས་ཆོས་སྐད་མཐོན་པོ་དང་། །ལས་དང་དངོས་གྲུབ་སྒྲུབ་པ་དང་། །གྲུབ་འབྲས་མངོན་ཤེས་རྫུ་འཕྲུལ་སོགས། །དྲན་ཚད་སྨྱོན་པ་ལྟར་སྤྱོད་པའི། །སྙིགས་མའི་ཆོས་པར་ཡིད་བརྟན་མེད། །ཕལ་ཆེར་དེ་འདྲས་བསླུས་པ་མང་། །འོན་ཀྱང་ལོག་ལྟ་སྐུར་འདེབས་སྤང་། །རྗེས་སུ་མི་འཇུག་དག་སྣང་སྦྱོང་། །དེང་སང་སྙིགས་མའི་དུས་འདི་འདྲར། །ལས་འབྲས་ཚུལ་བཞིན་བརྩི་བ་དང་། །རང་འདོད་གཡོ་ཟོལ་མེད་པ་ཞིག། བྱུང་ན་ཀུན་ལས་དེ་ངོ་མཚར། །སྙིང་རྗེས་རང་ལ་བྱམས་པ་དང་། །སྦྱིན་པས་དབང་དུ་འདུ་བ་དང་། །བསྒོམ་བཟླས་དགྲ་གདོན་ཐུལ་བ་སོགས། །བློ་ཆུང་ཕལ་ཆེར་ཆོས་བྱས་པའི། །འབྲས་བུ་ཚེ་འདིའི་བདེ་སྐྱིད་འདོད། །རང་འདོད་ཐོག་ཏུ་མ་ཁེལ་ན། །དགེ་རྩ་བསྒྲུབས་ལ་ཡི་ཆད་བསྒོམ། །ཚེ་འདིའི་བདེ་སྡུག་སྔོན་གྱི་ལས། །ད་ལྟའི་ལས་རྣམས་ཕྱི་མར་སྨིན། །ནམ་ཕུགས་དགེ་འབྲས་མི་བསླུ་བས། །ཕྱི་མ་ཡོད་པར་ཡིད་ཆེས་འཚལ། །ད་རུང་སྤྱོད་མཆོག་


LT37_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུ་ན། །ཞི་གནག་གཡོ་སྒྱུ་སྤངས་པ་ཡི། །རྣམ་ཀུན་རང་སེམས་དྲི་མེད་པ། །ཕན་འདོད་ལྷག་བསམ་དང་ལྡན་པས། །ཕུང་པོ་གསུམ་པའི་མདོ་དང་ནི། །ཡན་ལག་བདུན་པ་ཅི་ནུས་བྱ། །ཟབ་མོའི་སྨོན་ལམ་མང་དུ་གདབ། །བློ་ཡིས་ཇི་ལྟར་ནུས་པ་བཞིན། །སྟོང་པ་ཉིད་དང་སྙིང་རྗེ་བསྒོམ། །ཐར་པར་བགྲོད་པའི་ཉམས་ལེན་ཚང་། །སྟོང་ཉིད་སྒོམ་ལུགས་མང་ཡོད་ཀྱང་། །རང་སེམས་སྟོང་ཉིད་ལེགས་རྟོགས་ན། །འཁོར་འདས་གཉིས་ཀྱི་བར་ལག་འགྱེལ། །འཁྲུལ་གྲོལ་མདུད་པ་རྨང་ནས་ཞིག །སེམས་འདི་གདོད་ནས་སྟོང་ཉིད་ཡིན། །བཅོས་ནས་གསར་དུ་བསྒོམ་པ་མིན། །འཁོར་འདས་སྣང་ཆ་ཅི་ཤར་ཡང་། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས། །གུད་ན་གཅིག་ཀྱང་ཡོད་པ་མིན། །དཔྱད་ནས་སྟོང་ཉིད་བསྒོམ་པ་ཀུན། ཁང་སྟོང་ཕྱི་ནས་བཤིགས་པ་འདྲ། །སེམས་ཐོག་འཇོག་ནས་སྒོམ་བྱེད་པ། ཁང་སྟོང་ནང་དུ་ཕྱིན་དང་མཚུངས། །སྟོང་ཉིད་རྟོགས་ལ་ཉེ་བ་ཡིན། །བདེ་སྡུག་ཀུན་གྱི་བྱེད་པ་པོ། །ད་ལྟའི་རྣམ་པར་རྟོག་འདི་ཡིན། །སྤྲོས་བྲལ་ཆོས་སྐུ་ཟེར་བ་ཡང་། །རིག་སྟོང་ཟང་ཐལ་ལས་གཞན་མེད། །རྣམ་རྟོག་དང་ནི་རང་རིག་ཀྱང་། །བཟང་ངན་ཡ་བྲལ་ཐ་དད་མིན། །རང་ངོ་རིག་དང་མ་རིག་ཁྱད། །གལ་ཏེ་བདག་གིས་ཅི་ནས་ཀྱང་། །རང་གི་སེམས་ཀྱི་གནས་ལུགས་འདི། །རྟོགས་


LT37_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ཞེས་དམ་འཆའ་ན། །ངེས་འབྱུང་བློ་དང་སྙིང་རྗེ་ཆེ། །མོས་གུས་བྱིན་རླབས་འཁུལ་ནུས་ཤིག །མ་སྐྱེས་བར་དུ་གནས་ལུགས་དོན། །ཇི་བཞིན་ཉིད་དུ་མི་རྟོགས་ཤིང་། །ཕྱོགས་ཙམ་མཐོང་བའང་ཡང་དག་མིན། །འཇོག་སྒོམ་པ་ལ་འདི་གལ་ཆེ། །འགྱུ་བྱེད་ཡིད་ཀྱི་ཤེས་པ་ཀུན། །ཕྱི་མ་མ་སྐྱེས་སྔ་མ་འགགས། །བར་དེར་ཅི་ཡང་མི་མནོ་ཡང་། །གསལ་རིག་འགག་པ་མེད་པའི་སེམས། །ཉམས་སུ་མྱོང་ཡང་བརྗོད་པ་བྲལ། །དེ་ལ་ངོས་བཟུང་མེད་པར་ཞོག །དགག་སྒྲུབ་བཟོ་བཅོས་བྱ་མི་འཚལ། །དེ་ལས་རྟོག་པ་ཅི་ཤར་ཡང་། །ངོས་བཟུང་རང་གྲོལ་ངང་དུ་བཞག །འབྱོངས་ན་གཉེན་པོ་མེད་པར་གྲོལ། །བདེ་སྡུག་ཆགས་སྡང་ཉོན་མོངས་སོགས། །མྱོང་མཁན་ངོ་བོ་རྩད་བཅད་ལ། །ཤེས་པས་ཡུལ་ཕྱིར་མི་འབྲང་བར། །གཤིས་ལུགས་སྟོང་པའི་ངང་དུ་གཞི་ལ། །གོམས་ནས་སྐྱོན་དུ་མི་བལྟ་བར། །ཐད་སོར་བཞག་པས་སྣང་བ་ཉིད། །རང་ལོག་ཡེ་ཤེས་ཆེན་པོར་འཆར། །རྣམ་རྟོག་བསྐྱར་གྲོལ་མེད་པའི་ཚེ། །ལས་དང་རྣམ་སྨིན་དབྱིངས་སུ་ཞི། །དེ་བར་སྟོང་ཉིད་ཕྱོགས་མཐོང་ཡང་། །ལས་དང་རྣམ་སྨིན་དག་ལ་འཛེམ། །འགྱུར་མེད་རིག་པ་སོ་ཟིན་ན། །ཆོས་སྐུ་ལྷུན་གྲུབ་ཆེན་པོར་འབྱམས། །དེ་བར་བསྒོམ་དུ་མེད་འདྲ་ཡང་། །མོས་གུས་དྲན་ཤེས་མི་འབྲལ་གཅེས། །རང་


LT37_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྒོམ་དུ་ཤར་བའི་ཚེ། །ཉམས་ལེན་གཞན་ནས་ཚོལ་མི་དགོས། །འཆར་སྒོ་ཐམས་ཅད་སྟོང་པའི་རྩལ། །ཤར་དུས་ཉིད་ནས་རང་གྲོལ་གྱི། །གནད་མཚངས་ཇི་བཞིན་རིག་པའི་ཚེ། །རྗེས་འདེད་བྱིས་པའི་ལས་སུ་གོ། །ངོ་ཤེས་ཙམ་གྱིས་ཆོག་གོ་ལོ། །རྣམ་རྟོག་ཁ་ཡན་སྨྱོན་པའི་ལས། །མ་བཅོས་སོ་མར་རློམ་ན་འཁྲུལ། །གང་ཤར་དེ་ཀས་ཆོག་པ་ནི། །མི་བསྒོམ་སྒོམ་པའི་མཆོག་ཡིན་ཀྱང་། །རང་རིག་ངོ་བོ་མ་འཁྲུལ་དགོས། །འཁྲུལ་ན་དོན་མེད་ལུང་མ་བསྟན། །འཁྲུལ་ཡང་ཆོག་པའི་ཐག་ཆོད་ཅན། །སྒོམ་ཆེན་ཚད་དུ་ཕྱིན་པ་ཡིན། །རང་སེམས་གནས་སམ་འགྱུ་ཡང་རུང་། །དྲན་པ་ཡེངས་མེད་ཐབས་ཀྱི་མཆོག །ཡེངས་ཀྱང་མ་འཁྲུལ་གདིང་རྙེད་ན། །གནས་པ་ལོགས་སུ་ཚོལ་མི་དགོས། །རྣམ་རྟོག་བྱེད་རྩོལ་ཅི་ཡང་རུང་། །ཤར་དང་བྱེད་ལས་ཐིམ་པ་ཀུན། །དབྱིངས་ལས་རྡུལ་ཙམ་མ་གཡོས་པར། །རྟོགས་ནས་བྱ་རྒྱུ་ཟད་པ་ན། །བསྒོམ་བྱ་སྒོམ་བྱེད་རང་སར་དག །མ་བཅོས་སོ་མའང་མིང་དུ་ཟད། །སྣང་བ་སྒོམ་དུ་འཆར་ཞེས་གྲགས། །འོན་ཀྱང་དེ་ལྟར་རྟོགས་པ་ལ། །སྒོམ་གྱི་མགོ་རྐང་ཚང་བ་ཡིས། །བྱེད་བློ་རང་སར་གྲོལ་གྲོལ་དུ། །བསྒོམ་སྐྱེས་བདག་མེད་མ་སོང་བར། །ཡུགས་ས་དྭ་ཕྲུག་འཚོ་བ་བཞིན། །སྐྱོང་བྲན་བརྩོན་མཐར་ཕྱིན་པ་དགོས། །སྒྲ་ཕྱིར་འབྲངས་པའི་གོ་ཡུལ་དང་། །རྟོག་དཔྱོད་བློ་ཡིས་དོན་མི་མཐོང་། །རང་སེམས་སྐྱོང་མ་ཐག་པ་


LT37_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གནས་ལུགས་ཇི་བཞིན་རྟོགས་མིན་ཀྱང་། །ཐོག་མར་དོན་སྤྱིའི་ཚུལ་དུ་གོ། །བར་དུ་ཕྱོགས་ཙམ་ཉམས་སུ་མྱོང་། །ཐ་མར་ཇི་བཞིན་རྟོགས་ནས་སུ། །ཚིག་དང་དཔེ་ལས་འདས་པ་ཡི། །སྟོང་ཉིད་དོན་གྱི་དམ་པ་རྟོགས། །རེ་དོགས་འཕྲང་ལས་ཐར་བར་འགྱུར། །བདེན་ཞེན་ཨ་འཐས་ཕྱིར་ཕྱིར་དམ། །གལ་ཆེན་བྱ་བ་ཉིན་བཞིན་འཕེལ། །ཆོས་བརྒྱད་ངལ་སྟེགས་བཅས་བཞིན་དུ། །གནས་ལུགས་རྟོགས་པར་རློམ་རྣམས་འཁྲུལ། །ཆོས་པ་རབ་མཐའ་འཇལ་བའི་སྲང་། །སྣང་བར་བདེན་འཛིན་ཆེ་ཆུང་ཡིན། །སྣང་བ་སྒྱུ་མས་བསླུས་ལྟར་སོང་། །གང་ལའང་ཆེད་དུ་མི་འཛིན་ཅིང་། །རློམས་སེམས་ང་རྒྱལ་དབྱིངས་སུ་ཟད། །སྒོམ་པ་གོམས་པའི་གྲུབ་རྟགས་སོ། །ཉམས་ལེན་སྙིང་པོ་བསྡུས་པའི་གཏམ་ཏེ་གསུམ་པའོ། །ལུགས་ཀྱི་བསྟན་བཅོས་ངོ་མཚར་བ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །ཆོས་རྒྱལ་མེས་དབོན་ལ་སོགས་པས། །བཀའ་ཡི་ཁྲིམས་ཡིག་རིམ་པར་མཛད། །དེང་སང་དུས་མཐའ་ཆེས་སྙིགས་པས། །ལུགས་བཞིན་སྤྱོད་པ་ཆེས་དཀོན་ཀྱང་། །ཆེན་པོ་ལུགས་བཞིན་མི་སྤྱོད་ན། །ཕལ་པ་རྣམས་ནི་དེ་བས་ཐུ། །ཐམས་ཅད་ལུགས་ལས་འགོང་བ་ན། །སུ་ལའང་བདེ་སྐྱིད་མི་འབྱུང་ངོ། །སྙིགས་དུས་ངན་པར་སྤྱོད་མང་བ། །སྤྱི་ཡི་ལས་ཡིན་ལྡོག་མེད་ཀྱང་། །སོ་སོས་ལེགས་པར་སྤྱད་པ་ན། །སོ་སོའི་ཐད་དུ་བདེ་སྐྱིད་འབྱུང་། །སྔོན་གྱི་སྲོག་ཆགས་


LT37_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པོ་བཞིན། །དེ་བས་ཕྱག་ཏུ་བླང་འོས་ལ། །ལུགས་ཤེས་རྣམས་ཀྱི་བསྟན་བཅོས་ནི། །འབྲལ་མེད་བསྟེན་བྱ་དེ་དག་ཀྱང་། །གླེགས་བམ་ཀློག་པ་ཙམ་མིན་པར། །ཆེ་ཐང་ཉམས་སུ་བཞེས་པར་རིགས། །བློ་ཆུང་ང་རྒྱལ་ཅན་དག་ནི། །ཕན་དང་དྲང་པོར་སྨྲ་ལ་ཁྲོ། །གཡོན་ཅན་ངོ་བསྟོད་བྱེད་ལ་དགའ། །ནམ་ཕུགས་རང་གཞན་གཉིས་ཀ་བརླག །བློ་ལྡན་བདག་ལ་བྱམས་པ་ཡི། །ཚིག་རྣམས་ཁྱད་དུ་གསོད་མི་བྱ། །རང་ལ་དཔྱོད་པའི་བློ་མེད་ཅིང་། །ཕན་པར་སྨྲས་པའང་མི་ཉན་ན། །ནམ་ཡང་ལེགས་པར་མི་འབྱུང་ཞིང་། །གནོད་པའི་རྒྱུན་དག་འབབ་པར་འགྱུར། །རྒྱལ་སྲིད་ཆོས་བཞིན་སྐྱོང་འགྱུར་ན། །རང་གཞན་ཕན་པ་ཀུན་གྱི་གཏེར། །ཆོས་མི་ལྡན་པའི་རྒྱལ་སྲིད་ནི། །འཁོར་བཅས་དམྱལ་བར་འགྲོ་བའི་རྒྱུ། །ཆོས་ལྡན་རྒྱལ་པོའི་སྔོན་གྱི་སྲོལ། །ཕྲ་མོ་ཙམ་ཡང་བསྣུབ་མི་བྱ། །འབྲས་ལྡན་ལྗོན་ཤིང་བཅད་དང་མཚུངས། །མི་འོས་ལུགས་སྲོལ་གསར་པ་ནི། །དོ་གལ་ཆེ་ཡང་བཞག་མི་བྱ། །དུག་གི་ས་བོན་བཏབ་དང་མཚུངས། །རང་གི་འབྱོར་པས་ཆོག་མི་ཤེས། །གཞན་གྱི་དཔལ་ལ་ཤིན་ཏུ་སྡང་། །འཁོར་དང་འབངས་ལ་མི་བྱམས་ཤིང་། །ཡོན་པོའི་ཁྲིམས་ལ་དགའ་བ་ཡི། །རྒྱལ་སྲིད་སྟོན་ཀའི་སྤྲིན་ལྟར་གཡོ། །འབངས་རྣམས་ཉམ་ཐག་སྡུག་བསྔལ་ན། །རྗེ་བོ་ལ་ནི་གུས་མེད་འགྱུར། །མངའ་འབངས་གུས་པར་མི་བྱེད་ན། །གཙོ་བོའི་དཔལ་ཡང་རྨི་ལམ་འདྲ། །


LT37_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ན་གཞན་གྱི་ནོར་ལ་བརྐམ། །འབྱོར་དང་ལྡན་ནའང་དགྲ་ལ་དོགས། །ཇི་ལྟར་བྱས་ཀྱང་ཟུག་རྔུ་ཅན། །དེ་བློ་ནམ་ཡང་བདེ་མི་འབྱུང་། །བདག་ཉིད་ནོར་ལ་དགའ་བ་བཞིན། །འགྲོ་བ་རྣམས་ཀྱང་དེ་ལ་དགའ། །ཉེས་པ་ཕྲ་མོར་བསྙད་འདོགས་ནས། །གཞན་ནོར་འཕྲོག་པར་མི་བགྱིའོ། །མངའ་འབངས་ཤིན་ཏུ་ཕུན་ཚོགས་ན། །རྒྱལ་པོའི་ཕུན་ཚོགས་དེ་ཉིད་ཡིན། །འབངས་འཁོར་ཐམས་ཅད་དབུལ་གྱུར་ན། །རྒྱལ་སྲིད་མར་ངོའི་ཟླ་དང་མཚུངས། །སྤྱོད་ངན་འཕེལ་ན་ཀུན་ལ་གནོད། །དེ་ཡང་སྲོག་ལ་མི་གནོད་པར། །ཕྱི་མཐའ་ཁེགས་པའི་ཚར་གཅོད་བགྱིད། །སྲོག་ནི་བདག་ལ་གཅེས་པ་བཞིན། །གཞན་ཡང་ཤིན་ཏུ་གཅེས་པ་ལགས། །བྱ་བ་ཆེ་ཕྲ་གང་ཡིན་ཀྱང་། །ཐམས་ཅད་ཤིན་ཏུ་མ་བརྟགས་པར། །མོད་ལ་བརྩམ་པར་མི་བྱེད་ཅིང་། །བརྩམས་ནས་དེ་ཉིད་མཐའ་རུ་དབྱུང་། །དེ་བཞིན་ཉེ་རིང་སུ་ཡང་རུང་། །ལེགས་ཉེས་བར་མའི་ཚིག་སྨྲས་པ། །བརྟགས་ནས་ངེས་ཤེས་འདྲོངས་ཀྱི་བར། །བླང་དང་དོར་དང་བརྙས་མི་བགྱི། །མང་ཐོས་བློ་གྲོས་སྟོབས་ལ་སོགས། །ཡོན་ཏན་ལྡན་ན་ཀུན་གྱིས་བཀུར། །ཡོན་ཏན་མེད་ན་སུས་ཀྱང་བརྙས། །དེ་བས་རང་རྒྱུད་ཡོན་ཏན་སྤེལ། །ནོར་དང་ལྡན་ལ་སྐྱེ་བོ་དགའ། །དྲིན་དང་ལྡན་ལ་དེ་ལྟར་མིན། །ཡ་རབ་བློ་དང་ལྡན་པ་རྣམས། །ནོར་ལྡན་སྤངས་ནས་དྲིན་ལྡན་ཚོལ། །ཐ་ཤལ་བྱས་


LT37_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་བཟོ་བས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ། །གནོད་ལན་ཕན་པས་འཇལ་བ་ནི། །དམ་པའི་སྤྱོད་བཟང་བླ་ན་མེད། །རང་གིས་བྱ་བ་ཉེས་པ་ལ། །གཞན་གྱིས་གཤེ་ཡང་ཁྲོ་མི་བགྱིད། །དེ་ཉིད་གཞན་གྱི་སྐྱོན་མ་ཡིན། །རང་གི་བློ་གྲོས་ཉེས་པའི་སྐྱོན། །དེ་ལ་བརྟེན་ནས་བསམ་སྦྱོར་ནི། །ཕྱིན་ཆད་ཤིན་ཏུ་བག་ཡོད་བྱ། །ཚིག་རྩུབ་ཀྱིས་ནི་ཀུན་དང་འགྲས། །བདེན་པར་སྨྲས་པས་སྐྱོན་ཅན་འཁྲུགས། །ལྐོག་ལབ་མང་ན་མི་རྩིས་ཆུང་། །རྫུན་གྱིས་རང་གཞན་གཉིས་ཀ་བསླུ། །སྨ་མང་རང་གཞན་རྒྱུད་དཀྲུགས་པས། །མང་པོའི་ནང་དུ་ངག་བསྲུང་ལ། །གཅིག་པུར་སྡོད་ན་སྤྱོད་ལམ་བསྲུང་། །རྣམ་པ་ཀུན་ཏུ་རང་གི་སེམས། །ལེགས་པར་བསྲུང་བ་ཉིད་དུ་བྱ། །དེ་ཡིས་རང་ཉིད་མི་ཉམས་ལ། །མང་པོས་བཀུར་བའི་འོས་སུ་འགྱུར། །གཡོ་སྒྱུས་ཐོག་མར་གཞན་བསླུ་ལ། །མཐར་ནི་རང་ཉིད་སླུ་བར་བྱེད། །གཡོ་མེད་དྲང་པོར་སྤྱོད་པ་དེ། །རེ་ཞིག་ཕམ་ཡང་མཐའ་མར་རྒྱལ། །དེ་བས་གཡོ་སྒྱུ་སྤངས་ནས་ནི། །ཞི་དེས་གསང་པོའི་ཚུལ་དུ་སྤྱོད། །ཀུན་གྱི་བློ་གཏད་རུང་བར་འགྱུར། །སྔར་འདྲིས་སྤང་ཞིང་གསར་པ་ཚོལ། །ངོ་ཚ་མེད་ཅིང་ཕྱི་ཐག་ཐུང་། །བརྩམ་པ་གང་ཡང་མཐར་མི་འདོན། །གོ་ས་མཐོ་ལ་ཤེས་སྒོ་དམའ། །སྙན་གྲགས་ཆེ་ལ་ཡོན་ཏན་ཆུང་། །ཞེ་འདོད་རང་གི་ཕུག་ཏུ་བཅུག །གྱོད་ཁ་དོན་མེད་གཞན་ལ་བཀལ། །


LT37_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཕྱོགས་མིན་ལ་སྐུར་པ་འདེབས། །ལེགས་པར་བཤད་རྣམས་སུན་འབྱིན་བྱེད། །ཕན་པར་བསླབ་ན་དགྲ་རུ་འཛིན། །བློ་གཏད་བཅས་པའི་སྙིང་རྐུ་ཞིང་། །གསང་གཏམ་དགྲ་ཡི་གམ་དུ་འཆད། །ཀོ་ལོང་དམ་ལ་ཟུར་མགོ་རགས། །གཤིས་ངན་སུས་ཀྱང་འགྲོགས་པར་དཀའ། །བཅོལ་ན་མི་ཉན་བཞག་ན་སློང་། །བསྡུས་ན་འབྲོས་ལ་བཏང་ན་འདུ། །བྱས་ན་རུང་ཀུན་མི་བྱེད་པར། །མི་འོས་བྱ་བ་ཅི་ཡང་བྱེད། །ཀྱེ་མ་དུས་ངན་ཤུགས་བདོ་བས། །མ་རབས་རྣམས་ནི་དབུ་འཕང་མཐོ། །སྡུག་བསྔལ་ཐམས་ཅད་བདེ་བར་འཁྲུལ། །ངན་པར་སྤྱོད་རྣམས་བཟང་པོར་རློམ། །ཆོས་པ་ཆོས་བཞིན་སྤྱོད་པ་དང་། །སྐྱེ་བོ་ལུགས་བཞིན་བྱེད་པ་ནི། །ཉིན་མོའི་སྐར་མ་བཞིན་དུ་དཀོན། །འོན་ཀྱང་ཆོས་མཐུན་སྤྱོད་བྱེད་ན། །དུས་ཀྱི་འགྱུར་བས་གོ་མི་འགེགས། །ས་ཆེན་དབང་བའི་མི་དཔོན་དང་། །སྲོག་ཆགས་གྲོག་སྤུར་ཕྲ་མོ་གཉིས། །ཕྱི་མའི་གདིང་ལ་ཁྱད་མེད་ཅིང་། །སྣང་བ་འདི་དག་རྨི་ལམ་འདྲ། །ཡད་ཡུད་ཡིན་ཏེ་རྟག་པ་མེད། །གང་ལའང་ཡིད་བརྟན་མི་ཐུབ་པས། །ཞེན་མེད་ལེགས་སྤྱོད་ལམ་དུ་བྱ། །ལུགས་ཀྱི་བླང་དོར་ལས་འཕྲོས་པའི་གཏམ་སྟེ་བཞི་པའོ། །ཆོས་དང་སྲིད་ཀྱི་རིང་ལུགས་ལ། །གཟིགས་པ་བརྒྱ་ཡིས་སྤྲས་པའི་སྤྱན། །ཉི་ཚེའི་ཚིག་ལ་ལྟོས་མིན་ཀྱང་། །འདི་ཙམ་


LT37_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རུ་བསྡུས་པའི་ཚིག །གསུང་བཟད་མི་ལྡོག་ཕྱིར་དུ་སྨྲས། །ཁོ་བོ་དམ་པ་མ་ཡིན་ཞིང་། །ལུགས་ཤེས་མཁས་པར་ཆུད་པའང་མིན། །འོན་ཀྱང་དྲི་མེད་གཞུང་ལུགས་ནི། །མང་ཐོས་དཔང་པོར་བཞག་སྟེ་བྲིས། །མདོ་སྨད་ས་ཡི་ཐིག་ལེ་ནི། །སྡེ་བཞི་དགེ་བཅུས་སྐྱོང་མཛད་པའི། །ས་སྐྱོང་རྒྱལ་པོའི་འདུན་ན་འདོན། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་བཞིན་དུ། །དགེ་ལ་རྟག་ཏུ་ཐུགས་གཞོལ་བ། །གཉེར་ཆེན་བསོད་ནམས་གསུང་བསྐུལ་ངོར། །མང་དུ་ཐོས་པའི་དགེ་སྦྱོང་གཟུགས། །ངག་དབང་ཡོན་ཏན་རྒྱ་མཚོས་བྲིས། །ཀུན་ཀྱང་ལེགས་སྤྱོད་བརྟུལ་ཞུགས་ཀྱིས། །ཐར་པར་བགྲོད་པའི་རྐྱེན་དུ་ཤོག །དགེ་ལེགས་འཕེལ། །


previousབསླབ་བྱ་ལེགས་པར་བརྗོད་པ་སྐབས་བཞི་པ།next