Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ།
   
   
   
   
   
   
   


 
previousཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ།next

ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ།


LT37_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ཞེས་བྱ་བ་བཞུགས་སོ།། །།


LT37_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བརྟན་ཡོངས་སུ་གྲུབ་པའི་ཡེ་ཤེས་དང་། །ཤིན་ཏུ་དག་པའི་གསང་བ་དབྱེར་མེད་པས། །


LT37_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

། ཁྱབ་བདག་གདོད་མ་ཉིད་ནས་ལྷུན་གྲུབ་པ། །ཟུང་འཇུག་རྡོ་རྗེ་འཆང་དབང་ཞབས་པདྨོར། །


LT37_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པའི་དེ་ཉིད་གཏིང་ཕྱིན་ཞིང་། །ཆོས་རྗེས་འབྲངས་སོགས་དབང་པོའི་སྐལ་པས་བསྐལ། །མོས་པ་ཁོ་ནའི་རྗེས་བྱེད་མེ་ཁྱེར་ཟུང་། །རང་ཉིད་ལྷག་བསམ་བགྲོད་པ་མཚོན་འདོད་ནས། ༢ །མཆོད་པའི་བཀོད་པ་བསྔགས་པའི་རོལ་མོ་དང་། །བསྐུལ་དང་གསོལ་བ་འཇམ་དཔལ་དཔའ་བོ་ཡི། །རྗེས་སློབ་ཕྲ་ལའང་ཆེན་པོར་འདུ་ཤེས་ཏེ། །སྤྲོ་བ་བརྟས་ཀྱི་ཐུགས་རྗེ་ཆེན་པོས་དགོངས། ༣ །བསམ་ལས་འདས་པའི་ཡེ་ཤེས་ཆུ་ཀླུང་སྙེད། །ཀུན་མཁྱེན་རྒྱ་མཚོར་མཉམ་པ་ཉིད་སྡུད་པས། །རྡོ་རྗེ་འཛིན་པའི་གསང་བའི་འདྲ་བ། །གསང་བའི་བདག་པོར་གྱུར་པས་གཏིང་མི་རྙེད། ༤ །མ་ཕམ་པ་དང་ཐོད་ཕྲེང་རྩལ་ལ་སོགས། །སྲིད་མཚོ་སྐེམ་པའི་བརྟུལ་ཞུགས་ཉི་མ་བརྒྱ། །འཁོར་བ་ཞི་བའི་ཀུན་གསལ་ཀུན་ཁྱབ་ཀྱང་། །མོས་པའི་བུ་གར་མགོན་པོའི་གསང་བ་གསལ། ༥ །སྐྱེ་བའི་རྩ་བ་བཅད་ཀྱང་ཡང་དག་རིགས་བརྒྱ་སྤྲོ། །ཏིང་འཛིན་རི་ལྟར་བརྟན་ཀྱང་ཐུགས་རྗེ་ཀུན་ཏུ་གཡོ། །ཤེས་བྱ་མ་འདྲེས་གཟིགས་ཀྱང་ཤེས་པ་དམིགས་པ་མེད། །ཡེ་ཤེས་གཅིག་གི་དངོས་ཀྱང་ཀུན་གྱི་སྲོག་ཏུ་ཞུགས། །ཐོས་པས་སྤྲོ་སྐྱེད་མཐོང་བས་དད་པར་མཛད། །བསྟེན་པས་རྣམ་གྲོལ་དད་པས་མི་འཇིགས་སྦྱིན། །མོས་པས་སྡིག་འཕྲོག་བསམ་པས་ཡེ་ཤེས་འབེབས། །རྒྱལ་བ་མགོན་པོའི་རྣམ་ཐར་རྣམ་པར་སྟོན། ༧ །མངའ་བདག་ལོ་ཙཱར་སྤྲུལ་ནས་གྲུབ་ཐོབ་ཀྱི། །ཆུ་རྒྱུན་གངས་རིའི་ལྗོངས་སུ་དྲངས་བྱས་ཏེ། །བསྟན་པ་ཇི་སྲིད་རང་བསྟན་རྒྱུན་སྐྱོང་ཕྱིར། །


LT37_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུའང་སྣ་ཚོགས་རོལ་པའི་གར་མཛད་དོ། །སྒྲུབ་བརྒྱུད་ཡིད་བཞིན་ནོར་བུའི་ཕྲེང་བའི་གྲངས། །མཛེས་བྱེད་དོན་བརྒྱུད་ཡེ་ཤེས་ཟིལ་ཆེན་པོས། །སྐལ་བ་ལྡན་ལ་འདོད་རྒུ་སྩལ་བ་ཡི། །བཀའ་དྲན་ནམ་མཁའི་ཁྱོན་ལས་འདས་སམ་སྙམ། ༩ །གཞན་གྱི་དོན་ཕྱིར་སྐྱོ་དང་དུབ་མེད་པར། །དབང་བཅུའི་བདག་ཉིད་ཡིན་ལ་ཡིན་བཞིན་ཏུ། །ཚེ་དང་ཡོ་བྱད་ཕྲིན་ལས་མཐར་ཕྱིན་པས། །གདུལ་བྱ་རྣམས་ཀྱང་བསོད་ནམས་སྐལ་པ་སྦོམ། ༡༠ །མཛད་པའི་ཆ་ཤས་རེ་རེའི་སྣང་བས་ཀྱང་། །ས་གསུམ་སྐྱེ་དགུའི་ཐར་པའི་མིག་ཕྱེས་པས། །ལྷ་དང་བཅས་པའི་ལམ་མཁན་གཅིག་པུ་ཞེས། །གྲགས་པའི་རྔ་ཆེན་ཞིང་ཁམས་རྒྱ་མཚོར་སྙན། ༡༡ །ཨ་ཧོ་སྙིགས་མའི་མུན་པས་མི་བརྫི་བར། །སྤངས་རྟོགས་གཟི་བརྗིད་འབར་བའི་རྟ་ལྗང་བས། །སྣང་བ་རྣམས་ཀྱང་སྣང་བྱེད་དཔལ་སྟེར་བ། །གྲུབ་པས་བསྒྲུབ་པའི་གསེར་འགྱུར་རྩི་མཆོག་བཞིན། ༡༢། དེ་བས་ཐུགས་རྗེའི་ཉི་ཟེར་བདལ་བ་དང་། །མི་ཕྱེད་མོས་པའི་འདབ་བརྒྱ་བཞད་པ་དང་། །བསོད་ནམས་དམ་པའི་སྦྲང་རྩི་འཇོ་བ་ཡིས། །གཏན་འདུན་དཔྱིད་ཀྱི་དགའ་སྟོན་གཅིག་ཆར་བྱུང་། ༡༣། འདི་ལྟར་ཐུགས་རྗེ་ཆེན་པོའི་གཞན་དབང་ཅན་རྣམས་ནི་འགྲོ་ལ་ཕན་པ་འབའ་ཞིག་ལྷུར་མཛད་པ་ཆོས་ཉིད་ཡིན་པས། །མགོན་པོ་གང་ཉིད་གདོད་ནས་སྲིད་པའི་རྩ་བ་ནི་བཅད། །ལེན་པ་མེད་པར་ཐུགས་རྣམ་པར་ནི་གྲོལ། །སྲིད་པ་དང་ཞི་བ་མཉམ་པ་ཉིད་དུ་ནི་གཟིགས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྒྱས་


LT37_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོ་ཀུན་ལ་ནི་ཐེབས། །འགྱུར་བ་མི་མངའ་བ་བདེ་ཆེན་རྡོ་རྗེ་སེམས་དཔའི་གྲུབ་མཐར་ཡེ་གདོད་མ་ནས་བཞུགས་ཏེ། མ་རིག་པའི་རྒྱ་མཚོར་ཉོན་མོངས་པའི་རླབས་ཀྱིས་དུབ་པའི་འགྲོ་བ་མཐའ་དག་རང་ཉིད་ཀྱི་རྒྱལ་ཐབས་སུ་གདོན་པའི་ཕྲིན་ལས་ནམ་མཁའི་མཐའ། ཆོས་ཀྱི་དབྱིངས། འཁོར་བའི་མུ་མཐར་ཐུག་གི་བར་དུ་མི་ཟད་པ་རྒྱན་གྱི་འཁོར་ལོར་སྒྱུར་བ་ལས། དེང་ཡང་། བདག་ཅག་རྣམས་ཀྱིས་གསོལ་བའི་ཚིག་ཇི་ལྟར་བཏབ་པ་བཞིན། ཟུང་འཇུག་གི་གོ་འཕང་ཆེན་པོ་གྲུབ་པའི་རྡོ་རྗེའི་སློབ་དཔོན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་དོན་གྱི་ཡེ་ཤེས་འཕོ་བའི་དབང་བསྐུར་ཟབ་མོས་རྗེས་འཛིན་གྱིས་སྙིང་པོའི་བསྟན་པ་རིན་པོ་ཆེ་མཇལ་བ་དོན་ལྡན་ཏུ་གནང་གྲུབ་པའི་བཀའ་དྲིན་ནམ་མཁའི་ཁོངས་སུ་རིན་ཐང་མེད་པའི་རིན་ཆེན་གྱི་ཕུང་པོ་ཕྱུར་བུར་བརྩེགས་རུང་གཞལ་བར་མི་གཟོད་ཀྱང་དད་བློས་དྲངས་པའི་མཆོད་འབུལ་མཚོན་བྱེད་དང་། ལྷག་པར་ཡང་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། སྒྲུབ་བརྒྱུད་ངེས་དོན་སྙིང་པོའི་རིང་ལུགས་ཀྱི་ཉིན་མོར་བྱེད་པ། སྙིགས་མའི་འགྲོ་བ་སྤྱི་དང་། བདག་ཅག་སྐྱབས་འོག་ཏུ་གྱུར་པ་རྣམས་ཀྱི་སྐྱབས་མགོན་དཔུང་གཉེན་གཅིག་པུ་པ་ཐུབ་པའི་བསྟན་འཛིན། མ་ཕམ་པའི་ཞལ་སྐྱིན། པདྨཱ་ཀ་རའི་རྒྱལ་ཚབ། རྡོ་རྗེ་འཆང་ཆེན་པོར་ལྷུན་གྱིས་གྲུབ་པ་གང་གི་གསང་བ་གསུམ་པོ་གདོད་ནས་རྟག་པ་དམ་པ་ལས་མ་གཡོས་ཀྱང་། ཚུར་མཐོང་གདུལ་བྱའི་ངོར་ཡང་ནམ་མཁའ་དང་ཉི་ཟླའི་བགྲོད་པ་ཇི་སྲིད་དེ་


LT37_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིང་ཁམས་དང་གདུལ་བྱ་གཞན་དུ་མི་གཡོ་བར་ཚེ་དང་ཡེ་ཤེས་འོད་དཔག་མེད་པའི་ངོ་བོར་རྟག་ཏུ་རབ་ཏུ་འཚོ་ཞིང་གཞེས་ལ་བཞུགས་པར་གསོལ་བ་གཅམ་བུ་མིན་པར་སྙིང་ནས་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་ནང་མཛོད་སྲིད་དུ་རིང་བ། སྐུ་རྟེན་བླ་མ་དགོངས་འདུས་ལྷ་ཚོགས་ཉིས་བརྒྱ་ཉེར་ལྔ་བཀའ་སྲུང་ཆོས་སྲུང་གཏེར་སྲུང་བཅས་པའི་ཞལ་ཐང་གྲ་ཚར་བཅུ་གཅིག །བཟང་གོས་གོང་ཤམ་སྨན་རྙིང་ཞལ་ཁེབས་གསེར་དངུལ་བཀྲ་མའི་སྒྲིལ་ཏོག་སོགས་ཀྱི་རྒྱན་ལྡན་སྤུས་ལེགས། གསུང་རྟེན་དགོངས་འདུས་གསེར་ཆོས་པུ་སྟ་ཀ་བཅུ་གསུམ། ཨ་ག་རུའི་གླེགས་ཤིང་ལ་གཙོ་འཁོར་ཕྱག་མཚན་དང་སྙིང་པོ་གསེར་གྱིས་བྲིས་པ། ཏོང་སྐུད་གླེགས་ཐག །བཟང་གོས་གདོང་དར་དང་དྲིལ་ཚལ། ཁ་ཆེ་རས་ཀྱི་ཕྱི་གཡོགས་སོགས་ཆ་ཚང་དངོས་གཙང་། ཐུགས་རྟེན་ནང་གཞུག་ལྡན་པའི་སཱཙྪ་འབུམ་ཕྲག་གཅིག་ལིང་ཆེན་ཤ་རྐྱང་དམར་པོ་ཡུག །བཟང་གོས་སྔོན་པོ་ཡུག །རས་ཐག་གཡུང་དྲུང་རེ་ཁཱ་ཅན་ཡུག །ཝ། སྦྲེ། གཡི། གཟིག་བཅས་ཀྱི་པགས་པ་རེ། རྒྱ་དངུལ་ཐུར་སྲང་༡༔ རིན་ཆེན་དང་པོ་ཞོ་འཁོར་བཅུ་ཕྲག་བཅས་ཡོན་ཏན་དང་ཟླ་བའི་གྲངས་ཀྱིས་མཐར་ཕྱིན་གྱི་སའི་བགྲང་བྱ་མཚོན་པ་འབུལ་ལམ་ཞུན་བརྩེ་བ་ཆེན་པོས་དགོངས་ཤིང་བཞེས་ཏེ་ཉམ་ཆུང་མོས་པ་དང་ལྡན་པའི་ལྷག་བློ་དཔག་བསམ་གྱི་རྐང་འཐུང་ལ་རེ་འབྲས་གསེར་གྱི་སྙེམས་ཀུན་ནས་དུད་པར་བྱིན་གྱིས་བརླབ་


LT37_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ། །བྱང་ཆུབ་སེམས་ཀྱི་དམ་བཅའ་གཞལ་དུ་མེད་པའི་ནམ་མཁའ་ལ། །མཁྱེན་བརྩེ་ནུས་པའི་དྲ་བ་འབུམ་ལྡན་ཉི་མ་འོད་གསལ་བ། །སྲས་བཅས་རྒྱལ་བའི་བསྟན་པའི་པད་ཚལ་འབྱེད་ལ་རང་དབང་ཅན། །སྐྱེ་དགུའི་དབྱིང་དུ་མི་འགྲིབ་ལེགས་བྱས་དགུང་དུ་རྟག་འཆར་གསོལ། ༡ །སྐྱེ་མེད་ཆོས་ལ་དབང་བསྒྱུར་ཆེ་བརྙེས་པས། །འདུ་འཛིའི་ཆོས་ཀྱི་རང་མཚན་མི་འཛིན་པས། །འཕོ་མེད་རྡོ་རྗེ་བཞི་ཡི་ཆོས་ཉིད་དང་། །རོ་མཉམ་ཆོས་ཀྱི་རྒྱལ་པོ་འཚོ་གཞེས་གསོལ། ༢ །དགྱེས་མཛད་སྤྲུལ་པའི་ལོ་ཙཱས་སྙིང་པོའི་ལམ། །དཀའ་རྒུའི་ཕྱེས་པས་འགྲོ་མང་ཞི་བར་ཕྱིན། །དེང་སང་དགོན་པ་ལྟ་བུར་ཕྱོགས་བསླད་པས། །ལམ་མཁན་དེད་དཔོན་མཆོག་ཁྱོད་རྟག་བཞུགས་གསོལ། ༣ །ཐུབ་པའི་བསྟན་པ་ལུང་དང་རྟོགས་པ་ཡང་། །ཚིག་ལ་རྟོན་ཅིང་སྤྱོད་པ་འཆོལ་བས་ནོངས། །ཕལ་ཆེར་ཚིག་ཙམ་ལ་ཡང་སྐབས་མི་རྙེད། །དེ་བས་བསྟན་པའི་སྒྲོན་མེ་རབ་སྦར་གསོལ། ༤ །སྡོམ་གསུམ་གོས་ཀྱིས་གཅེར་ཡང་སྨྱོ་ཐབས་ཀྱི། །བརྟུལ་ཞུགས་སྤྱོད་ལ་པདྨའི་བསྟན་པར་རློམས། །རྙོགས་པའི་གཙང་ཆབ་ཐབས་མཁས་ཀེ་ཏ་ཀས། །བགྲུང་སྟེ་རྡོ་རྗེའི་ཆོས་སུ་རྟག་བཞུགས་གསོལ། ༥ །རྒྱལ་བསྟན་སྲུང་ཞིང་འགྲོ་མང་སྨིན་པ་སོགས། །མཁའ་ལྟར་རྒྱ་ཆེའི་ཐུགས་བསྐྱེད་མི་འདོར་བར། །ཚེ་དཔག་མེད་དང་རྣམ་པར་རྒྱལ་མ་དང་། །ཡིད་བཞིན་འཁོར་ལོའི་ངོ་བོར་འཚོ་གཞེས་གསོལ། ༦ །བདག་གཞན་དུས་གསུམ་


LT37_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་དགེ་རྩ་སོགས། །བདོག་པ་ཅི་མཆིས་བླ་མ་སངས་རྒྱས་ལ། །འབུལ་གྱིས་ཚེ་རབས་བསགས་པའི་སྡིག་བྱང་ནས། །གསང་བ་གསུམ་དང་དབྱེར་མེད་བྱིན་རླབས་སྩོལ། ༧ །ཟབ་གསང་རྒྱ་ཆེའི་ཆོས་འཁོར་རྟག་བསྐོར་བས། །ལེན་པའི་རྡུལ་ཕྱིས་ཤེས་བྱའི་འཆིང་བཅད་དེ། །སྲས་བཅས་རྒྱལ་བའི་རྣམ་ཐར་ལ་འཇུག་པས། །བདག་ཅག་བསམ་དོན་ལྷུན་གྱིས་འགྲུབ་གྱུར་ཅིག༨། སརྦ་ཤུབྷ་མངྒ་ལཾ་སྭ་སྟི་པ་དཱ་སིདྡྷི་བྷ་བནྟུ།། །།དོན་དམ་བདེན་པ་མི་གཡོ་མི་འགྱུར་བ། །སྤྲོས་བྲལ་ཆོས་ཀྱི་སྐུ་དང་སེམས་ཅན་ཁམས། །རོ་མཉམ་ཀུན་ཁྱབ་ཀུན་ཏུ་འགྲོ་བ་ཡི། །དགེ་ལེགས་སྣང་བས་འཇིག་རྟེན་མཛེས་གྱུར་ཅིག༡། ཚོགས་གཉིས་གང་བའི་དཀྱིལ་འཁོར་སྒྲིབ་མེད་པ། །གྲགས་པའི་རི་མོ་ནམ་མཁའི་མཐར་བྲིས་པས། །ཐར་པའི་ལམ་སྲོལ་ཕྱེ་ལ་རང་དབང་ཅན། །བསྟན་འགྲོའི་ཉིན་མོར་བྱེད་པ་ག་ལ་བར། །དད་པ་རྒྱ་མཚོས་མངོན་པར་བཏུད་དེ་ཞུ་བ། །ཁྱབ་བདག་ཆོས་


LT37_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ནམ་མཁའི་ངོ་བོ་ཉིད། །ཁ་སྦྱོར་ཡེ་ཤེས་སྤྲིན་འཕྲོ་ལོངས་སྤྱོད་རྫོགས། །གང་འདུལ་རྣམ་པར་འཕྲུལ་བའི་གར་མཛད་པས། །སྲིད་པའི་ཉིང་མཚམས་ཞི་བའི་དབྱིངས་སུ་བརྟུལ། །ཟག་པ་སྤངས་ཤིང་དངོས་པོའི་མཐའ་བཅད་པས། །མི་སྣང་མཁའ་ཡི་དངོས་ལས་མི་གཡོ་བར། །མོས་པ་བཞིན་ཏུ་སྤྲུལ་པའི་སྣང་བ་ཅན། །མགོན་པོའི་སྐུ་ཡི་གསང་བ་བསམ་མི་ཁྱབ། །མིང་ཚིག་ཡི་གེའི་སྤྲོས་པའི་མཐའ་སྤངས་ཀྱང་། །འགྲོ་ཀུན་སྐད་ཀྱི་རྗེས་འགྲོ་ཆོས་ཀྱི་ཆར། །ངེས་དོན་བདུད་རྩིའི་རོ་ལྡན་རྟག་པར་དབབ། །དཔལ་ལྡན་གསུང་གི་གསང་བ་བསམ་མི་ཁྱབ། །རྣམ་པར་མི་རྟོག་ཡིད་བཞིན་ནོར་ལྟ་བུ། །མཁའ་མཉམ་འགྲོ་བའི་བསམ་པ་གཅིག་ཅར་དུ། །ཇི་བཞིན་མཁྱེན་པས་དབང་པོ་ཐམས་ཅད་པ། །རྣམ་དག་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། ༦ །རབ་རྒྱས་ཡོངས་འདུའི་ཤིང་དང་བུམ་པ་བཟང་། །ཡོངས་སུ་དག་པའི་བཻཌཱུརྻ་ཡིས་ཀྱང་། །བྲལ་སྨིན་ཡོན་ཏན་ཆར་ཡང་མི་བསྒྲུན་པས། །སྲིད་དང་ཞི་བའི་ཁོངས་ན་འདོད་འཇོར་གྱུར། ༧། ཇི་སྲིད་ནམ་མཁའི་མཐའ་དང་འགྲོ་བའི་ཁམས། །ཕྱི་མའི་མཐའ་ཡི་མུ་ལ་ཐུག་པར་ཡང་། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱ་མཚོའི་རྡུལ་སྙེད་ཤིན་ཏུ་ཁྱབ་ཅིང་རྟག ༨ །རྣམ་ཐར་བསྔགས་པས་མི་དཔོག་པ། །སྐྱབས་ཁྱོད་དཀོན་མཆོག་ཀུན་གྱི་དངོས། །རྣམ་པ་ཀུན་ཏུ་ངེས་རྙེད་ནས། །མཁའ་ཁྱབ་ཆོས་སྐུ་རྟག་པར་ཡང་། ༩ །གཟུགས་


LT37_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་གདུལ་བྱའི་བློ་མཚོ་ལ། །གསལ་འགྲིབ་མེད་པར་རྟག་འཆར་བའི། །གསོལ་འདེབས་རྟེན་འབྱུང་ནམ་མཁའ་མཛོད། །མཚོན་བྱེད་དངོས་པོའི་མེ་ཏོག་འཐོར། ༡༠ །དང་གི་ཆར་ཡང་། །དུས་གསུམ་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་གཅིག་ཏུ་བསྡུས་ཤིང་། རྒྱལ་བ་ཡོངས་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དབང་བསྒྱུར་བས་རིས་སུ་མ་ཆད་པའི་བསྟན་འགྲོ་སྤྱི་དང་། ཁྱད་པར་དྭགས་བརྒྱུད་སྙིང་པོའི་བསྟན་པའི་ཉིན་མོར་བྱེད་པ་གཅིག་པུ་པ་གང་གི་ཞབས་པད་བྱམས་པའི་ཉི་མས་འཇིག་རྟེན་ཁྱབ་བརྡལ་དུ་སྣང་བ་དེ་སྲིད་དུ་རྟག་བརྟན་གཡོ་བ་མེད་པ་མི་ཤིགས་རྡོ་རྗེ་གཡུང་དྲུང་གིས་མཚན་པའི་ཆོས་ཀྱི་ཁྲི་ཆེན་པོར་འཚོ་ཞིང་གཞེས་པར་གསོལ་བ་གཅམ་བུ་མིན་པར་འདེབས་པའི་རྟེན་མཚོན་ཏུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་རབ་དཀར། །བཅས། གྲངས་ལྡན་འབུལ་ལམ་ཞུ་ན་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་རྣམས་ཀྱིས་འགྲོ་བ་ཀུན་གྱི་རེ་བ་སྐོང་བ་ཆོས་ཉིད་ལགས་པས་ཇི་ལྟར་གསོལ་ཞིང་སྨོན་པའི་རེ་བའི་ཤིང་རྟ་དོན་གྱི་དབྱིག་གིས་ལྕི་བར་མཛད་དུ་གསོལ་ཞེས་ཚིགས་སུ་བཅད་པའི་གང་བས་གསོལ་བ་འདེབས་པ། སྲིད་པའི་འདུ་བྱེད་རྣག་གི་རྐྱལ་བུལ། །བྱིས་པས་གཙང་དང་ཕལ་པས་མི་གཙང་ལྟ། །གཉིས་ཀའི་སྒྲིབ་སྤངས་གདོད་ནས་དག་པའི་སྐུ། །གཙང་བའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༡། བདག་ཏུ་


LT37_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་འགྲོ་ལྔ་འཁོར་བར་འཁོར། །མེད་པར་འཛིན་པས་གཤིས་ཀྱི་བཞུགས་ཚུལ་བསྒྲིབས། །བདག་དང་བདག་མེད་མཐའ་སྤངས་དམ་པ་ཡི། །བདག་གི་ཕ་རོལ་ཕྱིན་པ་བཞུགས་སུ་གསོལ། ༢ །ཕུང་ལྔའི་ཉེར་ལེན་བདེ་དང་སྡུག་བསྔལ་བར། །ཚུ་རོལ་མཐོང་དང་དམ་པའི་འདུ་ཤེས་དག །མཁའ་ལྟར་རྣམ་དག་སྙིང་རྗེའི་བརླན་བག་ཅན། །བདེ་བའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༣ །དངོས་པོ་གློག་བཞིན་གཡོ་ལ་རྟག་ལྟ་དང་། །མཐའ་བཞིས་སྐད་ཅིག་སྐྱེ་འགག་རྟོགས་ལ་ཡང་། །མི་གནས་གནས་པའི་ཚུལ་གྱིས་རྒྱུན་ཏུ་བ། །རྟག་པའི་ཕ་རོལ་ཕྱིན་པར་བཞུགས་སུ་གསོལ། ༤ །ཆོས་ལ་དབང་བསྒྱུར་བརྙེས་པའི་རྒྱལ་རྣམས་དང་། །ཟུང་འཇུག་ཡེ་ཤེས་ཅོར་པན་མཉམ་ཉིད་དུ། །ཐོབ་པས་ཕྲིན་ལས་སྲིད་པའི་མཐར་འགྲོ་བ། །ཆོས་ཀྱི་རྒྱལ་མཚན་ནུབ་མེད་བསྒྲེང་དུ་གསོལ། ༥ །ཚེ་འོད་དཔག་མེད་དབྱིངས་དང་དབྱེར་མེད་པར། །ཚེ་དབང་པདྨའི་ཕྲིན་ལས་སྐྱོང་བཞིན་ཏུ། །ཚེ་མཆོག་གྲུབ་པས་བདག་སོགས་གདུལ་བྱ་ལ། །ཚེ་སོགས་དབང་བཅུའི་གྲུབ་པ་སྩལ་དུ་གསོལ། ༦ །གདུལ་དཀའི་མུན་པ་མཁྱེན་བརྩེའི་ཉི་མས་བསལ། །ཕན་བདེའི་པད་ཚལ་ནུས་པའི་དཔྱིད་ཀྱིས་ཕྱེ། །རྣམ་གྲོལ་འབྲས་བུའི་ཁུར་གྱིས་འཇིག་རྟེན་ན། །རྫོགས་ལྡན་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག ༧ །ཡ་ཐཱ་སིདྡྷི་རསྟུ་ཤྲེ་


LT37_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་ལ།།།སྭ་སྟི་བྷ་བན་ཏུ།།།ཇི་སྲིད་མཁའ་དང་སེམས་ཅན་ཁམས། །དེ་སྲིད་ཐུབ་དབང་མཚན་དཔེའི་སྐུ། །འཚོ་གཞེས་བདེན་གསུང་བཀྲ་ཤིས་པས། །དེང་འདིར་ལྷག་པར་སྐྱོང་གྱུར་ཅིག །བརྟན་གཡོའི་སྲོག་ཏུ་རྡོ་རྗེའི་རྒྱས་གདབ་སྟེ། །འཆི་མེད་དགོངས་པ་གདོད་ནས་གྲུབ་པ་ལས། །འགྲོ་ཁམས་རྒྱ་མཚོར་མི་འཇིགས་སྦྱིན་པ་ཡི། །པདྨའི་རྒྱལ་ཚབ་མཆོག་གི་ཞབས་པད་དུ། །བདེ་གཤེགས་སྙིང་པོ་རྒྱུན་གྱིས་རྟག་པ་ནི། །གློ་བུར་དྲི་མའི་ཆ་ཡིས་མི་འགྱུར་བ། །དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་ཅན། །བདེན་པའི་སྣང་བས་རྟག་བརྟན་དཔལ་འབར་ཤོག །ཟུང་འཇུག་ཡེ་ཤེས་རོལ་པའི་རྩེ་དགའ་ལ། །གསང་བ་བསམ་མི་ཁྱབ་པའི་མགྲོན་བཀུག་པས། །སྒྱུ་འཕྲུལ་དྲ་བ་སྡོམ་པའི་འདུ་འགོང་ཀྱིས། །སྲིད་ཞི་ཡོངས་ལ་མངའ་དབང་མཛད་དེའི་དྲུང་། །སྒོ་གསུམ་གུས་པ་ཆེན་པོས་བཏུད་དེ་ཞུ་གསོལ། །གང་གྱོད་རབ་འབྱམས་སྟོབས་བཅུ་མངའ་བ་ཡི། །གསང་བ་གསུམ་དང་གདོད་ནས་རོ་


LT37_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པས། །ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ཇི་སྲིད། །དེ་སྲིད་རྣམ་ཐར་སྙོམས་པར་ཞུགས་པའི་ཕྱིར། ཁབ་ཀྱི་ཐུགས་ནམ་མཁའི་ཚད་འཇལ་བཞིན། །རྟག་ཆད་སྐྱེ་འགག་འགྲོ་འོང་ལ་སོགས་པ། །ཕྱོགས་རེའི་མཚན་མར་བཟུང་བ་བྱིས་པའི་བློས། །ཀུན་ཏུ་བརྟགས་པས་ཕྱོགས་སུ་ཕྱིན་པ་མིན། །མཛད་པའི་ཆོ་འཕྲུལ་དཔག་པར་དཀའ་བ་རྣམས། །ཀུན་ཀྱང་དོན་ཆེན་སྤྱོད་པ་འབའ་ཞིག་པས། །དྲང་ངེས་ལྡེམ་པོར་དགོངས་པའི་ཕྲིན་ལས་རྣམས། །ཀུན་བཟང་རོལ་པ་ཁོ་ནར་ངེས་པ་རྙེད། །འོན་ཀྱང་རིས་སུ་མ་ཆད་ནམ་མཁའ་ཡི། །དུམ་བུས་བུམ་སོགས་གོ་སྐབས་འབྱེད་པ་ལྟར། །འདྲེན་པ་གཞན་གྱིས་སྤངས་པའི་སྙིགས་འགྲོ་ལ། །ཐར་པའི་གོ་སྐབས་ཐུགས་རྗེའི་ཤས་ཀྱིས་ཕྱེས། །ད་དུང་དུ་ཡང་སྙིང་རྗེའི་རྒྱ་མཚོ་ནི། །མུ་དང་མཐའ་ཡིས་ཐུག་པ་མ་མཆིས་པས། །སྲིད་ཞིའི་དགེ་ལེགས་ནོར་བུའི་ཕུང་པོ་དང་། །ཕན་བདེའི་མེ་ཏོག་དོགས་པ་འཁྲིལ་བའི་རྟེན། །བརླངས་པོར་སྤྱོད་པའི་རླུང་གིས་མི་གཡོ་ཞིང་། །འཕོ་འགྱུར་དྲི་མའི་བསླད་དང་མི་འགྲོགས་པར། །སྐལ་ལྡན་ངང་མོའི་ཁྱུ་ཚོགས་སྡུད་བཞིན་ཏུ། །གྲངས་མེད་བསྐལ་པའི་མཐར་ཡང་འཁྱིལ་པའི་ཕྱིར། །ལུས་ཀྱིས་བདོག་པ་དགུ་ཡི་གཏོང་ཕོད་དང་། །ངག་གིས་རིག་སྔགས་སྨོན་པའི་བདེན་ཚིག་དང་། །ཡིད་ཀྱིས་ལྷག་བསམ་མོས་གུས་གདུང་ཤུགས་བཅས། །འབབ་སྟེགས་


LT37_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་ནོར་འཛིན་ཅི་ཡང་བསྐྲུན། །དེ་དག་གིས་གསོལ་བར་བྱ་བའི་སྙིང་པོ། །འཁོར་ལོ་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་དང་དབྱེར་མི་ཕྱེད་པ་གང་གི་མཚན་དཔེའི་སྣང་བ་ངོ་བོ་གདོད་ནས་སྤྲོས་པ་ལས་གྲོལ་ཡང་རྣམ་པ་སྐྱེ་འགག་མཚན་མའི་ཚུལ་མི་སྟོན་པར་བསྟན་འགྲོ་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་ཐུགས་ཀྱིས་དགོངས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་ཚེ་མཛད་ཕྲིན་ཇི་ལྟ་བ་དེ་ལྟར་བདག་ཅག་མོས་ལྡན་ཡོངས་ཀྱི་སྣང་ངོར་འཚོ་ཞིང་གཞེས་པར་གསོལ་བ་འདེབས་པའི་རྟེན་མཚོན་ཏུ། བཀྲ་ཤིས་པའི་ལྷ་རྫས་རབ་དཀར་སྲིད་དུ་རིང་བ་སོགས། །མཐའ་རྟེན་རས་དཀར་སྲིད་རིང་དང་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་རེ་བའི་ཤིང་རྟ་འདོད་རྒུའི་ནོར་གྱིས་གཏམས་པའི་བཀའ་དྲིན་སྩལ་བ་ཅི་གནང་། །ཉིན་མོར་བྱེད་ལ་ཕྱོགས་སུ་ལྷུང་མེད་ཀྱང་། །གླིང་བཞི་གང་དུ་སྣང་བའི་དཔལ་གྱུར་བཞིན། །ཀུན་སྙོམས་ཐུགས་རྗེ་མཁའ་ལྟར་ཡངས་པ་ལས། །གངས་ལྗོངས་དཔལ་དུ་མཚན་དཔེའི་ཉི་མ་ཤར། །འདི་དང་གཏན་གྱི་ཕུན་ཚོགས་པདྨོའི་ཚལ། །དེ་ཡི་རྗེས་སུ་འགྲོ་ལྡོག་བྱེད་པས་ན། །མི་འགྲིབ་བསོད་ནམས་རྟག་པ་དམ་པའི་མཁར། །ཀུན་གྱི་སླད་དུ་བདག་གིས་འཆར་གསོལ་འདེབས། །གདོད་མའི་ཐུགས་དམ་སྨོན་ལམ་ཆེན་པོས་ཀྱང་། །འགྲོ་བློའི་མོས་པ་སྐོང་བ་ཆོས་


LT37_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཕྱིར། །དམ་བཅའི་གོ་ཆ་ཕྲག་པར་ཐོགས་པ་ཡིས། །མི་སྲུན་བདུད་ཀྱི་གཡུལ་ལས་རྒྱལ་མཛད་གསོལ། །བསོད་ནམས་དམ་པའི་རྩ་བ་མི་བརྟན་པས། །དགེ་ལེགས་ཨུ་དུམ་ཝ་རའི་འཁྲི་ཤིང་ཡང་། །དུས་ཀྱི་མུན་པའི་རུམ་དུ་ཟུམ་ཉེ་བས། །བསྟན་འགྲོར་མཛེས་དགུའི་དཔལ་གྱིས་སྟོངས་འགྱུར་ན། །ཆོས་ལྡན་ལྗོངས་འདིར་རྒྱལ་བ་འཇིག་རྟེན་ཏུ། །བྱོན་དང་རྗེས་མཚུངས་བསྟན་པའི་ཉིན་བྱེད་ཀྱི། །བསྟན་པ་སྣང་ཞིང་སྐྱེ་དགུ་ཐར་པ་ལ། །འགོང་སླང་གསང་གསུམ་སྣང་བརྟག་བརྟན་གསོལ། །དབང་བཅུ་བརྙེས་པ་རྒྱལ་བའི་མྱུ་གུ་རྣམས། །གཞན་ཕན་འབའ་ཞིག་ཁུར་དུ་བསྣམས་པ་ལས། །རང་གི་བགྱི་བ་ཅི་ཡང་མ་མཆིས་པས། །འཁོར་བ་སྲིད་དུ་འཇིག་རྟེན་འབྱོར་སླད་རྟག །སེམས་ཀྱི་རྟོག་པའི་ཆུ་འཛིན་ཅི་གཡོས་ཀྱང་། །ཆོས་ཉིད་གཤིས་ཀྱི་མཁའ་ལ་མ་གོས་པས། །མཁའ་དང་འབྱུང་བ་བཞི་ཡི་འགྲོས་ཇི་སྲིད། །དེ་སྲིད་རྡོ་རྗེའི་སྐུ་མཆོད་འཚོ་གཞེས་གསོལ། །དགེ་བའི་ལམ་སྟོན་སྡིག་པའི་གཡང་ལས་ལྡོག །ཕྱིན་ལོག་ལྟ་བའི་འཇིགས་ལས་སྲུང་བྱེད་ཅིང་། །མ་རིག་འཐུག་པོའི་གཉིད་ལས་ཡང་སློང་བ། །ཟབ་རྒྱས་ཆོས་ཀྱི་རྔ་ཆེན་བརྡུང་དུ་གསོལ། །སུ་ཡང་འདའ་བ་མེད་པ་སྟོང་ཉིད་དང་། །བྱང་ཆུབ་སེམས་ཀྱི་བཙན་རྫོང་བརྟན་པོ་ལ། །བདག་ཅག་རྟག་ཏུ་འཁྲུ་བའི་སྐབས་ཐོབ་པས། །འགལ་རྐྱེན་ཉི་བའི་དཔུང་ལེས་བསྲུང་བར་མཛོད། །གཙང་


LT37_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་བདེ་བའི་སྐུ་ཅན་རྫོགས་སངས་རྒྱས། །ཞི་བ་ཆགས་བྲལ་བདེན་གཅིག་དམ་པའི་ཆོས། །མི་ལྡོག་སྙིང་པོའི་དོན་གཟིགས་ཚོགས་མཆོག་གི། །བདེན་པའི་སྣང་བ་དེང་འདིར་གསལ་གྱུར་ཅིག །ཞེས་གཅམ་བུ་མིན་པར་སྙིང་ནས་གསོལ་འདེབས་སྤྲོ་བའི་བྱེད་པོ་རིས་མེད་བསྟན་ལ་གུས་པ་རྙེད་ཅིང་སཱ་ལ་ལྟ་བུའི་རྒྱལ་རིགས་སུ་བསྐྱེད་བསྲིངས་པ། ཨཱ་ཡུ་རིནྡྲ་བཛྲའི་མིང་གི་ཅོད་པན་འཆང་བ་སྟེ། །མཆོག་གསུམ་རྩ་གསུམ་བདེན་པས་དེ་དེ་བཞིན་ཏུ་འགྲུབ་པར་གྱུར་ཅིག །ཡ་ཐཱ་སིདྡྷིརྦྷ་བནྟུ།།།


LT37_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་བརླན་ཏུ་སྙིང་རྗེའི་རྩ་བ་ཟུག །དྲི་མེད་ཡོན་ཏན་ཆ་ཤས་ཡོངས་སུ་རྫོགས། །དཔལ་ལྡན་སངས་རྒྱས་ལྗོན་པའི་གྲིབ་བསིལ་གྱིས། །ཐར་དང་བདེ་བར་འགྲོ་འདི་སྐྱོང་གྱུར་ཅིག༡། ལུས་ཅན་ལུས་དང་དེ་བཞིན་ཡིད་ཀྱིས་སྲིད་པའི་རང་བཞིན་ནད་ཆེན་ཕྲོག་མཛད་པའི། །སྙིང་སྟོབས་དར་བ་རབ་ཏུ་འཕགས་པས་རྒྱལ་བའི་མྱུ་གུའི་ཟུར་ཕུད་ལ་ཆགས་ཏེ། །ཉིན་བྱེད་བཞིན་ཏུ་སྡིག་པའི་མུན་པར་ཕྲིན་ལས་སྣང་བ་རྒྱས་པས་རབ་གསལ་བ། །བཀྲ་ཤིས་རེ་ཁཱས་མཚན་པའི་འཇིག་རྟེན་དབང་ཕྱུག་ཞབས་སྟེགས་ནོར་བུའི་ཁྲི་དྲུང་དུ། ༢ །གསང་གསུམ་སྣང་བས་བྲན་པ་ལས། །དད་པས་བརླན་པའི་སོར་མོ་ཡི། །མེ་ཏོག་སྤྱི་བོར་ཟུམ་པ་དང་། །སྙན་ཆིག་མགྲིན་དབྱངས་ལྷན་ཅིག་འཁྲོལ། ༣ །བདེ་བ་དྲི་མེད་ཆུ་གང་ཞི་བ་ནི། ཁ་བའི་རླབས་ལྡན་རྒྱལ་བ་བསྟེན་པ་དག །ཐོབ་ནས་འཁོར་བ་མྱ་ངམ་ཐང་ལ་ནི། །ཡོངས་འཁྱམས་སྲིད་པའི་གདུང་བ་རིང་དུ་གཏོང་། ༤ །ཡང་སྲིད་ཀུན་ཏུ་བསགས་པའི་བསོད་ནམས་ཀྱི། །ངང་ཚུལ་གྱིས་ཀྱང་དགེ་བ་ཆེན་པོའི་སླད། །ནོར་བུའི་གསེར་གྱིས་རྣམ་བཀྲའི་གདུགས་བཀོད་པས། །ས་གསུམ་དག་ནི་ཀུན་དགའི་དཔལ་ཡོན་བཟུང་། ༥ །མཁྱེན་བརྩེའི་དོ་ཤལ་གོས་མཆོག་ཅོད་པན་དང་། །ཕྲིན་ལས་རྔ་ཡབ་དཀར་པོས་འཛུམ་པའི་དཔལ། །མཆོག་གི་ལོངས་སྤྱོད་སྐལ་བཟང་དགའ་སྟོན་


LT37_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བདག་ཉིད་ཆེན་པོའི་ལེགས་བྱས་གསལ་བར་བྱེད། །རང་དོན་ལ་འཇུག་ཆགས་པ་དང་བྲལ་ཞིང་། །གཞན་ལ་ཕན་པར་རྟག་ཏུ་བརྩོན་རྣམས་ཀྱིས། །གྲུབ་པ་ཉོན་མོངས་རྣམས་ལ་མི་འཇིགས་ཤིང་། །གདུང་དང་གེགས་བྲལ་གཟིར་བྱེད་མིན་པར་འགྱུར། ༧ །ལྷག་བསམ་དག་པ་འཇེབ་པའི་མཐུ་དང་ནི། །ཀུན་གྱི་ཉེར་འཚོ་འབྱོར་པ་ཆེན་པོ་སྟེ། །འབྲས་བུ་ཆར་འོས་འདི་དག་དགེ་རྣམས་ཀྱི། །བསོད་ནམས་མྱུ་གུའི་འབྲས་བུ་དང་པོ་ཡིན། ༨ །འབྲོག་དགོན་བགྲོད་དཀར་ཡོངས་ལྷུང་འཇིག་རྟེན་ནི། །ཕ་རོལ་ལམ་དུ་གདུང་བས་ཉེན་རྣམས་ལ། །ཡིད་འོང་རབ་རྒྱས་འབྲས་བུའི་རྫོགས་པའི་ཕྱོགས། །གྲིབ་བསིལ་ཆོས་དང་མཚུངས་པ་གཞན་ཡོད་མིན། ༩ །ཐོས་པའི་སྐྱོགས་སུ་དྲངས་པའི་ཆོས་ཀྱི་བདུད་རྩིའི་རོས་མྱོས་པས། །གྲགས་སྙན་ག་བུར་རྒྱུན་གྱིས་དྲི་མེད་ཐོས་པ་སིམས་བྱེད་པ། །བདེར་གཤེགས་གནས་བསྟེན་རིན་ཆེན་སྒྲོན་མའི་མཚན་མ་འཕྲོ་བ་དག །རབ་ཏུ་གསལ་བས་བསྒྲུབས་པ་བདེ་ལྡན་བྱང་ཆུབ་གོམས་པར་གྱུར། ༡༠ །འཇིགས་ཚོགས་འཛིན་པའི་དཀའ་ཐུབ་ཅི་སྟེ་རྣམ་པར་བསླད་ལ་ནགས་ཀྱིས་ཅི། །ཆགས་དང་བཅས་ལ་འབྱོར་པས་ཅི་སྟེ་སྤྱོད་ཚུལ་ངན་ལ་ཐོས་པས་ཅི། །སྲིན་བྱའི་མིག་ལ་ཉི་མས་ཉམས་པ་སྨན་གྱི་ནགས་ཚལ་སྨག་ཉིད་ཀྱིས། །མཛེས་པ་རབ་སྟེང་དམ་པ་རྣམས་ཀྱི་རྣམ་ཐར་དཔག་ཡས་


LT37_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིས་པས་མཚོན། ༡༡ །སྦྱིན་པ་ལ་བརྩོན་བརྩོན་འགྲུས་རྒྱ་ཆེའི་གནས། །དག་པའི་བདག་ཉིད་སྙིང་སྟོབས་རྒྱ་མཚོ་དང་། །སྤྲོ་བ་ཆེ་ལྡན་རྣམས་ནི་གཞན་དོན་ལ། །ཀྱེ་མ་བསམ་གྱིས་མི་ཁྱབ་བཞེད་པ་ཡིན། ༡༢ །གང་ཞིག་རི་བོའི་སུལ་བཅས་དག་ལ་རྩི་དགས་བ་གམ་ལ་འཛེགས་དང་། །གང་དག་ཆུ་ཚོགས་འཁྲུག་ཅིང་གྱེན་འཐོར་རྒྱ་མཚོ་དག་ལ་རོལ་པས་བ་ལང་རྗེས། །གང་ཡང་ནགས་ཚལ་སྟུག་པོ་ཡི་ཁྱོན་ལ་དགའ་བདེར་ཁང་པའི་ཐང་བཞིན་འགོད་བྱེད་པ། །དེ་ནི་བདག་ཉིད་ཆེ་རྣམས་སྙིང་སྟོབས་ཀྱིས་བསྒྲུབས་རྒྱས་པའི་བརྩོན་འགྲུས་རྣམ་རྩེན་ཡིན། ༡༣ །རྟག་ཏུ་གང་གི་གཟིགས་པ་བདུད་རྩིའི་ཆར་ཆེན་ཡིད་ནི་སྐྱེ་བོ་དམ་པའི་གྲོགས། །བཟོད་པ་ཁོང་ཁྲོའི་རྡུལ་རྣམས་རབ་སེལ་ཆུ་བོ་བློ་གྲོས་སྡུག་བསྔལ་གྱིས་གཟིར་མ། །དཔལ་འབྱོར་དྲི་མེད་སྦྱིན་པའི་ཆུ་ནི་མངོན་འཐོར་ཚིག་ནི་བདེན་ཞིང་རིགས་པར་ལྡན། །འགྲོ་བ་རྣམས་ཀྱི་གཉེན་ཏུ་སྐྱེས་པ་དེ་ནི་ཁྱོད་ཉིད་གཅིག་པུ་ཁོ་ན་ལགས། ༡༤ །འགའ་ཞིག་རྨི་ལམ་སྒྱུ་མའི་གནས་སྐབས་སུ་ཡང་ནམ་ཡང་མི་འཕྲོ་བའི། །རྣམ་རྟོག་ཕྲེང་བ་ཅུང་ཟད་འཁྲུགས་པས་གང་ལ་ཉེ་བར་རབ་སྦྱང་བ། །འདི་ནི་སྦྱིན་པའི་དཔག་བསམ་ཤིང་གི་མཚུངས་མེད་འབྲས་བུ་རབ་རྒྱས་ཚེ། །འབྱོར་པའི་ལོངས་སྤྱོད་སྤྱོད་པ་ཉིད་དུ་སྐལ་པས་ཡོངས་བརྟེན་རྣལ་འབྱོར་དག༡༥། རང་གི་སྐྱེ་བོ་སྙིང་སྡུག་དྲི་


LT37_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྣང་བའི་དུས་ནི་འདས་གྱུར་ཅིང་། །ལྷག་པར་མི་བསྲུན་སྡིག་པས་རྒྱས་པའི་རྨོངས་པ་ཡོངས་དག་འོངས་པ་ན། །ངལ་དུབ་ཡངས་བཏང་སྐྱེ་བོ་མེད་པའི་ནགས་ཀྱི་གནས་ལ་ཡོངས་འདྲིས་པས། །ཡིད་ནི་རབ་ཞིའི་ཆུས་བཀྲུས་སྐྱེས་བུ་རྣམས་ཀྱི་བདེ་བའི་དབུགས་འབྱིན་ཉིད། ༡༦ །སྲིད་པའི་ལམ་གྱི་སྡུག་བསྔལ་རྣམ་ཉམས་ཐམས་ཅད་མཁྱེན་པའི་བཀའ། །དྲི་མེད་ཉིད་ཀྱི་གནས་སུ་རབ་ཏུ་བྱུང་བས་རབ་ཏུ་ཞུགས། །ཞི་བ་ཉིད་ནི་ཐམས་ཅད་ཐོབ་ནས་མཉམ་མེད་རབ་གསལ་ཞིང་། །མཚོན་བྲལ་ཐར་པར་འགྲོ་བའི་སླད་དུ་ཐུབ་པར་དེ་གྱུར་ཏོ། ༡༧ །ལེན་བུ་ཐིག་ལེའི་རི་མོས་འཇོ་སྒེག་ལྡན་པར་རབ་སྤྲས་ཤིང་། །རབ་འཕྲོ་བདུག་པའི་དུ་བས་རིབ་རིབ་ཐུན་མཚམས་བཞིན་བཀྲ་བ། །རྩེ་དགའ་དར་བས་བསམ་གཏན་རྫོགས་པའི་ཡན་ལག་མི་མཚོན་ན། །ཡིད་སྐྱེས་རྒྱལ་བའི་གྲགས་པ་ཟླ་བའི་གཟུགས་ནི་དང་པོ་བཞིན། ༡༨ །རྒུད་པའི་གདུང་བ་ཞི་བྱེད་གཟིགས་པ་རབ་ཏུ་དང་བའི་རོ་དག་གིས། །སྐྱེས་བུ་རྣམས་ནི་ནད་དང་བྲལ་མཛད་སྲིད་པས་ཟིལ་མནན་འཁྲུགས་པའི་སྨན་པ་གང་། །ངེས་པར་དགེ་བ་མཐའ་དག་བསྐྱེད་པ་ནོར་འཛིན་གྲུབ་པའི་བདུད་རྩི་ནི། །རྫོགས་པའི་སྙིང་རྗེ་ནང་དུ་འཛིན་པས་རབ་རྒྱས་པདྨོའི་འཛུམ་རླབས་ངོམས། ༡༩ །ཤིན་ཏུ་རབ་གསལ་གྲགས་པའི་མཚོན་རིས་ཡོན་ཏན་རིན་ཆེན་རྒྱན། །མ་


LT37_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྦྱིན་པའི་མེ་ཏོག་དང་ལྡན་བདེན་པའི་སྨུག་རྩི་བཀོད། །གང་གི་དཔལ་ནི་ཚུལ་ཁྲིམས་གཙང་མའི་དུ་ཀཱུ་ལ་མཛེས་པ། །དེ་ཉིད་གཅིག་པུ་ལེགས་བྱས་ལ་འོས་ཆོས་ཀྱི་འཁོར་ལོས་སྒྱུར། ༢༠ །ཤ་བ་རི་ཡི་རྐེད་སྐབས་པས་འཕྲོ་རྨ་བྱའི་འདབ་ཕྲེང་རོལ་པས་བསྐྱོད་པ་ཡི། །རྩེད་འཇོའི་རྣམ་འཕྲུལ་ཆ་ཡི་འཆིང་བ་རྣམས་ལ་ཆས་པར་བྱུང་པ་འབིགས་བྱེད་རླུང་། །དྲི་མེད་ཆུ་ཀླུང་ནར་མ་དཱ་ངོགས་འཁྲི་ཤིང་གཡོ་ཞིང་རྣམ་པར་རྒྱས་པ་ཡི། །མེ་ཏོག་སྦྲང་རྩིའི་དགའ་སྟོན་རྒྱས་པས་དེ་འདིར་ཡ་མཚན་ཕུན་ཚོགས་དཔལ་ལ་འཕྱ། ༢༡། གང་གི་རྡོ་རྗེའི་རྒྱལ་ཐབས་ཟླ་བའི་གདུགས་དཀར་ལྡན་པ་ལ། །སྐྱེ་དགུའི་གདུང་བ་འཕྲོག་པའི་སྲས་དག་མངོན་པར་དབང་བསྐུར་ནས། །ཆོག་ཤེས་བསིལ་ལྡན་དབེན་པའི་བདུད་རྩིས་མངོན་པར་དགའ་བ་ཡི། །རབ་ཏུ་གྲོལ་བས་བྱུག་པའི་གྲིབ་བསིལ་རིགས་ཀྱི་བདག་པོས་བསྟེན། ༢༢ །གལ་ཏེ་གུས་བཅས་ཆོས་ལ་གནས་ན་དེ་ཉིད་འཚོ་བ་སྟེ། །གལ་ཏེ་སྐལ་བཟང་བདེན་པར་སྤྱོད་ན་དེ་ཉིད་སྨྲ་བ་ཡིན། །གལ་ཏེ་མཐར་ཐུག་སེམས་པར་བྱེད་ན་དེ་ཉིད་བློ་གྲོས་ཏེ། །གལ་ཏེ་སྦྱིན་སོགས་བྱ་བ་བྱེད་ན་དེ་ཉིད་དཔལ་འབྱོར་ཡིན། ༢༣ །སྐྱེ་བོ་འདོད་པའི་རྡུལ་གྱིས་མིག་ནི་ཡོངས་སུ་ཉམས་པ་ཀུན། །ཡུལ་ནི་གང་དག་ཉིད་ཀྱིས་མངོན་པར་འདོད་པའི་སར་གྱུར་བ། །དེ་ཉིད་ཀྱིས་ནི་བསོད་ནམས་ཡོངས་གཙང་དག་པར་བསྒྲུབས་


LT37_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །བྲལ་སྨིན་གུར་གུམ་གསང་བའི་དྲི་ཡི་ཐིག་ལེས་ཟུང་དུ་བགོས། ༢༤ །ཞི་བ་ལ་རེག་དྲི་མེད་ཚུལ་ཁྲིམས་རས་དཀར་རྩེ་དགའ་ཡིས། །མཛེས་པས་བསྟེན་ཅིང་ཡུལ་དང་ཆས་ལས་ཕྱི་རོལ་ཕྱོགས་པ་ལས། །དོར་གྱི་གོས་ཟུང་ཤཱ་ནའི་གོས་ཧྲུལ་དྲི་མ་ཅན་གྱིས་ཀྱང་། །ཁེངས་དང་རྒྱགས་པ་བསྐྱེད་མིན་དམན་པ་ཉིད་དུ་བསྒྲུབ་པ་མིན། ༢༥ །གཡོ་སྒྱུས་ཞི་དང་དུལ་བ་གོམས་པས་ལོངས་སྤྱོད་སྦྲང་རྩིར་ཆགས་མེད་ཅིང་། །མིག་ཡངས་མཆུ་ཡི་ཡལ་འདབ་རབ་མྱོང་དགའ་སྟོན་རྟག་ཏུ་སྤངས་པ་བཞིན། །ལི་ཁྲིས་མཚན་པའི་ནུ་འབུར་མཛེས་པས་སྙིང་ལ་ཆགས་པ་མི་འཛིན་གང་། །སྲིད་པའི་ནགས་སུ་ཕྲ་རྒྱས་དམན་པའི་འབྲས་བུ་ཟ་བའི་རྫུ་ལ་ཞུགས། ༢༦ །དགེ་བའི་པདྨོ་ཅན་ནི་རྩ་བ་བཙུགས་ནས་རབ་བསྐྱེད་དང་པོའི་རྒྱུ། །སྣ་ཚོགས་ཕུན་ཚོགས་གསར་པ་གསར་པའི་འཁྲི་ཤིང་རབ་སྐྱེད་སྐྱེད་ཚལ་པ། །སྲིད་པའི་གདུང་བ་རབ་ཏུ་ཞི་བྱེད་ཁ་བའི་འཛུམ་ལྡན་གངྒཱའི་རྒྱུན། །དམ་པའི་ལམ་མཆོག་གསལ་བར་བྱེད་མཁས་ལེགས་བཤད་ཟིལ་དངར་འབེབས་པ་ཁྱོད། ༢༧ །མཐའ་དག་འཇིག་རྟེན་སྣང་བ་སྤྲོ་སླང་ཕྱོགས་ཀྱི་མུ་ཁྱུད་སྣང་བ་བཀྱེ། །བདུད་རྩིའི་ཆར་པ་མཆོག་ཏུ་དབབ་སླང་ཟླ་བ་རྫོགས་པ་ཉིད་དུ་འགྲོ། །འགྲོ་བ་མ་ལུས་བསྒྲལ་བའི་སླད་དུ་དགེ་བའི་ཟམ་སྟེགས་ཆེན་པོ་ནི། །གང་གིས་འདི་སྙེད་རྣམས་སུ་བསྔགས་པར་འོས་པའི་


LT37_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་རབ་ཀྱང་འཛིན། ༢༨ །ལས་སྣ་ཚོགས་པས་ངལ་ལྕིའི་ཁུར་བུ་མངལ་གྱི་མལ་སྟན་དྲི་མས་མཚན། །བག་ཆགས་ལུས་ཀྱི་སྦྱང་མའི་ཚོགས་ནི་ཡུན་རིང་བཟུང་ནས་ངལ་ཞིང་འཁྱམས། །སྡུག་བསྔལ་ཅན་རྣམས་གདུང་ལ་སྙིང་རྗེའི་གཉེན་ཁྱོད་རབ་ཏུ་ཐོབ་གྱུར་ཏེ། །དྲི་མ་ཀུན་ཡིད་ཕྱིས་པའི་ངལ་གསོས་འདི་དེ་ཉེ་བར་བྱིན་ལགས་ཀྱི། ༢༩ །དར་བབ་རྒྱན་གྱི་ལོངས་སུ་སྤྱོད་པའི་རྦ་རླབས་རྩྭ་ཡི་རྩེ་དགའ་བཏང་བས་ནས། །གུས་བཅས་གང་དག་ཡིད་རབ་དང་བ་འོ་མའི་ཆུ་གཏེར་གྲུབ་རིགས་རྗེས་ཕྱོགས་པའི། །ལུས་མཆོག་སྤྲུལ་ལ་ཕྲ་རབ་རྡུལ་དག་གལ་ཏེ་འདོད་པས་རབ་ཏུ་བཀོད་པ་ན། །མཁའ་མཐར་ཆས་པའི་སྙན་ཚིག་པི་ཝཾ་ལྷན་ཅིག་འཐེན་པས་དགེ་ལེགས་མེ་ཏོག་ཆར་དུ་བསྙིལ། ༣༠ །ཞེས་བཀྲ་ཤིས་པ་དང་བསྔགས་པར་བརྗོད་པ་རྒྱན་གསུམ་ལམ་ནས་དྲངས་པའི་ཚིག་གིས་བརྗོད་པའི་ལམ་ཡངས་པར་བྱས་ཏེ། སོགས་སླར་ཡང་སྨྲས་པ། །གང་གིས་མཆོད་འོས་མཆོད་པར་བསྒྲུབ་ལ་མེ་ཏོག་ལ་སོགས་ཏེ། །སེམས་མེད་རྣམས་ཀྱང་འོས་པའི་སེམས་དང་ལྡན་པ་ཉིད་འགྱུར་བ། །རྒྱལ་ལ་གུས་པའི་ཁྱད་པར་བརྟན་པ་རྣམས་ལ་བསྔགས་འོས་ཤིང་། །དད་པ་རབ་རྒྱས་བདུད་རྩིའི་རྒྱུན་ཐིགས་གང་དེ་རྒྱལ་གྱུར་ཅིག༡། དགེ་བའི་སྨོན་ལམ་དག་པའི་གཟི་བརྗིད་དང་། །དབེན་པ་དྲི་མེད་སྣང་བའི་རྟོགས་བྱེད་ལྡན། །གང་ཞིག་ཡོངས་སུ་


LT37_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲགས་པ་ཙམ་ཉིད་ན། །སྲིད་པའི་རྨོངས་འཕྲོག་དེ་ཉིད་བསྔགས་པར་འོས། ༢ །བརྒྱ་བྱིན་རླུང་དང་ཆུ་སོགས་ལྷ་རྣམས་དང་། །ཐུབ་མཆོག་རྣམས་ཀྱང་གང་སླད་རྣམ་འགྱུར་དུ། །འགྱུར་བའི་དྲན་བདེ་རྩྭ་ལྟར་གཅོད་པའི་གནས། །ཡ་མཚན་ཅན་དེ་གང་སུ་རུང་བའི་མིན། ༣ །མི་བཟང་ཡུལ་གྱི་གནོད་པའི་ལུས་ནི་ཉོན་མོངས་ཕུང་པོ་དག་གི་གནས། །རྨོངས་པ་ལས་བྱུང་སྲིད་པ་རབ་རྩུབ་མྱ་ངམ་ཐང་གི་རྣམ་པར་གསལ། །མཐའ་དང་བྲལ་བའི་སྲིད་པའི་ལས་འདི་ཇི་ལྟར་རྣམ་པར་ལྡོག་འགྱུར་བ། །དེ་ལྟར་བྱ་དང་བྱ་མིན་ཕན་པའི་ས་ལ་རྣམ་དཔྱོད་ལྡན་པས་སྟོན། ༤ །ཡིད་ནི་བྱམས་པའི་སྣོད་གྱུར་གཞན་ལ་ཕན་པས་དགྱེས་ཤིང་ཆོས་ཀྱི་ནོར། །རྒྱགས་པའི་ཚོགས་རྣམས་རབ་བཟོད་གཅོད་ཅིང་རྣམ་པར་སྤྱོད་ལ་ཡོངས་སུ་འདྲིས། །འདི་ནི་ཡུལ་གྱི་བདེ་ལས་ཕྱིར་ཕྱོགས་བདེ་ལྡན་དེ་ཉིད་ཚོལ་རྣམས་ཀྱི། །སྙིང་པོ་མེད་པའི་འཁོར་བར་རྣམ་འགྱུར་དག་དང་བྲལ་བའི་ཡོ་བྱད་མིན། ༥ །ལེགས་བྱས་མཐོ་རིས་མཛེས་མའི་ལག་པད་ཀྱིས་གཏོར་བ། །མངོན་མཐོ་མནྡཱ་ར་བའི་ཕྲེང་བརྒྱ་གྲོལ་བ། །ཆོས་ཀྱིས་རྒྱས་པའི་གངྒའི་དབུ་བ་བརྩེགས་པ་ལ། །མཛེས་ཤིང་དགོད་པ་ཐར་མཆོག་ལྷ་ཡི་རི་བོ་བཞིན། ༦ །རྒྱ་ཆེ་ལེགས་བྱས་གོམས་པའི་སྦྱོར་བས་བསོད་ནམས་བསྟེན་པ་ཡི། །སྐྱེས་བུ་རྣམས་ནི་ཆོས་འདོད་དོན་ཡང་དགེ་བས་ཕུན་ཚོགས་


LT37_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་ནས་དེ་འབྲས་མངོན་འདོད་སྤྱད་ནས་གུས་བཅས་དེ་དག་རྣམས། །སྤྲིན་བྲལ་མཁའ་ལྟར་མཛེས་པའི་ཞི་བ་མཇུག་ཏུ་སྟོན་པར་བྱེད། ༧ །བྱང་ཆུབ་ཏིང་འཛིན་གྲུབ་པའི་གནས་དེར་སྐྱིལ་མོ་ཀྲུང་དག་བཅས་ནས་གནས་པའི་ཚེ། །རྣམ་འགྱུར་རྣམ་པ་སྣ་ཚོགས་བྱེད་པ་དག་ལ་ར་བ་ཉིད་ནི་འཛིན་བྱེད་ཅིང་། །ཁྲོ་བ་བཟོད་པས་བཀྲུས་པའི་བཅོམ་ལྡན་ཕུལ་བྱུང་དག་པ་ཉིད་ཀྱི་བདག་ཉིད་ཅན། །བསམ་གཏན་མཆོག་ཏུ་སྐྱོང་བར་བྱེད་པ་དེ་ཡི་སྤྱན་ཡང་ཅུང་ཟད་ཕྱེ་མིན་ན། ༨ །མུན་འཇོམས་སྣང་བ་རྣོ་ལྡན་རིན་ཆེན་གང་ཁྱོད་བསོད་ནམས་བརྟེན་རྣམས་ཀྱིས། །རིང་འཚོ་ཞེས་བྱ་བརྟུལ་ཞུགས་ངེས་པའི་ཆོ་གས་རྒྱལ་མཚན་ལ་བཀོད་ན། །ཛམྦུའི་གླིང་དུ་མཐའ་དག་འགྲོ་ཚོགས་མངོན་འདོད་དོན་རྣམས་ཆར་འབེབས་པ། །གཞན་དོན་བརྟན་པར་གྱུར་པས་ཁྱབ་པར་བགྱི་སླད་དེ་ནི་བཟུང་བར་མཛོད། ༩ །མི་བསྲུན་སྐྱེ་བོ་ངན་པའི་གནོད་བྱ་བཟོད་དཀའ་ཆེན་པོ་ཡིས། །བསམ་པ་ཆེ་རྣམས་བསམ་པ་རྣམ་པར་འགྱུར་བ་ཉིད་མ་ཡིན། །སྦྲུལ་གྱིས་རབ་བསྐོར་ས་འཛིན་དག་གི་དཀུག་པར་གྱུར་མོད་ཀྱང་། །ཆུ་གཏེར་སྙིང་ལས་བདུད་རྩིའི་རང་བཞིན་རབ་ཏུ་གཏོང་བ་མིན། ༡༠ །ཁྱེད་ཀྱིས་འཁོར་བ་མཐའ་མེད་བཟློག་དཀའ་བློ་ཉམས་རྣམས་ཀྱི་རབ་ཞི་འཕྲོག །རྨོངས་པ་ཆེན་པོའི་ཁང་པ་རྒྱ་ཆེ་ལམ་དུ་གདུང་བའི་ཚོགས་ཀྱི་ཁུར། །རྒྱགས་དང་སྡང་བའི་གཞི་མ་ཡུལ་


LT37_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུག་གི་སྙིང་པོ་རྣམ་འགྱུར་ཅན། །རབ་རིབ་མཐུ་ཡིས་ཡོངས་སུ་བསྒྲིབས་པ་རྒྱལ་བའི་འོད་ཀྱིས་འཕྲོག་གྱུར་ཅིག ༡༡ །འཕྲལ་ལ་རི་བོ་བསྐྱོད་པས་བསྲུབས་པའི་ཉོན་མོངས་གཟེར་མ་དེ་དང་དེ། །ལྷ་བརྒྱའི་ཆེད་དུ་བདུད་རྩིའི་ཆུ་གཏེར་བསམ་པ་ཆེན་པོས་བཟོད་པར་བྱེད། །དྲི་མེད་ཡི་ལྡན་དག་ནི་གནོད་པ་དང་བཅས་ཚེ་ནའང་རྣམ་འགྱུར་མེད། །གཞན་ཕན་བསྒྲུབ་པར་ཆས་པའི་ལྷག་བསམ་དེས་ནི་ཡུན་ཏུ་སྐྱོང་བར་མཛོད། ༡༢ །སྐྱེ་བོ་རྣམས་ཀྱི་རྒུད་པ་མཐའ་དག་བསྲུང་བའི་རིན་ཆེན་ཚུལ་ཁྲིམས་ནི། །རབ་གསལ་བདུད་རྩིའི་རང་བཞིན་དྲི་མེད་གལ་ཏེ་ཆ་ཡང་མ་ཉམས་པས། །ཆོས་ཀྱི་ལམ་གྱི་མན་ངག་བསྒྲུབ་པས་འཇིག་རྟེན་སྣང་བར་མཛད་པ་ཡི། །སྨོན་ལམ་དག་པའི་ལྗོན་པ་ཉིད་ལས་རེ་བའི་འབྲས་བུ་རྫོགས་གྱུར་ཅིག ༡༣ །སརྦཱ་རྠ་ཡ་ཐཱ་སིདྡྷི་བྷ་བནྟུ།། ༈ །།།ཨོཾ་སྭ་སྟི།""ཤོག་ལྷེ་༡༦༢)སྲིད་པའི་རིམས་ནད་འཇོམས་བྱེད་སྨན་ཆེན་པོ། །དམ་ཆོས་བདུད་རྩིའི་ཕུང་པོ་སྤྲོ་བའི་སྤྲིན། །བྱིན་རླབས་ཐུགས་རྗེའི་གཏིང་མཐའ་གཞལ་དཀའ་བ། །རྣམ་འདྲེན་ཤཱཀྱའི་རྒྱལ་པོས་དགེ་ལེགས་སྩོལ། །བླ་མེད་རྒྱལ་བ་མཆོག་དེའི་བསྟན་པ་ལ། །སྟོན་པ་གཉིས་པ་ལྟ་བུའི་ཕྲིན་ལས་ཀྱིས། །དཔག་མེད་གདུལ་བྱ་འདུལ་བའི་ཐབས་མཁས་ཅན། །དཔལ་ལྡན་ཀརྨ་ཀ་ཡི་ཞབས་པད་དུ། །རིན་ཆེན་སེམས་ལས་བྱུང་བ་དད་པའི་གཏེར། །བསོད་ནམས་རྒྱ་ཆེའི་ཟོང་དུ་འདུ་བགྱིས་པས། །རབ་དགའི་སྤྱོད་ལ་ཞུགས་པའི་རྒྱལ་སྲས་ཀྱི། །རྣམ་ཐར་ཡིད་འོང་ཉིད་ལས་མཚོན་མ་ཡིན། །ཆོས་ཀྱི་སླད་དུ་གཏོང་དང་གཏོང་བ་ལ། །མ་འདྲིས་སེར་སྣས་བཅིངས་པའི་ལོངས་སྤྱོད་དང་། །སྦྲང་མས་བསགས་པའི་སྦྲང་རྩི་དག་ཀྱང་སྟེ། །གཞན་དབང་ཁོ་ནར་སོང་བའི་གནས་སྐབས་མཐོང་། །དེ་སླད་རྒྱུ་ལས་ཐོབ་པའི་འབྲས། །སྨོན་ལམ་ལུས་ཅན་དེ་བཞིན་གཤེགས། །བཟང་པོའི་མཚན་གྱི་དཔལ་འབར་བ། །ཞིང་ཡོངས་སྤྱོད་པའི་སྐབས་ཆུད་དང་། །འགྲོ་ཁམས་དག་པའི་རིན་ཆེན་ས་གཞིང་སྤྲུལ་པ་རྣམ་བཞིའི་གཟུགས་འཕོ་བ། །གནས་ཀྱང་ཐ་དད་མཚན་ཡང་ཐ་དད་རབ་འབྱམས་རྒྱ་མཚོའི་རྡུལ་ཇི་སྙེད། །དེ་སྙེད་རྒྱལ་བའི་ཆོས་ཀྱི་དབྱིངས་སུ་རོ་མཉམ་མངོན་པར་བྱང་ཆུབ་པའི། །ཟབ་མོའི་འདུ་ཤེས་སྐལ་པས་ཐོབ་དེས་རྣམ་དཀར་སྤྱོད་ཡུལ་དག་པར་བསྒྲུབས། །


LT37_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞིའི་འཇིག་རྟེན་བཅོམ་པ་དང་ལྡན་བྱང་ཕྱོགས་བོད་ཡུལ་རིགས་བཞིན། །འཇིག་རྟེན་དབང་ཕྱུག་སྙིང་རྗེའི་རོལ་པ་རྡོ་རྗེ་འཛིན་པའི་སྐུར་བཞེངས་ནས། །ཐེག་པ་ཆེ་ཆུང་ཆོས་ཀྱི་རྔ་ཆེན་བརྒྱ་ཕྲག་དུས་གཅིག་བརྡུང་བ་དང་། །འཁོར་བ་དོང་སྤྲུགས་འགྲོ་འདུལ་མཛད་པ་གཞན་ལས་ཁྱད་པར་འཕགས་པ་སྟོན། །དེ་བཞིན་ཕྱོགས་བཅུའི་ཞིང་ཁམས་གངྒཱའི་རྡུལ་སྙེད་རྣམ་པར་བཀོད་པ་དང་། །ལ་ལར་སྐྱེ་འཇིག་སད་དང་བག་ཉལ་ཁམས་ཀྱི་རིམ་པ་མཐར་ཐུག་པ། །དང་པོའི་རྒྱུན་ནས་སྙིང་པོའི་བར་ཡང་སྨིན་གྲོལ་བརྟུལ་བ་མེད་ཉིད་ན། །ཅི་སླད་ཐབས་མཁས་རིགས་མཐུན་ཟོལ་གྱིས་གནས་སྣང་མཐིལ་དུ་སྦེད་པར་གྱུར། །བསྐལ་མང་གོང་ནས་ཐུན་མིན་ལམ་གྱིས་རྒྱལ་ཀུན་ཡབ་ཏུ་གཤེགས་མོད་ཀྱི། །སྙིགས་མའི་དུས་འདིར་རྒྱལ་སྲས་གཞོན་ནུའི་སྤྱོད་པ་རླབས་པོ་ཆེར་ཞུགས་ནས། །གཞར་ཡང་མི་ཤིགས་སྙིང་སྟོབས་གོ་ཆ་དམ་བཅའི་ཡ་ལད་རབ་སྲ་བ། །བདེར་གཤེགས་རྣམ་དྲུང་ཡང་ཡང་བཞེས་པའི་ངོ་མཚར་ཟླ་རིས་དེང་འདིར་མཛེས། །འཛམ་གླིང་ས་ལ་རབ་ཏུ་འཕོས་པའི་འཇིག་རྟེན་རྣམ་འདྲེན་བླ་ན་མེད། །ཡེ་ཤེས་ལྔ་དང་མཁྱེན་པ་གཉིས་ཀྱི་གཏེར་ཆེན་གཟོད་ནས་བརྙེས་ལགས་གྲང་། །ཡོན་ཏན་ཆབ་ཀྱིས་ངོམ་པ་མེད་པར་རྒྱ་མཚོའི་རང་བཞིན་འཛིན་གྱུར་པས། །ཐམས་ཅད་མཁྱེན་ཅེས་མཚན་དོན་མཐུན་པར་བསྔགས་བརྗོད་ཕྱོགས་བཅུའི་ཞིང་ན་བྲེལ། །


LT37_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་སོགས་བདག་ལྟའི་གྲུབ་མཐའ་ངན་པར་ལོག་པའི་སེམས་ཀྱིས་ཞེན་གྱུར་པ། །ཆོག་རབ་རྣམ་འབྱེད་ཤེས་རབ་ཟབ་མོས་ལུང་རིག་མཚོན་རྣོན་འཕེན་བྱས་པས། །མཐར་ལྟའི་འཛིན་སྟངས་གཏན་ཚིགས་དུ་མས་དབུ་མའི་ས་ལ་བསྙིལ་བ་ན། །ཡེ་ཤེས་བདེན་གྲུབ་སེང་གེའི་སྒྲ་ལ་འཇིགས་པ་མེད་པའི་སྤོབས་པ་ཐོབ། །ཆུ་ཤིང་བཞིན་ཏུ་སྙིང་པོ་མེད་པ་སྡུག་བསྔལ་འབྱུང་གནས་འཁོར་བ་རུ། །སྤྲུལ་དང་སྒྱུ་བཞིན་དཔལ་འབྱོར་ཉི་ཚེའི་ཞོ་ཤས་འཚོ་བ་གང་ཡིན་པ། །ཆུ་ཟླ་ལྟ་བུར་དེ་ཉིད་མཁྱེན་པས་སྣང་ཤས་ལམ་ལས་བཟློག་པ་དང་། །འདམ་ལས་སྐྱེས་པའི་པདྨོ་ཇི་བཞིན་ལྷན་ཅིག་བྱུང་ཡང་དྲི་མས་དབེན། །སྒོ་གསུམ་གནད་ཀྱིས་ཟག་པ་བཅིངས་པ་མཆོག་ཏུ་མི་འགྱུར་ཙཎྜ་ལཱི། །ཞུ་བདེར་གྲུབ་པའི་དངུལ་ཆུའི་སྦྱོར་བས་ཕུང་ཁམས་ལྕགས་རིགས་ཟོས་གྱུར་པས། །དབེན་གསུམ་མཐར་ཐུག་དག་པའི་སྒྱུ་ལུས་ཞི་བའི་རོས་སིམས་རིན་ཆེན་ཁམས། །ཐ་མལ་དངོས་ཀུན་རིན་ཐང་མེད་པར་ཨེ་ཝཾ་ཕྱག་རྒྱས་བསྡོམས་པར་མཛད། །ལྷ་སྐུ་ཐིག་ལེའི་འཕྲོ་འདུ་ཡངས་པོར་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ། །འཁོར་འདས་གཞིར་བཞེངས་རང་བྱུང་སྒོ་བརྒྱ་རྨི་ལམ་ལྟ་བུར་རྫོགས་པ་དང་། །སྨིན་ཅིང་སྦྱོང་བའི་རིག་སྔགས་ཟབ་མོའི་ཕ་མཐར་བདེ་བར་སོན་པའི་ཕྱིར། །ཁྱབ་དང་རྟག་པའི་བདག་ཉིད་ཆེན་པོ་ཀུན་ཏུ་འཆང་ཞེས་མཚན་དོན་ལྕི། །དུས་གསུམ་སྤྲོས་བཅས་རྣམ་པར་རྟོག་པས་རྣམ་པར་


LT37_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཙམ་མིན་པ། །དེ་བཞིན་ཉིད་ལའང་མི་གནས་མི་འགྲོ་བདག་མེད་རྟོགས་པའི་ཤེས་རབ་དང་། །བྱིན་རླབས་ལམ་གྱིས་གདོད་མའི་ཡེ་ཤེས་སྟན་ཐོགས་གཅིག་ཏུ་མངོན་མཛད་པས། །སྐད་ཅིག་རེར་ཡང་ཏིང་འཛིན་དུ་མར་འཇུག་དང་ལྡང་བའི་རྣམ་དཔྱོད་ངོམས། །སྟོབས་བཅུའི་རང་བཞིན་མ་འདྲེས་ཆོས་ལྡན་མི་འཇིགས་བཞི་ཡིས་སྲིད་གསུམ་ཁོངས་འདིར་བསྙེངས་བྲལ་བ། །སངས་རྒྱས་ཀུན་དང་དབྱིངས་ཡེ་རོ་མཉམ་སྐྱོབ་པ་ཟླ་བྲལ་དུས་གསུམ་ཀུན་མཁྱེན་ཀརྨ་པ། །སྲིད་མཐའི་བར་ཡང་རི་མོར་བགྱིད་སླད་དད་གསུམ་ཀླུས་བསྐུལ་རྣམ་དཀར་བདུད་རྩིའི་ཆར་བཟུང་བ། །ཚོགས་གཉིས་ཟུང་འཇུག་སྤྲིན་གྱི་བླ་རེ་གཡར་ལམ་བྲེས་པས་ཕྱོགས་རེའི་བསོད་ནམས་བསགས་ལ་སྤྲོ། །ཞེས་ཤིས་པར་བརྗོད་ཅིང་ཅུང་ཟད་བསྔགས་པའི་ཚིག་གི་མེ་ཏོག་མནྡཱར་བའི་ཆར་ཕང་ཕུང་དུ་བསྙིལ་བས་དགེ་བར་བྱས་ནས། དེང་གི་ཆར་ཡང་། ལྷར་བཅས་སྲིད་པ་གསུམ་གྱི་བླ་མ་དཔལ་ལྡན་འཇིག་རྟེན་དབང་ཕྱུག་གང་ཉིད་འཛམ་གླིང་བསྟན་འགྲོའི་དཔལ་དུ་འཚོ་ཞིང་གཞེས་ཏེ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མི་འཇིགས་ཆོས་ཀྱི་ཁྲི་ལ་མཚན་དཔེའི་སྐུ་མཆོག་ལྷམ་མེར་བཞུགས་པ་ནས། གྲོལ་བ་བཞི་ལྡན་གྱི་དབང་རྟགས་ཅོད་པན་རིན་པོ་ཆེ་ལྷ་མི་ཀུན་གྱི་སྤྱོད་ཡུལ་དུ་མངོན་སུམ་དུ་སྣང་བར་མཛད་དེ་འབྲེལ་ཚད་མངོན་མཐོ་དང་ངེས་


LT37_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཀྱི་དཔལ་ལ་སྦྱོར་བའི་བཀའ་དྲིན་གྱི་མུ་མཐའ་བློ་ཡི་ར་བ་ལས་ཡོངས་སུ་འདས་པས་དངོས་པོའི་མཐའ་གཞལ་བ་ལྟ་ག་ལ་ཞིག་ཀྱང་ཅུང་ཟད་འདོག་པ་འདིས་མཚོན་དུས་གསུམ་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་རྒྱ་མཚོར་དད་པས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད། ཐོག་མར་བཀྲ་ཤིས་རེ་ཁཱས་མངོན་པར་འཁྱུད་པའི་ཁ་བཏགས་ཉིན་བདེ་མ་སྲིད་དུ་རིང་བ། བཅས་གྲངས་ལྡན་ཡེ་ཤེས་ཀྱི་སྤྱན་ཟུར་གཡོ་བའི་རྟེན་མཚོན་ཙམ་དུ་གུས་པ་ཆེན་པོས་འབུལ་ལམ་ཞུ། སླར་སྨྲས་པ། ཐ་སྙད་རིག་པར་སྨྲ་བའི་པཎྜི་ཏ། །ཟབ་མོ་ནང་གི་ལམ་སྟོན་དགེ་བའི་བཤེས། །མདོ་སྔགས་རྒྱ་མཚོར་ཞུགས་པའི་རྡོ་རྗེ་འཛིན། །ཀུན་མཁྱེན་རྒྱལ་བའི་དཔའ་བོ་ཞབས་བརྟན་གསོལ། །གང་ཁྱོད་མ་འདྲིས་སྐྱེ་དགུ་མཐའ་དག་གི། སྐྱབས་དང་ཡོངས་རྫོགས་བསྟན་པའི་དཔལ་གྱུར་བས། །སྲིད་ཞི་བདེ་ལེགས་ཀུན་གྱི་གཞི་ཡིན་ཕྱིར། །བསྐལ་པ་རྒྱ་མཚོར་འཚོ་གཞེས་བརྟན་པ་དང་། །བདག་སོགས་མཁའ་མཐས་ཁྱབ་པའི་འགྲོ་བ་ཀུན། །གནས་སྐབས་མཐར་ཐུག་བསམ་དོན་ཆོས་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་རྫོགས་པའི་བྱིན་རླབས་ཀྱིས། །དགེ་མཚན་གྲིབ་བསིལ་སྡུམ་པོས་སྐྱོང་གྱུར་ཅིང་། །སརྦ་དཱཀ་ལྱ་ཾ་བྷ་བནྟུ། །ཡ་ཐཱ་སིདྡྷི་རྦྷ་བ་ཏུ།། ༈ །།དཔལ་ལྡན་


LT37_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པ་ཆེན་པོའི་ཞབས་པད་དུ་ལེགས་འབུལ་གྱི་མཆོད་སྤྲིན་སྟོབས་པའི་ཐོ་ཡིག་དགེ་མཚན་ཀུནྡྷཱ་བཞད་པའི་ཟླ་གཞོན་ཞེས་བྱ་བ། པདྨའི་དབུས་ན་ཉི་མའི་ཐིགས་པ་བཞིན། །ཐུགས་རྗེའི་ཆ་ཤས་ལྷུང་བས་སྲིད་དང་ཞིའི། །དགེ་ལེགས་མ་ཚང་མེད་པའི་དཔལ་ཡོན་ཏུ། །གསལ་མཛད་ཤཱཀྱའི་རྒྱལ་པོས་འགྲོ་འདི་སྲུངས། །བྱང་ཆུབ་སེམས་ཀྱིས་སྲུང་བའི་འཇིག་རྟེན་ཁམས། །རབ་འབྱམས་རྣམ་པར་གང་བ་སྤྲུལ་པའི་སྐུ། །གཅིག་ཅར་སྤྲོ་དང་བསྡུ་བའི་བཀོད་པ་ཅན། །འཇིག་རྟེན་དབང་ཕྱུག་ཞབས་པད་སེང་གེའི་ཁྲིར། །དད་གསུམ་དཔལ་ཀུན་འཚོགས་པའི་ལྷག་མ་ཅན། །ལེགས་སྨོན་རྒྱུ་ཡི་བསོད་ནམས་གང་བཟོད་པས། །གཙོ་བོ་སྲས་བཅས་རིམ་གྲོར་དགྱེས་པའི་མཁར། །དངོས་འབྱོར་སྤྲིན་ལས་བསྔགས་པའི་སྒྲ་དེར་མཚོན། །འཛིན་མའི་ཁོང་འདིར་རྒྱལ་བའི་བསྟན་པ་


LT37_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྒྱལ་བ་གཉིས་པ་ལྟ་བུའི་ཕྲིན་ལས་ཀྱིས། །རྒྱལ་བའི་དབང་པོར་བསྔགས་པའི་མཚན་དོན་ལ། །ཕྱོགས་བཅུའི་རྒྱལ་བའི་ཞིང་ནས་བསྔགས་པ་བཞིན། །གཞི་གནས་རང་བྱུང་སེམས་ཀྱི་རྡོ་རྗེ་རུ། །བྲལ་དང་སྨིན་པའི་ཡོན་ཏན་མངོན་རྫོགས་པ། །བྱང་ཆུབ་གསུམ་གྱིས་གདོད་ནས་མཆོག་བརྙེས་པས། །ཀུན་ཏུ་འཆང་ཞེས་རྟག་ཅིང་ཁྱབ་པར་ལྡན། །ཕྱོགས་བཅུའི་ཁམས་སུ་འདྲེན་པ་གང་ཆེན་མཚོ། །སྐུ་དང་ཞིང་ཁམས་རོ་གཅིག་རྒྱ་ཆེ་བའི། །དུས་གསུམ་ཆགས་ཐོགས་མེད་པའི་གཟིགས་པ་ཡིས། །སྤྱན་རས་གཟིགས་དབང་མཚན་སྙན་ལེན་གྱུར་གྲང་། །གངས་རིའི་ལྗོངས་སུ་དགེ་བའི་བཤེས་གཉེན་སོགས། །ཐབས་རྣམས་དུ་མའི་ཆོ་འཕྲུལ་འདུ་མཛད་པས། །རྣམ་ཐར་ཉི་མའི་ཟེར་གྱིས་མ་བྲན་པའི། །མུན་པའི་གོ་འཕང་གནས་སྐབས་འགར་ཡོད་མིན། །བདག་ཉིད་ཆེན་པོའི་ལེགས་བྱས་ཀྱི། །སྣང་བས་བཟུང་བའི་དགའ་ཚལ་ན། །ཟབ་གསང་རྐང་པ་དྲུག་པའི་གླུ། །རྡོ་རྗེའི་རྣལ་འབྱོར་བཅུད་དུ་ལེན། །མཁས་གང་བསོད་ནམས་འབབ་སྟེགས་ལས། །རིམ་གྱིས་ཐེག་པའི་མཐར་གཞོལ་པས། །དག་སྣང་མངོན་རྫོགས་དཔལ་གང་དེ། །མགོན་ཁྱོད་ཐུགས་རྗེའི་འཇུག་པར་བས། །དེ་བཞིན་ཇི་སྙེད་བཀྲ་ཤིས་དང་། །སྣ་ཚོགས་ཚུལ་གྱི་ཆོས་སྒོ་དང་། །སྟེས་དབང་གིས་ནི་འཕྲད་གྱུར་པའི། །དགེ་ཀུན་དེ་ཡི་རྗེས་སུ་བྱེད། །


LT37_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་འདས་པའི་གཤིས་གང་ལ། །ཕུན་སུམ་ཚོགས་པ་ལྔས་བསྡུས་པ། །མཐར་གྱིས་འགྱུར་མེད་སྙིང་པོ་ཅན། །དེ་ཀུན་མཆོག་གི་མཛད་པར་དྲན། །དེས་ན་རྒྱལ་རྣམས་ཡི་རངས་མཛད་དང་དགོངས་པས་བསྡུས་པའི་ཤེས་བྱ་ལ། །རྣམ་འཕྲུལ་སྣ་ཚོགས་ཀུན་ཤོང་ཡངས་པའི་བསམ་གཏན་ཏིང་འཛིན་མཆོག་གི་མཁར། །འབྱུང་བ་ཆེ་སོགས་རྒྱུ་དང་མི་རྒྱུའི་འདུ་འགོད་རོལ་པ་ཇི་ལྟ་བར། །རྟོག་པ་མི་མངའ་ཀུན་ཏུ་འཇུག་པའི་ནུས་པའི་རང་བཞིན་གསལ་བར་སྟོན། །དག་པའི་ཞིང་ནི་སྙིང་རྗེས་རོལ་བ་རྒྱལ་དང་རྒྱལ་བའི་མྱུ་གུ་དག །ཁྱོད་ཀྱི་ཐུགས་བསྐྱེད་པད་དཀར་ལྟ་བུའི་དཔལ་གྱིས་མ་བགོས་ས་མིན་ན། །དུས་ཀྱི་ཆ་རེར་འཁོར་བ་དོང་སྤྲུགས་མཛད་པ་བླ་མེད་མཐར་སོན་པས། ཁམས་ལ་སྟངས་པའི་ཡེ་ཤེས་རྒྱ་མཚོ་སྐད་ཅིག་རྫོགས་པར་ཅིས་མི་འགྱུར། །གངས་ཅན་བསོད་ནམས་ཞིང་དུ་སྤྲུལ་པའི་སྐུ། །ངོ་མཚར་གཞལ་བར་དཀའ་བའི་རྒྱལ་ཐབས་ལས། །ཆོས་ཀྱི་རྒྱལ་པོར་གདོང་ནས་གྲུབ་པ་དེས། །གྲགས་པའི་དཔལ་རྣམས་རི་མོའི་མར་མེར་བྱས། །རྒྱལ་ལ་ཤེས་བྱའི་སྒྲིབ་པ་མི་མངའ་བས། །རྒྱུ་རྐྱེན་ཕྲ་མོའང་མ་འདྲེས་རྟོགས་མོད་ཀྱི། །སྐྱེ་ལ་ཐུགས་རྗེ་ཆེན་པོའི་རྒྱུན་བསྲིང་བས། །ཐ་སྙད་སྤྱི་དང་བྱེ་བྲག་མཁྱེན་པས་འཕགས། །རྒྱལ་བའི་ལུང་བརྙེས་འཚོ་བྱེད་ཆོས་ཚུལ་འདིར། །འདྲེན་པའི་བྱིན་རླབས་ལམ་གྱི་ཁྱད་


LT37_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་། །འཕུར་འགོའི་སློབ་དཔོན་དངོས་སུ་བསྙེན་བཟོད་པས། །མཆོག་དངོས་ཅིག་ཆར་བརྙེས་པར་མ་གྱུར་ཏམ། །རྟོགས་པའི་ཐོབ་ལས་བགྲོད་པ་འགག་གྱུར་པས། །དབེན་གསུམ་ངོ་བོ་ཉིད་ཀྱིས་མཐར་ཐུག་ཕྱིར། །སྲིད་པའི་སྙན་གྲགས་དག་ལ་མི་ཆགས་པར། །ནང་གི་རྣལ་འབྱོར་རྡོ་རྗེའི་སྲོག་ཏུ་གྲུབ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། །གསེར་མདོག་མཚན་དཔེ་འབར་བའི་སྐུ་དེ་དང་། །དབྱེར་མེད་ཅོད་པན་འཛིན་པའི་ཁྱད་པར་ལས། །ཀརྨ་ཀ་ཞེས་མཚན་གྱི་གྲགས་པ་གསལ། །བསྡུ་བཞིའི་རྒྱ་མཚོར་རོལ་པའི་ཐབས་མཁས་ཀྱི། །ཆུ་ཀླུང་ཇི་སྙེད་སྤྱོད་ཡུལ་ཐུན་མོང་པས། །དམན་པས་བཟུང་བའི་སའམ་འདི་ཅི་ཞེས། །ཐུགས་རྗེའི་ཁྱད་པར་ཉི་ཟླའི་ཚུལ་ལས་རྟོགས། །ཆོས་ཀུན་དག་པར་རྫོགས་པ་ཆོས་ཉིད་ཀྱང་། །གློ་བུར་ཀུན་ཏུ་བརྟགས་པ་འཁྲུལ་པའི་དྲི། །སྦྱངས་དང་སྨིན་པས་བཀྲུས་ཕྱིར་བྲལ་བའི་འབྲས། །རྣམ་གྲོལ་དཔག་པར་དཀའ་བའི་དགེ་མཚན་བཟུང་། །བརྟེན་གཞི་གྱུར་པའི་ས་སྟེ་རིན་ཆེན་འབྱུང་བའི་རྒྱ་མཚོ་ཆེ། །འབྲས་བུས་གང་བའི་དཔག་བསམ་གཏེར་གྱིས་གཏམས་པའི་བུམ་བཟང་ལགས་འཁོར་མཚོ་སྒྲོལ་བའི་དེད་དཔོན་འདོད་རྒུ་འཇོ་བ་ཡིད་བཞིན་ནོར། །བསམ་གྱིས་མི་ཁྱབ་ནམ་མཁའ་ཡོན་ཏན་མཆོག་གི་ཁྱད་པར་བཟུང་། །སྔོན་ཆད་ཐོས་པའི་ཡུལ་དུའང་ཐོབ་དཀའ་བའི། །རིན་ཆེན་


LT37_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཁྱད་པར་གསར་པ་འདིས། །ས་གསུམ་ཡིད་ལ་ཀུན་དགར་ཇི་སྩལ་བ། །ས་ཡི་རྟོགས་པ་འཕར་བས་མཚོན་ནུས་མིན། །དེ་བས་དགྱེས་དགུར་ཕྱོགས་པའི་སྤྲིན། །ཕྱོགས་རེ་དག་གི་བསོད་ནམས་སླད། །སྒོ་གསུམ་དུས་མཐའི་མོས་པ་ལ། །དྲང་བའི་ལེགས་བཤད་བརྩམས་འདིའོ། །ཞེས་ཤིས་བར་བརྗོད་པ་དང་། །ཅུང་ཟད་བསྔགས་པའི་ཚིག་གི་མེ་ཏོག་མནྡཱ་ར་བའི་ཆར་བསྙིལ་དུ་ཀུན་ཏུ་དགེ་བར་བྱས་ནས། །རྒྱལ་བ་ཀུན་གྱི་ཡབ་གཅིག་འཇིག་རྟེན་གསུམ་གྱི་རྣམ་པར་འདྲེན་པ་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་ཕྱུག་མཆོག་གི་ཞབས་པད་འཁོར་ལོའི་རེ་ཁཱས་མངོན་པར་མཚན་པའི་ཉེ་དྲུང་དུ། གུས་པ་ཆེན་པོས་རབ་ཏུ་འདུད་པའི་ཕྱག་སྔོན་ཏུ་འགྲོ་བས་ཞུ་གསོལ། དེང་གི་ཆར། གནས་ཕུན་སུམ་ཚོགས་པ་བསྐལ་བཟང་གི་སྣང་བས་ས་གསུམ་ཉིན་མོར་མཛད་པ་འཛམ་གླིང་ཡུལ་ཆེན་དྲུག་གི་ནང་ཚན། འབགས་མཆོག་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས། བསིལ་ལྡན་གངས་ཀྱི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས། དཀོན་མཆོག་གསུམ་གྱི་ཉིན་བྱེད་ཐོག་མར་འཆར་བའི་བོད་ཡུལ་དབུས་འགྱུར་འཆང་། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ། ས་ལ་སྤྱོད་པའི་འོག་མིན། སྒྲུབ་བརྒྱུད་བསྟན་པའི་ཆུ་ཀླུང་འཛམ་གླིང་ཁྱབ་པར་འགྱེད་པ་མ་དྲོས་པའི་མཚོ་ཆེན་གདན་ས་གོང་མར་ཡོངས་སུ་གྲགས་པ་སྟོད་ལུང་མཚུར་གྱི་ཕུ། རི་ངོ་


LT37_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་འཛིན་གྱི་གཞལ་མེད་ཁང་དང་ཐ་དད་ཡེ་ནས་མི་མངའ་བའི་གནས་སུ། དུས་ཕུན་སུམ་ཚོགས་པ། རྒྱལ་བ་གཉིས་པ་པདྨ་ཀཱ་ར་གདུལ་བྱ་གཞན་སྣང་དུ་སྒྱུ་རྩལ་དང་རིག་པའི་གནས་མཐའ་དག་མཁས་པར་ཐུགས་སུ་ཆུད་པས་བློ་ལྡན་མཆོག་སྲེད་དུ་གྲགས་ཤིང་། གངས་རིའི་ལྗོངས་ཀྱི་ངེས་དོན་བསྟན་པའི་བདག་པོ་ཀུན་མཁྱེན་དོལ་པོ་པ་ཆེན་པོ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་སྐུར་བཞེངས་ནས་སྲིད་པ་གསུམ་གྱི་འཕོ་བའི་འཇིགས་པ་བཅོམ་པ་དང་། པ་སངས་ནམ་གྲུར་རྩེ་བ་བྱང་ཆུབ་འགྲུབ་པའི་སྦྱོར་བ་སོགས་གཙུག་ལག་གི་གཞུང་ལས་ཇི་སྐད་བཤད་པའི་གཟའ་སྐར་སྦྱོར་བྱེད་རབ་ཏུ་དགེ་བའི་སྔ་གྲོའི་ཆར། སྟོན་པ་ཕུན་སུམ་ཚོགས་པ། རང་བཞིན་དང་གློ་བུར་གྱི་དྲི་མ་ལས་ངེས་པར་གྲོལ་བ་དག་པ་གཉིས་ལྡན་གྱི་ཆོས་སྐུ་གདོད་ནས་མངོན་ཏུ་མཛད་ནས། གནས་དུས་སྟོན་འཁོར་ཆོས་སྒོ་སྟེ་ངེས་པ་ལྔ་དང་ལྡན་པས་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་རྫོགས་པར་ལྷུན་གྱིས་གྲུབ་པའི་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་བཀོད་པ་ལས། ཇི་ལྟ་བ་དང་ཇི་སྙེད་པ་སྟེ་མཁྱེན་པ་གཉིས་ལྡན་གྱི་མཆོག་གི་སྤྲུལ་པའི་སྐུ་དང་། བཟོ་དང་། སྐྱེ་བ་སོགས་གང་འདུལ་གྱི་རོལ་མོ་ཚད་ལས་འདས་པར་འཆར་བས་སྲིད་དང་ཞི་བའི་དབྱིངས་ནས་ཁྱབ་པ་དང་རྟག་པའི་ཕྲིན་


LT37_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རང་དབང་དུ་སྒྱུར་བའི་སྟོན་པ་གཉིས་སུ་མ་མཆིས་པར་སྙན་པར་གྲགས་པས་ཞིང་ཁམས་ཁྱབ་པར་འགེངས་པ། རྒྱལ་སྲས་མ་ལུས་པའི་སྐྱེད་བྱེད། གངས་ཅན་མགོན་པོ་སྙིང་རྗེའི་དབང་ཕྱུག་ཕྱག་ན་པདྨོའི་གཟུགས་སྐུ་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེར་སྣང་བའི་ཞབས་ཀྱི་པདྨོར་བསྙེན་པའི། འཁོར་ཕུན་སུམ་ཚོགས་པ། སྐྱེས་པའི་རབས་རྒྱ་མཚོ་རྣམས་སུ་ལ་ལར་བླ་མ་དང་། ལ་ལར་སློབ་མའི་ཚུལ་གྱིས་རྒྱལ་བ་གང་གི་བསྟན་པ་ནམ་མཁའི་མཐར་སྤེལ་བའི་སྙིང་སྟོབས་ཀྱི་ཡ་ལད་ཐོགས་པ། ཕྲིན་ལས་ཀྱི་དབང་ཕྱུག་རྒྱལ་ཚབ་ལྷ་བརྒྱའི་མགོན་པོ་མཆོག་གི་སྤྲུལ་པའི་སྐུ་སོགས་འཕགས་པའི་ས་ལ་དབང་ཐོབ་ཀྱང་བསམ་བཞིན་སྲིད་པའི་རོལ་པར་སྟོན་པ་རྣམས་དང་། བསླབ་གསུམ་གྱི་རྒྱ་མཚོ་ལ་གནས་བཅས་ཤིང་ལུང་རྟོགས་ཀྱི་རྩལ་རྫོགས་པ་དགེ་འདུན་ངང་པའི་ཁྱུ་ཚོགས་རྣམས་དང་། དད་པའི་རྩ་བ་རབ་ཏུ་བརྟན་ཅིང་འབྱོར་པའི་འདབ་བརྒྱ་ཕྱོགས་མེད་དུ་གྲོལ་བ་གདུལ་བྱ་རིགས་ཅན་གསུམ་གྱི་པད་ཚལ་ཅི་ཡང་རྒྱས་པའི་དབུས་སུ། ཆོས་ཕུན་སུམ་ཚོགས་པ། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ཏུ་འབྲེལ་བ་ལུང་དང་རྟོགས་པའི་འཁོར་ལོ་ཉིད་དང་། ཚིག་ལས་འདས་པའི་དགོངས་པས་བྱིན་གྱིས་བརླབས་པ་དང་། དབང་པོ་དང་བསམ་པའི་རྗེས་སུ་ཞུགས་པའི་བརྡའམ་ཐབས་ཀྱི་ཆོ་འཕྲུལ་སྣ་ཚོགས་པས་བགྲོད་


LT37_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ལམ་ལས། འགྲོ་བ་མ་བསྒྲལ་བ་མཐའ་དག་ཡང་དག་པར་བསྒྲལ། ཡང་དག་པར་དབུགས་དབྱུང་བ་ལས། གདོད་ནས་སྐུ་བཞིའི་རྒྱལ་ཐབས་ལ་མངའ་དབང་སྒྱུར་བའི་ཟུང་འཇུག་རྡོ་རྗེའི་ཅོད་པན་གང་ཉིད། རང་རྟགས་རིགས་ཀྱི་ཅོད་པན་མཐོང་གྲོལ་དབང་སྔོན་གསེར་གྱི་མདངས་ཅན་གྱིས་མཚོན་ཏེ། དད་པའི་ཡིད་ཀྱིས་གོ་ཕྱེས་པའི་ཆུ་བུར་མིག་གི་སྤྱོད་ཡུལ་མངོན་སུམ་པར་འདུ་མཛད་པས། བསྐུར་ཐོབ་ཀྱི་སྒྲོས་པའི་ངལ་བ་བརྒྱ་ཕྲག་གིས་མཚོན་ཏུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་བསྩལ་བས་མི་ལུས་དོན་ལྡན་ཏུ་གྱུར་པ་དང་། ཁྱད་པར་བཀའ་བརྒྱུད་བསྟན་པའི་སྣང་བྱེད། རྒྱལ་བའི་ཕྲིན་ལས་ཀྱི་དབང་ཕྱུག །ཉི་མ་དང་འོད་ཟེར། ཙནྡན་དང་དྲི་བསུང་བཞིན་གདོད་ནས་འབྲལ་མེད་ཏུ་གྲུབ་པ། བྱམས་མགོན་སྤྲུལ་པའི་ཟླ་ཞལ་གསར་དུ་ཚེས་པའི་ངོས་འཛིན་དང་མངའ་གསོལ་ནས་བརྩམས། རྒྱལ་བའི་སྲས་སུ་བསྒྲུབས་ཤིང་རྒྱལ་ཚབ་ཆེན་པོའི་ས་ལ་དབང་བསྐུར་བར་མཛད་པའི་བཀའ་དྲིན་གྱི་ཁྱོན་ནི། སྙིང་པོའི་རང་བཞིན་ལ་བྱང་ཆུབ་ཀྱི་བར་དུ་གཞལ་བྱའི་མཐའ་ཅན་དུ་གྱུར་ནའང་། ཐོག་མའི་རྟེན་འབྱུང་སྐུ་དྲིན་གྱི་ལེགས་འབུལ་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་བ། སྟན་དཀར་མི་ཤིགས་རྡོ་རྗེའི་རི་མོ་ཅན། མཚན་དཔེའི་སྐུ་ཡོངས་རྫོགས་བསྟན་


LT37_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོར་ལྷུན་གྱིས་གྲུབ་པས་ཐུབ་པའི་དབང་པོའི་སྣང་བརྙན། ཚངས་དབྱངས་གསུང་མཆོག་ནཱ་དའི་རང་སྒྲས་བདུད་རྩིའི་བགོ་སྐལ་རིས་མེད་དུ་སྦྱིན་པས་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་གྱི་གླེགས་བམ། ཟབ་གསལ་ཐུགས་མཆོག་མཁའ་ཁྱབ་ཀྱི་སྟོང་ཉིད་དང་གདུལ་བྱར་རྗེས་སུ་ཆགས་པའི་ཟུང་དུ་འཇུག་པས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ། ཚན་དང་པོར་ལྷ་རེག །ཕྱི་མཛོད། ལིང་ཡུག་དམར་གཉིས། ལྗང་གཅིག །རས་ཡུག་དམར་གཉིས། སེར་གཅིག །སྔོ་བཅུ་གཅིག །གོས་ཤིང་ཡན་སེར་པོ་ཡུག །བྷ་རས་བཅས་དགུ། ཚན་གཉིས་པར་ལྷ་རེག །ལིང་ཡུག་དམར་གཅིག །སེར་གཅིག །སྔོ་གཅིག །གོས་ཀོང་ཇུ་སེར་པོ་ཡུག །བྷ་རས་བཅས་བདུན། ཚན་གསུམ་པར། ལྷ་རེག །ལིང་སེར་གཅིག །ལྗང་གཅིག །རས་ཡུག་དམར་གཅིག །སྔོ་གཅིག །སེར་གཅིག །སྨུག་གཅིག །བྷ་རས་བཅས་བདུན། སྦྲེ། ཝ། སྤྱང་། སྲམ། གུང་། གཡི། གཟིག་བཅས་ཀྱི་པགས་པ་རེ། བཟང་ཇ་ཆུང་ཇུ་འཁོར་དྲུག་བཅོ་ལྔ། གླ་མགོ་སྟོད་གྲས་འཁོར་དྲུག་བཅོ་ལྔ། རྟ་ཆིབས་གཅིག །རོལ་གཅིག །རྒྱ་དྲེལ་ཨ་མདོ་གསུམ། དཀྱུས་དྲེལ་བཅུ་ཐམ་པ། ཟླ་བའི་མདངས་ཅན་གྱི་ཀཱ་ཤི་ཀཱའི་རས་ཡུག་གི་མཐའ་དཀར་དུ་མཚོན་པ་བཅས། དངོས་འབྱོར་ཀ་མ་ལའི་ཕྲེང་བ་ཅུང་ཟད་


LT37_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བསྟར་བ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ། ལོངས་སྤྱོད་རྣམ་པ་བཞིས་བསྡུས་པ་ཐམས་ཅད་བཟང་པོ་སྤྱོད་པའི་མཆོད་སྤྲིན་ཆེན་པོར་དད་པའི་བློ་ཡིས་བླངས་ཏེ་འབུལ་བར་བགྱིས་པ་ལ། དམིགས་པ་མེད་པའི་ཐུགས་རྗེས་དུས་དང་རྣམ་པ་ཐམས་ཅད་དུ་དགོངས་ཏེ་གསོལ་བ་བཏབ་པའི་རེ་འབྲས་དོན་གྱི་སྙིང་པོས་ལྕི་བར་མཛད་དུ་གསོལ། ཨོཾ་སྭ་སྟི་སིདྡྷཾ། འཆི་མེད་དང་པོའི་སངས་རྒྱས་འོད་མི་འགྱུར་ངེས་པ་ལྔ་ལྡན་རྣམ་སྣང་ཐུགས་རྗེའི་གཏེར། །རྡོ་རྗེའི་སྐུ་ཅན་དཔལ་ལྡན་པདྨ་སྐྱེས། །སྐུ་གསུམ་དབྱེར་མེད་ངོ་བོར་འཚོ་གཞེས་གསོལ། ༡ །སྲེད་ལེན་དྲི་མ་གདོད་ནས་སྤངས་པའི་སྐུ། །གཙང་བའི་ཕར་ཕྱིན་གཞིར་གནས་མཚན་དཔེ་ཅན། །གདུལ་བྱའི་ལུས་དང་འཚམས་པར་སྟོན་མཛད་པ། །འགྱུར་མེད་སྐུ་ཡི་རྡོ་རྗེར་འཚོ་གཞེས་གསོལ། ༢ །རྣམ་འགྱུར་དྲི་མ་གདོད་ནས་སྤངས་པའི་གསུང་། །རྟག་པའི་ཕར་ཕྱིན་གཞོམས་མེད་རང་བྱུང་སྒྲ། །འགྲོ་བའི་སྐད་དང་མཐུན་པའི་ཆོས་འཁོར་ནི། །འགག་མེད་གསུང་གི་རྡོ་རྗེར་འཚོ་གཞེས་གསོལ། ༣ །སྤྲོས་པའི་དྲི་མ་གདོད་ནས་སྤངས་པའི་ཐུགས་ནང་གི་ཕར་ཕྱིན་རྣམ་པ་ཀུན་མཆོག་ལྡན། །སེམས་ཅན་བསམ་པའི་རྗེས་འགྲོ་ཡེ་ཤེས་སྒོ། །འཁྲུལ་མེད་ཐུགས་ཀྱི་རྡོ་རྗེར་འཚོ་གཞེས་གསོལ། ༤ །འཕོ་བའི་དྲི་མ་གདོད་ནས་སྤངས་པའི་དབྱིངས་


LT37_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་ཕར་ཕྱིན་མི་འགྱུར་ཟླ་ཉིས་མཚན། །བསྟན་གཡོའི་སྲོག་ཏུ་ཞུགས་པའི་ཁྱབ་བདག་ཆེ། །ཟག་མེད་ཡེ་ཤེས་རྡོ་རྗེར་འཚོ་གཞེས་གསོལ། ༥ །རྒྱལ་བའི་དབང་ཕྱུག་བསྟན་པའི་ཉི་མ་ནི། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཟི་འོད་ཅན། །འཛམ་གླིང་ཐ་གྲུའི་གདུགས་གཅིག་འགེབས་པ་ཡིས། །སྒྲུབ་བརྒྱུད་རྫོགས་ལྡན་སྐྱེད་ཚལ་བཞད་པ་དང་། ༦ །བསིལ་ལྡན་འཛིན་མའི་ཁོངས་སུ་བདེ་སྐྱིད་ཀྱི། །ནོར་བུའི་རབ་གཏམས་མི་མཐུན་དབུལ་བ་ཞི། །བསམ་དོན་ལྷུན་གྲུབ་དགེ་ལེགས་རྒྱ་མཚོའི་རླབས། །དགུང་དུ་འཆོལ་བས་སྐྱེ་དགུ་འཚོ་བྱེད་ཤོག ༧ །ཅེས་བཀའ་འབངས་ཀྱི་ཐ་ཤལ་བ་རྨོངས་རྟུལ་དྲེད་པོ་བློ་གྲོས་མཐའ་ཡས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ།། ༈ །།སྡེབ་སྦྱོར་ཡི་གེ་བཅུ་བཞི་པ་ནུས་ལྡན་ལ་རྣམ་གྲངས་སྤྱིར་ཆིག་ཁྲུ་དྲུག་སྟོང་སུམ་བཅུ་བརྒྱ་གྱ་བཞི་མཆིས་པའི་ནང་གསེས། ཨུངྡིཥྚ་ཉིས་སྟོང་དགུ་བརྒྱ་སུམ་ཅུ་རྩ་གཉིས་ནས་ཟིན་པ་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བའི་པྲསྟཱ་རས་མཛེས་


LT37_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བདེན་པའི་སྤྲིན་ལས་བྱིན་རླབས་ནོར་བུའི་གྲུ་ཆར་འབེབས། །སྲིད་དང་ཞི་བ་གཉིས་ཀ་མཚན་ཙམ་ཉིད་ཀྱི་དད་པས་སྲུངས། །འདོད་པའི་དངོས་ཀུན་འཇོ་བས་སྐྱེ་དགུ་འཚོ་མཛད་དཔག་བསམ་ཤིང་། །རིན་ཆེན་རྣམ་གསུམ་དགེ་ལེགས་གྲིབ་བསིལ་གཡོ་བ་མེད་གྱུར་ཅིག །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་བཟང་དཀྱིལ་འཁོར་ཤར་མ་ཐག །རྒུད་པའི་མུན་ཁང་བརྟོལ་ཏེ་ཆོས་ནོར་ཐར་པའི་གསེར་འོད་བརྡལ། །མངོན་པར་མཐོ་དང་ངེས་ལེགས་པདྨོའི་དགའ་ཚལ་ཁ་འབྱེད་པ། །འགྲོ་བའི་བླ་མ་བསྟན་པའི་ཉིན་མོར་བྱེད་པའི་ཞབས་ཀྱི་དྲུང་། །མི་ཕྱེད་གུས་པ་ཆེན་པོས་ཕྱག་གིས་བཏུད་དེ་ཞུ་ཞིང་གསོལ་བ། །རྒྱལ་བ་ཀུན་དང་རང་བཞིན་གཅིག་གྱུར་མི་རྟོག་ཆོས་སྐུ་མཁའ་འདྲ་བ། །རྟོགས་པའི་སྟོབས་ཀྱིས་གཟོད་ནས་བྱང་ཆུབ་རྒྱུན་མཐའི་འཕགས་པ་རྣམས་ཀྱི་ངོར། །ངེས་པ་ལྔ་ལྡན་ཞིང་དང་སྐུ་ཡི་ཆོས་ཆེན་རྒྱ་མཚོའི་སྤྲིན་བཀོད་དེ། །འགྲོ་དྲུག་གནས་སུ་མོས་པ་དང་མཐུན་འདུལ་བཞིའི་ཆོ་འཕྲུལ་ཁྱབ་པར་སྟོན། ༡ །སྤྲོས་པའི་མཐའ་ཀུན་དབྱིངས་སུ་བརྟུལ་ནས་ཞི་བའི་བདུད་རྩིས་སིམས་གྱུར་ཀྱང་། །སྲིད་ལ་རྗེས་སུ་ཆགས་པའི་ཐུགས་ནི་དམིགས་མེད་སྙིང་རྗེའི་གཞན་དབང་ཅན། །འགྲོ་བའི་ཁམས་དང་ནམ་མཁའི་ཕ་མཐར་མཉམ་པ་ཉིད་སོང་མཛད་པ་ཡི། །ཆོ་འཕྲུལ་གོ་སྐབས་ས་བཅུའི་རྒྱུན་མཐར་བློ་ཆེན་


LT37_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་གཞལ་བྱར་མིན། ༢ །ཆུ་སྣོད་རྣམས་སུ་རི་བོང་ཅན་གཟུགས་གཅིག་ལས་དུ་མར་ཐ་ལེར་གསལ། །གདུལ་བྱའི་ཡུལ་དང་བསམ་པའི་དབྱེ་བས་བཟོ་སྐྱེ་མཆོག་སོགས་སྤྲུལ་པའི་གར། །དངོས་གཅིག་ཉིད་ཀྱང་དུ་མའི་རང་བཞིན་སྤྱོད་ཡུལ་ཤིན་ཏུ་རྒྱ་ཆེ་བ། །སྐྱེས་པ་རབས་ཀྱི་ཕྲེང་བས་འཁྲུལ་ཡང་ད་རུང་རྣམ་ཐར་ཟད་མི་ཤེས། ༣ །སྲིད་པར་འཇིགས་ལྟའི་སྲེད་པ་དྲག་པོས་བསྐལ་པའི་མཐའ་རུ་འབར་བའི་མེ། །མཚན་གྱི་ཡི་གེ་བདུད་རྩིའི་ཆུ་ཡི་ཟེགས་མ་རེས་ཀྱང་བཅིལ་ནུས་པ། །པདྨའི་ཞལ་རས་ཡོངས་སུ་རྒྱས་ལས་ངེས་པར་ཕྱུང་བའི་ཀེ་ས་ར། །ཀུན་ཏུ་བཟང་པོའི་རྣམ་པར་བཞད་པ་འཇིག་རྟེན་གསུམ་པོ་འཚོ་བའི་དཔྱིད། ༤ །གྲགས་པའི་བ་དན་ཕྱོགས་བཅུར་གཡོ་བ་མཆོད་སྦྱིན་བརྒྱ་པ་གསེར་མངལ་ཅན། །མགྲིན་སྔོན་ཅན་སོགས་འཇིག་རྟེན་སྐྱོང་བའི་གཙུག་གི་ཕུད་བུས་རབ་མཆོད་པ། །ཡིད་དུ་འོང་བའི་ནོར་བུའི་ཚུལ་འཛིན་ལྷན་སྐྱེས་ཡོན་ཏན་རྫོགས་པའི་ཞབས། །འབངས་སུ་གྱུར་རྣམས་སྤྱི་བོའི་རྒྱལ་མཚན་བསོད་ནམས་མཐུ་ཡིས་དེང་འདིར་མཛེས། ༥ ཁ་བ་ཅན་ལྗོངས་སྙན་པའི་ཟེར་འཕྲོ་མཁས་པའི་སྐྱེ་བོ་རིག་པ་འཛིན། །བརྟུལ་ཞུགས་གྲུབ་པའི་སྡོམ་བརྩོན་དག་དང་ས་ཆེན་ལེགས་བྱས་དཔུང་པ་ཡིས། །སྣོད་བཞིན་བཟུང་བའི་ཆེ་དགུའི་ངང་མོ་ཀུན་ནས་འདུ་བ་མཁྱེན་བརྩེའི་རྫིང་། །ཡང་སྲིད་ཀུན་ཏུ་དྲི་མེད་


LT37_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རིང་ཆུ་ཡི་ཕུང་པོས་སེར་མི་བཟོད། ༦ །ཉམ་ངར་གྱུར་ལ་བྱམས་པའི་ཆབ་ཀྱིས་ཁྱོད་ཐུགས་གཟོད་མ་ནས་བརླན་པས། །རྙོགས་པ་ཅན་གྱི་འཇིག་རྟེན་རྣམས་སུ་པད་མཚོར་འཇུག་པའི་ངང་པ་བཞིན། །བརྟན་ཅིང་མི་གཡོ་འཇིགས་པས་མི་འཕྲོག་གང་གི་སྙིང་སྟོབས་གོ་ཆ་ལ། །བདུད་སྡེ་རྣམས་ཀྱང་རང་བཞིན་འདར་ཞིང་བདག་གི་བྱ་བས་ཡི་གི་ལྡོག ༧ །ཡུན་རིང་འདྲེས་ཤིང་བཤེས་སུ་མཛད་ཀྱང་ད་དུང་འཁོར་བའི་གཅོང་ནད་ཅན། །ངན་འགྲོའི་ཁ་སྒོ་རབ་ཏུ་གདངས་པའི་མཆེ་དབྲག་བར་ན་འཇུག་པ་ལ། །ཐབས་མཁས་སྨན་ཆེན་བླང་དོར་ཕྱེད་པའི་མིག་བུ་ཡང་ནས་ཡང་བཅོལ་ཕྱིར། །སྐུལ་བ་མེད་ཀྱང་ཐུགས་རྗེ་ཆེན་པོ་སྨོན་ལམ་དབང་གིས་རྟག་ཏུ་སྐྱེ། ༨ །སྲིད་པའི་སྐྱེ་བ་སྙིང་པོར་བཅད་དང་བྱང་ཆུབ་རབ་ཞིར་གཤེགས་པ་ལས། །སྐྱེ་བ་གཞན་དང་ཞི་བ་ཡང་ནི་ཕྱོགས་སུ་ལྷུང་བའི་བློ་འཁྲུངས་པས། །ཐུབ་གསུང་ཆོས་ཆར་ཇི་སྙེད་པ་ཡང་ཐེག་ཆེན་རོ་ཡིས་ཡང་བགོས་ཏེ། །སྨིན་དང་མ་སྨིན་གདུལ་བྱའི་ཞིང་སར་བགྲོད་གཅིག་ཁོ་ནའི་བཅུད་དུ་དབབ། ༩ །ཆོས་ཀྱི་རྒྱལ་པོ་ལེགས་གསུང་འོད་ཟེར་དྲྭ་བ་སྟོང་གི་གཟི་ལྡན་པ། །རྩོད་པའི་ས་ལ་རྫོགས་ལྡན་བཞིན་ཏུ་ལྟ་བའི་སྙིགས་མ་སྤངས་པས་རྒྱུ། །ཕྱིར་མི་ལྡོག་པའི་གསེར་གྱི་འཁོར་ལོས་ངེས་དོན་གླིང་བཞི་དབང་དུ་སྒྱུར། །ཐུབ་པས་བཞག་པའི་དམ་པའི་ཆོས་


LT37_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྣལ་དུ་གནས་མཛད་ཆོས་ཀྱི་རྗེ། ༡༠ །སྙིང་རྗེའི་དབང་གིས་སྲིད་པའི་རྒྱ་མཚོར་ལམ་གྱི་རང་བཞིན་གཟིངས་བཅས་ཏེ། །སྲོག་ཆགས་བྱེ་བ་བརྒྱ་ཕྲག་ཐར་པ་ཞི་བ་ནོར་བུའི་གླིང་དུ་བསྐྱལ། །དེ་ཙམ་གྱིས་ཀྱང་བརྩོན་པ་མི་འདོར་བསྐལ་བཟང་ཚེ་ལོ་བརྒྱད་ཁྲིའི་བར། །འཁོར་བའི་གཡུལ་ངོར་སྙིང་སྟོབས་ཆེན་པོ་ཉི་ཟླའི་ཤིང་རྟས་རྟག་ཏུ་འགྲོ། ༡༡ །བརྒྱ་ལམ་རེས་འགའ་དཀོན་པའི་མཆོག་གྱུར་ཨུ་དུམྦ་རའི་མེ་ཏོག་བཞིན། །འཇིགས་མེད་གྲགས་པ་ཟླ་བའི་འོད་ཀྱིས་ས་སྟེང་མཐའ་དག་མཛེས་པར་བརྒྱན། །ཉི་ཟླ་ནོར་བུའི་སྣང་བ་ལས་འདས་བསོད་ནམས་བརྒྱ་ཡི་གཟི་བརྗིད་ཅན། །རྟོག་པའི་དྲྭ་བ་བདེ་བར་སྡོམ་མཛད་གདོད་ནས་ཡོངས་གྲུབ་རྡོ་རྗེ་འཆང་། ༡༢ །སྒྲིབ་པའི་འཆིང་བ་མཐའ་དག་བཀྲོལ་ནས་སྲིད་ལས་ཤིན་ཏུ་འདས་གྱུར་ཀྱང་། །ཐུགས་རྗེའི་གཞན་དབང་འགྲོ་ལ་ཆགས་པས་ཚུར་རོལ་པ་དང་རྗེས་སུ་མཐུན། །རྒྱལ་བ་ཀུན་གྱིས་བཀའ་དྲིན་མི་མཚོན་བདག་ཅག་ཐར་པའི་མིག་གཅིག་པུ། །རྟག་ཏུ་བསྟེན་འཚལ་ཕྱག་བཅས་དངོས་པོས་ཐོག་མར་དགེ་བའི་བསྙེན་བཀུར་བགྱི། ༡༣ །ཞེས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་ཕུལ་དུ་བྱུང་བའི་ལང་ཚོས་སྤྲས་པའི་སྙན་ཚིག་པདྨ་གཞོན་ནུའི་ཕྲེང་བས་མཆོད་པའི་གོ་ཕྱེས་ཏེ། ཆོས་ཐམས་ཅད་ཀྱི་དབང་ཕྱུག །འགྲོ་བ་ལྷ་དང་བཅས་པའི་གཙུག་རྒྱན། བདག་ཅག་


LT37_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ། རྒྱལ་ཚབ་བྱམས་མགོན་ཐུགས་རྗེའི་བདག་ཉིད་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ། རིགས་ཐམས་ཅད་ཀྱི་ཁྱབ་བདག །དཀྱིལ་འཁོར་ཐམས་ཅད་ཀྱི་མགོན་པོ། ཀུན་མཁྱེན་ཏཱའི་སི་ཏུ་མཚན་བརྗོད་པར་དཀའ་བ་རྡོ་རྗེ་འཆང་ཆེན་པོ་པདྨ་ཉིན་བྱེད་དབང་པོ་དེ་ཉིད་སྐུ་ཚེ་དང་མཛད་པའི་ཕྲིན་ལས་ཐམས་ཅད་མཐར་ཕྱིན་ཏེ་རེ་ཞིག་གདུལ་བྱ་གཞན་གྱི་དོན་ལ་དགོངས་པ་གཏད་ཀྱང་། ཁར་སོང་གི་ཉི་མ་ད་ནང་འཆར་བ་བཞིན་ཏུ། རྗེས་འཇུག་བུ་སློབ་གདུལ་བྱ་ཡོངས་ལ་དམིགས་པ་མེད་པའི་ཐུགས་རྗེས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མཆོག་གི་སྤྲུལ་པའི་སྐུའི་མཚན་དཔེའི་དཀྱིལ་འཁོར་ལྷམ་མེར་གསལ། གསུང་ཆོས་སྒོ་མཐའ་ཡས་པའི་བདག་ཉིད་ཅན་དུ་སྒྲོགས། ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་སྐད་ཅིག་རེ་རེར་གདུལ་བྱ་ཚད་མེད་པ་སྨིན་ཅིང་གྲོལ་བའི་གནས་ལ་བཀོད། སྤང་རྟོགས་ཡོན་ཏན་མཐའ་དག་གདོད་ནས་རྫོགས་ཤིང་། རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པས་བསྟན་པ་དང་འགྲོ་བའི་དོན་ཆེན་མཛད་པ་གང་ཉིད། རྒྱལ་བ་ཀུན་གྱི་དབང་ཕྱུག །འཇིག་རྟེན་གསུམ་གྱི་མགོན་པོ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །བདག་ཅག་རྣམས་ཀྱི་སྟོན་པ་མཚུངས་མེད་ཐམས་ཅད་མཁྱེན་པ་དཔལ་ལྡན་ཀརྨ་པས་


LT37_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གསུམ་གྱིས་བྱིན་གྱིས་བརླབས། །ཕྱག་གི་པདྨོས་བཀྲ་ཤིས་པའི་མེ་ཏོག་འཐོར་བ་དང་བཅས་ཏེ། །མི་འཇིགས་སེང་གེས་བཏེགས་པའི་ཆོས་ཀྱི་ཁྲི་ཆེན་པོ་ས་གསུམ་ལས་རྣམ་པར་རྒྱལ་བའི་སྙན་པ་ཅན་ག་ལ་བར། ཚངས་དབང་གཙུག་གི་ཅོད་པན་གྱིས་ཡང་ཡང་ཕྱིས་པའི་ཞབས་སེན་ནོར་བུའི་རྒྱལ་པོ་ལེགས་པར་བཀོད་དེ། ཆོས་ཀྱི་རྒྱལ་ཚབ་ཆེན་པོར་གདོད་ནས་གྲུབ་པ་ཡིན་ལ་ཡིན་བཞིན་ཏུ་མངའ་ཆེན་གསོལ་ཞིང་། ཉེ་བའི་སྲས་ཆེན་པོར་དབང་ཆེན་བསྐུར། སྒྲུབ་བརྒྱུད་བསྟན་པའི་བདག་པོར་གཟེངས་བསྟོད་པའི་བཀའ་དྲིན་སྩལ་བས་འཇིག་རྟེན་གསུམ་འཁོར་ཡུག་ཏུ་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ཁྱབ། གདུལ་བྱ་མཐའ་དག་རྫོགས་ལྡན་གྱི་དགའ་སྟོན་གསར་པ་ཉམས་སུ་མྱོང་། །རྗེས་འཇུག་ཡོངས་ལ་བཀའ་དྲིན་གྱི་ཕུང་པོ་ཚད་མ་མཆིས་པ་ཐོབ་པའི་སྐབས་འདིར། ཇི་ལྟར་ཤིན་ཏུ་དག་ཅིང་དྲི་མ་མེད་པའི་ནོར་བུའི་རྒྱལ་པོ་ནི་རྒྱལ་མཚན་གྱི་རྩེ་མོར་བཀོད་དེ་མཆོད་པ་ལས་འདོད་པའི་དངོས་པོ་མཐའ་དག་ཡིད་བཞིན་ཏུ་འཇོ་བ་ལྟར་ཡོངས་སུ་སྦྱངས་པའི་བཻཌཱུརྻ་དང་ཆོས་མཚུངས་པའི་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་ཀྱི་པདྨོར་གུས་པས་བསྙེན་བཀུར་བ་དང་། བདག་ཅག་སྐྱབས་འོག་ཏུ་གྱུར་པ་ཀུན་སྒོ་ཐམས་ཅད་ནས་ཚོགས་ཡོངས་སུ་རྫོགས་པ་དང་། ཐུགས་


LT37_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གཟིགས་པས་གཞར་ཡང་མི་འདོར་བར་ཞབས་པད་བསྐལ་པ་བརྒྱ་ཕྲག་ཏུ་བརྟན་པ་དང་། བྱང་ཆུབ་སྙིང་པོ་ལ་འདུག་ཀྱང་གཞལ་བྱའི་མཐའ་ཅན་ཏུ་གྱུར་པའི་བཀའ་དྲིན་གྱི་ཆ་ཤས་ཙམ་ཅི་ནུས་སུ་གསོབ་ཕྱིར་ཐོག་མར་དགེ་བའི་མཎྜལ་མཚོན་བྱེད་དུ། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་ཞིང་བཀྲ་ཤིས་ཀྱི་རེ་ཁཱ་རྣམ་པར་བཀྲ་བ། སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་རི་མོ་རབ་ཏུ་བརྟན་པས་བརྒྱན་པ། རིན་ཆེན་གཉིས་པ་ལས་གྲུབ་པའི་མཎྜལ་བཀོད་ལེགས་དར་དཔྱངས་སྣ་ལྔའི་ཆུན་པོ་ཅན་རི་གླིང་གི་ཚོམ་བུས་མཛེས་པ། སྐུ་འགྱུར་བ་མེད་པ་བདེ་སྟོང་ལང་ཚོ་གསར་པས་རྟག་ཏུ་གང་བའི་འཆི་མེད་རིག་འཛིན་གཞོན་ནུའི་ཚུལ་གྱིས་བསྐལ་ཆེན་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པར་གསོལ་བ་འདེབས་པའི་རྟེན། གསུང་འགགས་པ་མེད་པ་མི་ཤིགས་ནཱ་དའི་རང་སྒྲས་ཕྱིར་མི་ལྡོག་པའི་ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུང་བར་གསོལ་བ་འདེབས་པའི་རྟེན༴ ཐུགས་གཡོ་བར་མེད་པར་མཁྱེན་པས་སྲིད་ལས་འདས་ཀྱང་སྙིང་རྗེས་ཞི་བའི་མཐའ་སྤངས་ཏེ་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ནམ་ཡང་མི་བརྟུལ་བར་གསོལ་བ་འདེབས་པའི་རྟེན༴ ཡོན་ཏན་འབད་པ་མེད་པར་གདུལ་བྱའི་རེ་བ་མཐའ་དག་ཡིད་བཞིན་ཏུ་སྐོང་ནུས་པའི་སྐྱེས་ཐོབ་རྒྱ་མཚོ་ལྟ་བུའི་མཐུ་བདེ་བླག་ཏུ་སད་པ་གསོལ་བ་འདེབས་པའི་རྟེན༴ རིན་


LT37_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བུམ་པ་བཅུད་ཀྱིས་གང་བ་སོགས་མཆོད་ཆ། ཕྱག་ཌ་དྲིལ། གོང་མའི་ཕྱག་པོད། ས་གཞོང་སོགས། བཟང་གོས་ཀྱི་སྐུ་ཆོས་སོགས་ན་བཟའི་སྐོར་བྲི༴ཕྲིན་ལས་རྩོལ་བར་མེད་པར་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་གང་འདུལ་གྱི་མཛད་པ་ནོར་བུ་དཔག་བསམ་ཤིང་ལྟར་ལྷུན་གྱིས་གྲུབ་པར་གསོལ་བ་འདེབས་པའི་རྟེན༴གནམ་བརྐོས་གོང་མ་ཏཱ་མིང་ཆེན་པོས་ཕུལ་བའི་གསེར་ཐམ་དང་ཤེལ་ཐམ། གསེར་ཡིག །དུང་དཀར་པོ་དར་སྣས་བརྒྱན་པ་ཆ་སོགས་རོལ་མོའི་རིགས༴ཚན་དང་པོར་ལྷ་རེག་བསོད་ཐག་སོགས་ལྔ། ཚན་པ། ཚན་པ་དེ་མཚུངས། ཚན་བཞི་པ་ལྷ་རེག་ཕྱི་མཛོད་སོགས་བདུན། ཚན་པ། ཚན་པ། ཚན་པ་དེ་མཚུངས། ཚན་པ་བར་མཛོད་སོགས་དགུ། ཚན་པ། ཚན་པ། ཚན་པ། ཚན་པ་དེ་མཚུངས། ཚན་པ་ལྷ་རེག་ནང་མཛོད་སྲིད་རིང་སོགས་བཅུ་གསུམ། སྤུ་ཤུན་སོགས་བྲི། བགྲང་བྱ་ དུང་ལྟ། བརྒྱ་ཕྲག་དུ་་མར་ཞབས་པད་འགྱུར་བ་མེད དུང་ལྟ། དུང་ལྟ། དུང་ལྟ། གསེར། གསེར། པར་གསོལ་བ་ གསེར་དངུལ་ འདེབས་ཕྱིར་བཞུགས་འབོལ། བཞུགས་གདན་སྐོར་འདྲི། བཀྲ་ཤིས་པའི་ཁ་དོག་ཟླ་བའི་མདངས་ཅན་གྱི་ཀཱ་ཤི་ཀའི་རས་ཡུག་ཆེན་དང་། འབྱོར་དྲུག་དབྱར་མཚོ་ལྟར་རྒྱས་པར་མཚོན་པའི་བཟང་གོས་གསེར་གྱི་མདངས་


LT37_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡུག་རིང་བཅས་ཀྱིས་མཐའ་བརྟེན་ཏེ། འབྱོར་བའི་ཁྱད་པར་འདི་དག་གིས་མཚོན་བདག་ཅག་རྣམས་ཀྱིས་དུས་གསུམ་བསགས་པའི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་རྣམས་ཀྱང་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཆེན་པོར་སྤྲོས་ཏེ། གུས་པ་ཆེན་པོས་འབུལ་ལམ་ཞུ་ན། བརྩེ་བ་ཆེན་པོས་དགྱེས་པར་བཞེས་ལ་དམིགས་པ་མེད་པའི་ཐུགས་རྗེས་རྗེས་སུ་འཛིན་པ་ཅི་གནང་། སླར་ཡང་གསོལ་བ་འདེབས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྗིད་པས་བལྟ་བར་འོས་པའི་རྡོ་རྗེའི་སྐུ། །རྣམ་དག་ཕུང་པོ་མཐོང་ན་མི་མཐུན་མེད་ཉིད་མཐོང་བས་ཉེས་པ་ཟད། །སྐྱེ་ཚུལ་སྟོན་ཀྱང་སྐྱེ་བ་མེད་པས་འགག་པའི་སྤྲོས་པ་བྲལ་པར་གཟིགས། །ཀུན་བརྟག་འཕོ་འགྱུར་བྲལ་བས་རྟག་པའི་འགྱུར་མེད་ཡོངས་སུ་གྲུབ་བཞུགས་གསོལ། ༡ །ཆུ་བོ་ཆེན་པོ་ངེས་པར་བརྒལ་ཞིང་འཇིགས་ཚོགས་རི་ཡི་རྩེ་མོ་བསྙིལ། །ཉོན་མོངས་ཟུག་རྔུ་དྲུང་ནས་འབྱིན་བྱེད་ཐེག་མཆོག་དམ་པའི་ཆོས་ཀྱི་དུང་། །ཤེས་བྱའི་ཕ་རོལ་ལེགས་པར་སོན་པའི་སྐྱེས་ཐོབ་ཤུགས་ཀྱིས་འབུད་བ་ལས། །འགྲོ་བ་རྒྱུད་ལྔའི་མ་རིག་གཉིད་སློང་མཁྱེན་གཉིས་ཡེ་ཤེས་སད་པར་མཛོད། ༢ །ཉེར་ལེན་མི་མངའ་ཆོས་ཀུན་དབྱིངས་སུ་ཡང་དག་འཇུག་དང་ལྡང་བ་ཡི། །ཏིང་འཛིན་སྒོ་མོ་སྐད་ཅིག་རེ་རེར་བསམ་མི་ཁྱབ་པ་དབྱེ་བཟོད་ཀྱང་། །རེ་བ་སྐོང་བའི་དམ་བཅའི་གོ་ཆ་གཞར་


LT37_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སློད་གདུལ་བྱ་ལ། །སྙིང་རྗེའི་གཟིགས་པ་གཡོ་མེད་གསོལ་ཞེས་རེ་བའི་འབྲས་བུ་དོན་ལྡན་མཛོད། ༣ །ཀུན་དགའི་འཛུམ་གྱིས་སྐལ་བཟང་སྐྱེ་བོ་མགྲོན་ཏུ་འགུགས་ཤིང་ཡིད་འཕྲོག་པ། །ཟླ་བའི་མེ་ལོང་བདུད་རྩིས་བཀྲུས་འདྲ་འབྲི་གང་བྲལ་བས་དཔེར་མི་བཟོད། །གཏིང་མཐའ་མི་མངོན་ཡོན་ཏན་རྒྱ་མཚོར་རྣམ་དཔྱོད་མུ་ཏིག་རླབས་གཡོ་བས། །ས་སྟེང་བློ་ལྡན་གཞོན་མུའི་གཙུག་ཏུ་ལེགས་བཤད་དོགས་པ་འགོད་མཛད་གསོལ། ༤ །ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་ཕྲིན་ལས་ལྷ་ཡི་རྔ་བོ་ཆེ། །དུས་མ་ཡིན་ལ་རྩོལ་མི་མངའ་ཡང་དུས་སུ་བཏང་སྙོམས་མི་མཛད་པས། །ཆོས་ཀྱི་སྣོད་ལྡན་དད་པས་སྨིན་རྣམས་མཐའ་གཉིས་ལྟ་བ་སུན་འབྱིན་དབྱངས། །རྒྱུན་ཆད་མེད་སྒྲོག་འཁོར་ལོ་གསུམ་ཚུལ་འཁོར་བ་སྲིད་དུ་བསྐོར་མཛད་གསོལ། ༥ །རྡོ་རྗེའི་བཅུད་ཀྱིས་རབ་རྒྱས་སྐུ་ནི་འཆི་མེད་རྟག་པའི་ལང་ཚོས་སྒེག །དྲང་ངེས་དབྱངས་ཀྱི་ཡན་ལག་རྫོགས་པས་གཞོམ་མེད་སེང་གེའི་སྒྲ་ཆེན་སྒྲོག །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་དབྱིངས་མི་འགྱུར་བདེ་དང་ཟུང་འཇུག་པ། །གསར་པ་གསུམ་གྱི་རྣམ་ཐར་ཕྱག་རྒྱ་རྟག་བརྟན་ཐེར་ཟུག་ཡོངས་གྲུབ་ཤོག ༦ །མཚན་གྱི་དབྱངས་སྙན་ཐོས་ན་སྤྲོ་སྐྱེད་མཐོང་བ་རྣམས་ནི་དོན་ཡོད་མཛད། །གང་ཞིག་བསྟེན་པས་འཇིགས་མེད་བློ་ཐོབ་བསྙེན་བཀུར་ཙམ་ཡང་


LT37_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དགྲོལ། །ཡོན་ཏན་རིན་ཆེན་དུ་མའི་འབྱུང་གནས་དྲི་མེད་ཡེ་ཤེས་རྒྱ་མཚོ་རུ། །བསོད་ནམས་ཆུ་ཀླུང་བྱེ་བ་སྙེད་ཀྱི་བསྟི་སྟང་སྡུད་པས་གང་གྱུར་ཅིག ༧ །ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་སྐྲེངས་པས་ཡིད་སྲུབ་དགའ་བའི་བ་དན་བསྙལ། །རབ་བརྟན་རྡོ་རྗེ་མྱུ་གུའི་ཕྲེང་བར་ཆོས་དཀར་ཟིལ་དངར་འཛག་པའི་བཅུད། །ཕྱོགས་ཀྱི་བུ་མོའི་རྣ་བའི་སྙིམ་པས་བདུད་རྩིའི་རྒྱུན་བཞིན་འཐུངས་པ་ལས། །གུས་པས་མཆོད་པའི་གདུལ་བྱའི་འབྱོར་པ་ས་སྟེང་ཀུན་ཁྱབ་བཀྲ་ཤིས་ཤོག །སརྦ་དིཀྵུ་ཀཱ་ལ་དཱ་ཤྲཱི་སྭ་སྟི་ཀ་ལྱཱ་ཾ་སིདྡྷིརྦྷ་བནྟུ། །ཨོཾ་སྭ་སྟི་སིདྡྷི་ར་སྟུ།། ༈ །སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་པ་བ་་པ་ཞེས་བྱ་བའི་བྲསྟཱ་ངས་མཛེས་པར་སྤུང་བའོ། །ཨོཾ་སྭ་སྟི་སིངྦྷི་ར་སྲུ། བསོད་ནམས་བྱེ་བའི་རིན་ཆེན་རྒྱུད་ལ་སོགས། །ཤིན་ཏུ་ཚོགས་པ་མཚན་གྱི་ཏམྦུ་ར། །ཐོས་པ་ཁོ་ནས་འདོད་རྒུའི་མཆོག་སྦྱིན་པ། །ཚེ་མཐའ་ཡས་པའི་ཤིས་པ་དེང་འདིར་སྩོལ། །


LT37_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་གྲུབ་ཀུན་ཟུར་ཕུད་གསེར་གྱི་པདྨ་ཡིས། །རྣམ་པར་མཛེས་པ་ཁྱོད་ཞབས་ནོར་བུའི་རྡུལ་བཏབ་པས། །སྡིག་པ་རབ་འཕྲོག་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕུན་ཚོགས་མཐའ་དག་ཡིད་བཞིན་འཇོ་བ་གང་དེ་རྒྱལ། །གང་གི་དཀྱིལ་འཁོར་འགྱུར་བ་མེད་པའི་བདེ། །བྱམས་པས་ཡོངས་བཟུང་ག་པུར་དོ་ཤལ་ཅན། །ཡང་དག་མཐའ་ལ་མངོན་པར་མི་ཞེན་པར། །འགྲོ་འདུལ་སྲིད་ལ་རོལ་པའི་ངོ་མཚར་བཀྱེ། །གཞན་ཏུ་སྨོན་ལམ་དག་པའི་སར་སྦས་པ། །ངེས་གསང་བསྟན་པའི་རྒྱལ་ཐབས་མཛེས་པའི་ནོར། །སྐལ་བཟང་མགྲོན་ཏུ་ཕྱུང་བའི་གཏམ་སྙན་གྱིས། །རིག་བྱེད་དྲན་པོའི་ཡིད་ཀྱང་བསླུ་བར་ངེས། །ཇི་ལྟར་རིན་ཆེན་རྩིག་ལོགས་གཟུགས་བརྙན་བརྒྱ། །མ་འདྲེས་འཕོས་ཀྱང་དངོས་པོ་དྭངས་པར་ཟད། །རྙོགས་ལྡན་བཞིན་གྱི་སྣོད་དུ་དབྱིབས་དག་གི། རང་བཞིན་གསལ་བ་མཆོག་ཏུ་གྲུབ་དེ་བཞིན། །དབང་རབ་ཁྲོད་ན་མཁའ་ཁྱབ་ཏིང་འཛིན་གྱིས། །ཟབ་གསང་ཆོ་འཕྲུལ་འདོད་རྒུར་སྒྱུར་བ་ལས། །སྙིགས་མའི་དུས་འདིར་བརྟུལ་ཞུགས་འཆང་བ་ཡི། །གྲུབ་པའི་དཔའ་བོ་གང་ཁྱོད་རྨད་དུ་བྱུང་། །དཔལ་ཀུན་རྫོགས་པའི་རྣམ་ཐར་རྒྱ་མཚོ་འཁྱིལ་པ་ལ། །པདྨ་ལྟར་མཛེས་སྙན་ཚིག་དོག་པས་བཅིངས་ན་ཡང་། །ཡོངས་སུ་མི་རྫོགས་ཕྱོགས་བློ་ཀུནྡའི་


LT37_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མྱུ་གུ་ནི། །ཡ་མཚན་ཤེལ་གྱི་ཐུར་མས་ཅུང་ཟད་ཕྱེས་པ་བཞིན། །མཚན་དཔེའི་ངོ་མཚར་འགྲོ་བའི་དཔྱིད་དུ་ལྗོངས་འདིར་སྣང་བ་གང་ཡིན་པ། །སྐལ་བཟང་ཡི་ག་རངས་བྱེད་རྡོ་རྗེའི་རྐང་བཏེགས་བཀོད་ལས་མི་གཡོ་བར། །དད་གསུམ་བཻཌཱུའི་སྤྲིན་ལས་འཐོན་པའི་མཆོད་ཚོགས་པུཎྜ་རཱི་ཀའི་ཆར། །ཤིས་པའི་དབྱངས་དང་ལྷན་ཅིག་བསྙིལ་བས་ས་བླའི་ལམ་ཆེན་མཛེས་པར་བགྱི། །ཞེས་དགེ་ལེགས་ཀྱི་ཚིགས་སུ་བཅད་པ་ཀ་མ་ལ་གསར་དུ་བཞད་པ་ལྟ་བུའི་མདུན་བསུས་ཏེ། དེ་ཡང་། རིག་པ་འཛིན་པ་ཡོངས་ཀྱི་དབང་ཕྱུག །མཁྱེན་བརྩེ་ནུས་པའི་མངའ་བདག །གྲུབ་པའི་འཁོར་ལོས་སྒྱུར་བ་སྐྱབས་མཆོག་དཔའ་བོ་རིན་པོ་ཆེ་མཆོག་གི་ཞབས་པད་ཕན་བདེའི་འབྱུང་གནས་གང་ཉིད། མ་ཧཱ་བྷོ་ཊའི་ལྗོངས་ཀྱི་བསྟན་དང་འགྲོ་བའི་གླིང་དང་དཔུང་གཉེན་དམ་པར་བཀོད་ཅིང་། ཁྱད་པར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་ཆེན་པོར་ཡབ་སྲས་ཞལ་རྒྱས་གྲུབ་པའི་དབུ་ཐོན་ལེགས་འབུལ་དང་། ཞབས་པད་ཡུན་ཏུ་བརྟན་པའི་ཕྱིར་བདེན་ཚིག་གིས་ཐུགས་རྗེ་བསྐུལ་ཞིང་གསོལ་བ་འདེབས་པའི་རྟེན་མཎྜལ་མཚོན་བྱེད་དུ། ཐོག་མར། བཀྲ་ཤིས་པའི་ལྷ་རེག་སྲིད་དུ་རིང་བ༴བཅས་བརྩེ་བ་ཆེན་པོའི་སྤྱན་ཟུར་གཡོ་བའི་རྟེན་མཚོན་ཙམ་དུ་འབུལ་ལམ་ཞུ།


LT37_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། །དགེ་ལེགས་སྣང་བས་འཇིག་རྟེན་མཛེས་པ་དང་། །མི་དགེའི་མུན་པ་མཐའ་དག་ནུབ་པ་དང་། །རྣམ་གྲོལ་པདྨ་ལྷན་ཅིག་རྒྱས་པ་ཡིས། །ཁོར་ཡུག་བར་དུ་ཉི་མའི་དཔལ་ཡོན་བཟུང་། །ཤིན་ཏུ་སྦྱངས་པ་རབ་བརྟན་གསེར་གྱི་ཁྲིར། །བྱམས་པའི་གདུགས་དཀར་བསིལ་ལས་རྟག་ཁྱབ་ཀྱི། །ཕྲིན་ལས་རྔ་ཡབ་ནོར་བུའི་ཡུ་བ་ཅན། །མི་གནས་ཤེས་རབ་མཛེས་མས་གཡོ་བ་བཞིན་ཏུ། །བསྐལ་པའི་མཐར་ཡང་ཞབས་ཟུང་རྡོ་རྗེ་ཡི། །མདུད་པ་གཅིག་ཏུ་བསྣོལ་ལས་མི་གཡོ་བར། །ངེས་གསང་བླ་ན་མེད་པའི་ཆོས་ཆར་གྱིས། །འགྲོ་ཁམས་རྒྱ་མཚོ་སྨིན་ཅིང་གྲོལ་བར་མཛོད། །དུས་ཀྱི་འགྱུར་བ་གཟེངས་པ་ཡིད་སྲུབ་སྤྲིན། །མཐུ་སྟོབས་དྲི་གཞོན་ཤུགས་ཀྱིས་མིང་ཙམ་ཡང་། །རྣམ་པར་འཐག་པའི་གོ་ཆ་ཆེར་བཞེས་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་བསྒྲེངས། །སྒྱུ་འཕྲུལ་དྲྭ་བའི་ཆ་ཤས་རྫོགས་པའི་ཉིན་བྱེད་ཀྱིས། །འཇིག་རྟེན་གསུམ་གྱི་ར་རི་ཟོས་པས་བདེ་བ་ཆེར། །དག་པའི་རྒྱས་བཏབ་མཆོག་ཏུ་མི་འགྱུར་ཆུ་སྐྱེས་ན། །རྡོ་རྗེ་སྙིང་པོའི་འཁོར་ལོར་སྡོམ་པས་མཛེས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ི་བནྟུ།། ༈ །།སྡེབ་སྦྱོར་མཉམ་པའི་པྲྀཏྟ་ལས་ཡི་གེ་བཅུ་པ་ཕྲེང་ལྡན་མའི་བྱི་བྲག་ལས། ཨུངྡི་༡༢༡ནས་ཟིན་པ་འཁར་རྔ་ཞེས་


LT37_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་པྲསྟཱ་རས་མཛེས་པའོ།། ༈ །།གེ་ལེགས་བྱེ་བའི་སྙིང་པོ་སྤུངས་པ་ལས། །ཕྲིན་ལས་འདི་རྒུར་བསྒྱུར་བའི་དཔའ་བོ་ཆེ། །འགྲོ་འདུལ་སྙིང་སྟོབས་དཔག་ཡས་རབ་འབར་བས། །ཕྱོགས་ལས་རྣམ་པར་རྒྱལ་བ་གང་དེའི་དྲུང་། །ཚོགས་གསུམ་འོད་སྟོང་རླབས་ཀྱིས་ཕྱེས་པ་ཡི། །གསང་གསུམ་ལུང་དང་རྟོགས་པའི་སྦྲང་རྩི་ཅན། །སྲིད་གསུམ་སྐྱེ་དགུའི་གཙུག་ཏུ་སྦ་བ་དེར། །དད་གསུམ་བུང་བ་གཞོན་ནུའི་དབྱངས་ཀྱིས་བཏུད། །སྙིགས་ལྔའི་མུན་པའི་ངད་ཀྱིས་སྦྱིན་ལ་སོགས། །སྤྱོད་དཀར་མོག་པོར་གྱུར་པ་བོད་ཆེན་དུ། །སྣང་བའི་སྒོ་འཕང་འབྱེད་པའི་ཟེར་ཙམ་ཡང་། །འདྲེན་བྱེད་རྒྱུ་སྐར་ཚོགས་ཀྱིས་བསྒྲུན་ཏུ་ཅི། །གང་ཐུགས་སྟོང་ཉིད་སྙིང་རྗེའི་མཛེས་མར་ཆགས། །བདེ་ཆེན་བདུད་རྩིས་མྱོས་པའི་ལང་ཚོ་ངོམས། །སྣང་སེམས་དབང་དུ་རོལ་པའི་སྒྱུ་ཐབས་ཀྱིས། །ཉི་འོག་སྐྱེ་དགུའི་ཁ་ལོ་གྱེན་ཏུ་


LT37_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། །དབྱར་གྱི་དགའ་སྟོན་རྒྱས་པས་སྨན་ལྗོངས་དང་། །པད་ཚལ་འབྲས་བུ་འབྱུང་བའི་ཤིང་ལ་སོགས། །སྐྱེ་བོའི་དགའ་བ་ཇི་སྙེད་འཕེལ་འགྱུར་བ། །མ་དྲོས་བདག་པོའི་བསོད་ནམས་སྟོབས་ལས་ཏེ། །མཁས་པའི་གླང་པོ་བཙུན་པའི་ཡུལ་འཁོར་འཛིན། །གྲུབ་པའི་ཅང་ཤེས་ཀུན་ཀྱང་སྨིན་གྲོལ་གྱི། །འོ་མཚོའི་ཀློང་ན་སྙིང་པོའི་བཅུད་ཟ་བ། །འདི་ཀུན་རྣམ་འདྲེན་ཀླུ་དབང་ཁྱོད་ཀྱི་མཐུ། །བདུད་སྡེ་ཕྱི་མར་འཐག་པའི་ནུས་སྟོབས་དང་། །སྐལ་ལྡན་ཀུན་དགར་བགྱིད་པའི་ཤུགས་ཕྱུང་ནས། །རིག་འཛིན་རྒྱལ་བའི་སྲས་ཀྱི་མཛད་བཟང་གི། །གྲིབ་བསིལ་མཆོག་ཏུ་འགྲོ་ཀུན་ངལ་འཚོས་པས། །རྫིང་གི་ཨུཏྤལ་ཉི་མས་མདངས་ཕྱུང་ཞིང་། །རྨ་བྱའི་དཔལ་ནི་འབྲུག་སྒྲས་བསྐྱེད་པ་ལྟར། །རྨད་བྱུང་ཡོན་ཏན་གྱིས་དྲངས་ཡིད་དང་བས། །མཆོད་ཅིང་བསྔགས་པར་མཚོན་པའི་རྣམ་དཀར་སྤྲོ། །ཞེས་བཀྲ་ཤིས་པའི་གྲངས་དང་ལྡན་པའི་ཚིགས་སུ་བཅད་པས་མདུན་བསུས་ནས། དེང་གི་ཆར་ཡང་། འགྲོ་བ་ཡོངས་ཀྱི་བླ་མ། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་པ་དག །མཆོག་གི་རིག་པ་འཛིན་པ་ཆེན་པོ། གང་གི་ཞབས་པད་དགེ་མཚན་གྱི་རེ་ཁཱས་རྣམ་པར་མཛེས་པ་གདན་ས་ཆེན་པོ་འདིར་བཀོད་དེ། རིས་མེད་བསྟན་འགྲོའི་དོན་ལ་ཐུགས་གཞོལ་བའི། སྨིན་གྲོལ་ཆོས་ཀྱི་


LT37_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་དབབ་པ་གཙོས། ཇི་ལྟར་རེ་བའི་ཤིང་རྟ་ཕྱུར་བུར་འགེངས་པར་མཛད་པའི་སྐུ་དྲིན་ནམ་མཁའི་ཕ་མཐར་བརྒལ་བས་ཟང་ཟིང་གིས་ཕྱོགས་ཨ་ཆ་ཙམ་ཡང་ལན་ལྡོན་པར་མི་ནུས་མོད། བསོད་ནམས་ཀྱི་དངོས་པོ་འདུ་བྱ་བ་དང་། སླར་ཡང་བསྐལ་པ་རྒྱ་མཚོར་ཞབས་པད་རྡོ་རྗེའི་སྙིང་པོ་ཅན་ཏུ་བརྟན་ཅིང་། ཁྱབ་པ་དང་རྟག་པའི་མཛད་ཕྲིན་མི་ཟད་པ་རྒྱན་གྱི་འཁོར་ལོར་བསྒྱུར་བར་གསོལ་བ་འདེབས་རྟེན་མཎྜལ་མཚོན་བྱེད་དུ། ཐོག་མར། བཀྲ་ཤིས་པའི་ལྷ་རེག་རབ་དཀར་སྲིད་དུ་རིང་བ་སོགས། །སླད་དུ་གཞོམ་མེད་སྟོང་ཉིད་རྡོ་རྗེའི་ཁྲིར། །མཚན་བྲལ་ཟུང་དུ་འཇུག་པའི་ཞབས་བསྣོལ་ཏེ། །སྨོན་པ་མེད་པའི་ཏིང་འཛིན་སྒོ་བརྒྱལ། །འཇུག་དང་ལྡང་བས་སྲིད་ཞིའི་མཐའ་གཅོད་མཛོད། །ཁྱད་པར་མཚོ་སྐྱེས་རྒྱལ་བའི་བསྟན་མཆོག་དང་། །མཉམ་མེད་ཟླ་འོད་གཞོན་ནུའི་རིང་ལུགས་ཀྱི། །རྫོགས་ལྡན་དཔལ་ཡོན་གསར་དུ་འདྲེན་པའི་ཁུར། །སྤོས་གྱི་གླང་པོའི་སྟོབས་ལ་ཅོ་འདྲིར་གསོལ། །བཀྲ་ཤིས་རྣམ་དཀར་ཁོག་པ་གཡས་སུ་འཁྱིལ། །ཆོས་ནོར་འདོད་དང་ཐར་པའི་གསེར་གཤོག་བཀྲ། །ཕྱོགས་ལས་རྣམ་རྒྱལ་སྐྱེ་བ་ལྔ་པའི་དབྱངས། །ས་གསུམ་སྐྱེ་དགུའི་རྣ་བར་འབབ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ།། ༈ །།ཤྲཱི་སྭསྟི་ཀ་ལྱཱ་ཾ་བི་ཛ་ཡ་


LT37_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷནྟུ། རབ་འབྱམས་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་རང་གཟུགས། ལུང་རྟོགས་དམ་པའི་ཆོས་ཀྱི་གླེགས་བམ། འཕགས་པ་རྒྱལ་བའི་རྗེས་སྐྱེས་ཚོགས་མཆོག་མ་ལུས་པའི་འབྱུང་གནས། གསང་བ་ཟབ་མོའི་མཛོད་འཛིན་པའི་རྒྱལ་བའི་སྙན། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཏུ་གྱུར་པའི་འཁོར་ལོའི་དབང་ཕྱུག །ངེས་པ་དོན་གྱི་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་པད་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་གང་གི་ཉེ་དྲུང་དུ། གུས་པ་ཆེན་པོ་དང་བཅས་ཏེ་ཚིག་གི་ལམ་ནས་ཅུང་ཟད་ཞུ་བའི་མཆིད། གང་ཞིག་མཁྱེན་གཉིས་འོད་ཀྱི་དྲ་བས་ཤེས་བྱ་ནམ་མཁའ་ཡངས་པའི་ཕ་མཐར་སྙོམས་པར་བཀབ། །དམིགས་པའི་སྤྲོས་བྲལ་ཆོས་ཀྱི་མཛོད་ནི་མཁྱེན་དང་བརྩེ་བའི་ནོར་བུ་བྱེ་བས་གཏམས་པ་བཞིན། །མི་རྟོག་ཏིང་འཛིན་རྒྱ་མཚོའི་རྡུལ་སྙེད་འཇུག་དང་ལྡང་བས་སྲིད་པའི་འཁྲུལ་འཁོར་རྣམ་པར་འཇིག །གང་ཐུགས་ཆོས་སྐུ་སྐྱོན་བྲལ་ཡོན་ཏན་རྫོགས་པའི་སངས་རྒྱས་ལྷར་བཅས་འགྲོ་བའི་སྒྲོན་མེད་གྲུབ། །ལུང་དང་རྟོགས་པའི་སྣང་བ་མ་ལུས་ཕྱོགས་གཅིག་བསྡུས་པའི་ཆོས་ཀྱི་ཉིན་བྱེད་མུན་པའི་གཉེན། །སྐམ་པ་རྣམས་ལ་བདུད་རྩི་བཞིན་ཏུ་ཟབ་རྒྱས་འདོད་རྒུ་ལྷུག་པར་གྲོལ་པའི་ཆོས་ཀྱི་གཏེར། །ཐུབ་པའི་དགོངས་པ་ངེས་པར་འགྲོལ་ནུས་


LT37_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་ཁྱོད་གསུང་ཆོས་ཀྱི་ཤིང་རྟ་རང་དབང་ཅན། །ཡོངས་རྫོགས་བསྟན་པའི་ཁང་བཟང་མཛེས་བྱེད་ཆོས་ཀྱི་རྒྱལ་མཚན་མཁས་མང་བྱེ་བའི་བླ་ན་བསྒྲེངས། །ཚངས་སྤྱོད་དཔལ་དང་ལྡན་པའི་མཚན་དཔེའི་དཀྱིལ་འཁོར་དྲི་བྲལ་ལྷ་མའི་དབུས་ན་ལྷམ་མེ་བ། །མ་ལུས་ཕྱོགས་ལས་རྣམ་པར་རྒྱལ་བའི་རང་དབང་ཆེན་པོས་སྐལ་བཟང་དག་ལ་དབུགས་འབྱིན་བསྩལ། །རིག་གྲོལ་མངོན་རྟོགས་ནམ་མཁའི་མངལ་ཁུར་ཐུབ་པའི་རྒྱལ་མཚན་ཐུན་མཚམས་གསར་པའི་གོས་ཀྱིས་བཀབ། །བསླབ་པ་གསུམ་ལས་བསོད་ནམས་ཞིང་བརྙེས་ཚོགས་མཆོག་པདྨོའི་ནགས་ཀླུང་རྒྱས་པའི་གོ་སྐབས་ཕྱེ། །དངོས་པོ་ཀུན་གྱི་སྲོག་ཏུ་ཞུགས་པའི་ཁྱབ་བདག་བདེ་ཆེན་སྒེག་པའི་ལང་ཚོས་བསྙེམས། །ཡི་གེ་སྤངས་པའི་རྡོ་རྗེའི་སྒྲ་ཡིས་གསང་བའི་གྲུབ་མཐའ་དབང་རབ་རྣ་བའི་བཅུད་དུ་བརྟོལ། །གཉུག་མའི་སྟོང་དང་སྙིང་རྗེ་ཁ་སྦྱོར་རྡོ་རྗེ་འཆང་ཞེས་དཀྱིལ་འཁོར་སྤྲིན་ཆེན་སྤྲོ་དེ་དང་། །འཇམ་པའི་དཔལ་སོགས་རྒྱད་ཀྱི་བདག་རྣམས་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་ཆོ་འཕྲུལ་ཉིད། །ཐུགས་བསྐྱེད་ཆེན་པོས་ཆོས་ཕྱིར་བཟོད་པའི་སྙིང་སྟོབས་ཁུར་ཆེན་ཕྲག་པར་བསྣམས་པ་གང་ཡིན་དང་། །ཐུགས་རྗེ་ཆེན་པོས་བརྩོན་པའི་གོ་མནབས་སྐྱོ་དུབ་སྤངས་པའི་ཆོས་འཁོར་བསྐོར་བ་གང་ཡིན་དང་། །བཀའ་དྲིན་


LT37_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཟབ་ཅིང་རྒྱ་ཆེའི་འདོད་རྒུའི་ཕ་ཕོག་རིན་ཐང་མེད་སྩོལ་གང་ཡིན་པ། །དེ་ཡི་ལན་ལྡོན་སྙིང་པོའི་བར་དུ་སླ་བ་མིན་ཀྱང་རང་གི་ཚོགས་རབ་སྦེལ་ལ་ཞུགས། །ཞེས་ཆེད་དུ་བརྗོད་པས་མདུན་བསུས་ཏེ། དེ་ཡང་གནས་ཕུན་སུམ་པ་རྡོ་རྗེ་སེམས་དཔའི་ཚལ། བཀྲ་ཤིས་པའི་མཛོད། ས་ལ་སྤྱོད་པའི་དགའ་ལྡན་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་ངོ་མཚར་གཞལ་དུ་མེད་པའི་མཆོད་སྡོང་རིན་པོ་ཆེ་དགོས་འདོད་ཀྱི་སྙིང་པོ་འབྱུང་བ་སོགས་ཁྱད་པར་དུ་འཕགས་པའི་རྟེན་དང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བཟང་པོ་སྤྱོད་པའི་སྐྱེས་པ་རབས་ཀྱི་ཕྲེང་བ་བྱུང་ཞིང་འབྱུང་ལ་འབྱུང་བར་འགྱུར་བ་དང་། འཁོར་ལོ་གཉིས་ལྡན་གྱི་ཚོགས་མཆོག་ལྷ་མའི་བསོད་ནམས་ཀྱི་ཞིང་གི་སྤྲིན་ཕུང་རྒྱས་པར་འཁྲིགས་པ་འདིར། །སྟོན་པ་ཕུན་སུམ་ཚོགས་པ་གདོད་མ་ཉིད་ནས་སྤང་རྟོགས་མཐར་སོན་པས་རང་དོན་ཞི་བ་ཆེན་པོའི་རྒྱལ་སར་དེ་བཞིན་དུ་གཤེགས་ཀྱང་། འགྲོ་ངོར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་གཞན་དབང་གསང་གསུམ་ཆུ་ཟླའི་རོལ་རྩེད་ཅི་ཡང་སྣང་བ་ལས། ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན། བསླབ་པ་རྣམ་པ་གསུམ་གྱི་རྒྱ་མཚོ། ཟབ་པ་དང་རྒྱ་ཆེ་བའི་དམ་ཆོས་ནོར་བུས་གཏམས་པའི་བང་མཛོད། གསང་ཆེན་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །རྗེ་བཙུན་བརྟན་པའི་འཁོར་ལོ་རྡོ་རྗེ་སློབ་དཔོན་གྱི་རྣམ་པར་བཞེངས་པ་གང་ཉིད་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཁྲི་ཆེན་པོར་ཐུགས་བརྩེ་བ་དང་ལྡན་


LT37_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཞབས་ཀྱི་ཆུ་སྐྱེས་མངོན་པར་བཀོད་དེ། འཁོར་ཕུན་སུམ་པ་ཚུལ་ལ་གནས་ཤིང་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་བློ་ཡོངས་སུ་གཞོལ་བའི་དད་པ་ཅན་གྱི་གང་ཟག་སྣོད་དུ་རུང་བར་འདུས་པ་རྣམས་ཀྱི་དབུས་སུ། དུས་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་མཆོག་གིས་ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུངས་ཤིང་ཕྱི་ནང་གི་འདུ་བ་ལ་ལོངས་སུ་སྤྱོད་པས་བྱིན་གྱིས་བརླབས་ཤིང་། ཁྱད་པར་བདག་ཅག་གི་སྟོན་པ་མཉམ་མེད་དོན་ཀུན་གྲུབ་པ་ལྷ་ལས་བབས་ཤིང་གསུང་རྡོ་རྗེ་པདྨཱ་ཀ་རས་མཛད་པ་ཁྱད་པར་ཅན་བསྟན་པས་རྣམ་དཀར་གྱི་ཡོན་ཏན་སཱ་ལ་ཆེན་པོའི་ས་བོན་བཞིན་ཏུ་འཕེལ་ཞིང་ཡངས་པར་འགྱུར་བའི་དུས་སུ། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་རྣམ་པ་གསུམ་གྱི་ལམ་རིམ། མཁས་དང་གྲུབ་པ་ཡོངས་ཀྱི་དགོངས་བཅུད། འཕགས་བོད་རིག་འཛིན་བྱེ་བའི་གཤེགས་ཤུལ། བསྐལ་པ་དུ་མར་ལེགས་པར་སྤྱད་པས་ཀྱང་མཚན་ཙམ་ཡང་ཐོས་པར་དཀའ་བའི་དམ་ཆོས་ཡིད་བཞིན་གྱི་ནོར་བུ་རིན་ཐང་མེད་པ་ལས་ཀྱང་ཆེས་ལྷག་པ། ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་སྨིན་བྱེད་ཀྱི་དབང་བསྐུར། གྲོལ་བྱེད་ཀྱི་ཁྲིད་བསྩལ། རྒྱབ་བརྟེན་གྱི་ལུང་ཕོག་སྟེ་རེ་བའི་ཤིང་རྟ་ཟབ་ཆོས་ནོར་བུའི་ཆར་གྱིས་དུས་ཐུང་ངུ་ཚེགས་མེད་པར་འགེངས་པར་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་སྙིང་པོར་འདུག་ནའང་གཞལ་བྱའི་མཐའ་ཅན་དུ་གྱུར་པས་དངོས་


LT37_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མེ་ཏོག་ཕྲ་ཞིང་ཕྲ་བས་ཆ་ཙམ་ཡང་གསོབ་པར་ནུས་པ་མ་ཡིན་ཀྱང་། སྒོ་གསུམ་གྱིས་དངོས་དང་བརྒྱུད་ནས་བཟུང་བར་བྱ་བ་མཐའ་དག་ཀུན་བཟང་མཆོད་པའི་སྤྲིན་དང་རོ་གཅིག་ཏུ་འབུལ་བར་བགྱིད་པའི་མཎྜལ་རྟེན་མཚོན་བྱེད་དུ་བཀྲ་ཤིས་པའི་ལྷ་རེག་སོགས་གུས་པ་ཆེན་པོས་འབུལ་ལམ་ཞུས་ཏེ། སླད་ཀྱི་ཆར་གསོལ་བ་འདེབས་པའི་སྙིང་པོ། འདི་ལྟར་བདག་ཉིད་ཆེན་པོའི་མཚན་གྱིས་མངོན་པར་བརྗོད་པའི་སྐྱེས་བུ་ཉི་མ། སྐྱེས་བུ་སེང་གེ། སྐྱེས་བུ་ཅང་ཤེས་པ་རྣམས་ནི་རང་དོན་ཏུ་བགྱི་བ་ཅི་ཡང་མ་མཆིས་པར་འགྲོ་བའི་དོན་ཁོ་ན་ལ་ཐུགས་གཞོལ་བ་ཆོས་ཉིད་ལགས་པས། བསྟན་པ་དང་སེམས་ཅན་གྱི་དོན་ཏུ་བསྐལ་པ་རབ་འབྱམས་རྣམས་སུ་འཚོ་གཞེས་རྡོ་རྗེའི་ལྷུན་པོ་དང་། ཆོས་དབྱིངས་ཀྱི་རང་བཞིན་ལྟར་བརྟན་ཅིང་། སྔོན་ཆད་མ་བསྐོར་བའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་འཆད་པར་བསྐོར་བས་ངན་འགྲོའི་སྒོམ་ལུས་པ་བཅད། ཐར་པའི་སྒོ་རབ་ཏུ་ཡངས་པ་ཕྱེ། ཐམས་ཅད་མཁྱེན་པའི་ཆོས་ཀྱི་རྒྱལ་སྲིད་ཕྱོགས་ཐམས་ཅད་ནས་ཡོངས་སུ་རྒྱས་པར་མཛད་དུ་གསོལ་ཞེས་གསོལ་བ་ལན་བརྒྱ་ཕྲག་ཏུ་འདེབས་པ་ལགས།། །། ༈ །།།


LT37_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཛཱ་ཏི་འཕགས་མ་སྤྱིའི་པྲ་སྟཱ་རས་ཀུན་ནས་མཛེས་པ་དགེ། དཔའ་འབྱོར་སྐྱེ་བས་པདྨ་སམྦྷ་འདི། །ཕྲིན་ལས་ཤིང་རྟ་རང་དབང་འདྲེན་པ་ལ། །མཆོག་གྱུར་རྩོད་པའི་མཐའ་འདིར་གླིང་པའི་མཚན། །སྲིད་པ་གསུམ་ན་སྙན་པར་སྒྲོགས་དེའི་དྲུང་། ༡ །དད་ལྡན་མི་རེའི་མདུན་ཏུ་པད་འབྱུང་ཞེས། །ཡིད་ཆེས་སྐྱེད་ཕྱིར་སྐལ་མཉམ་བརྫུ་ཐབས་ཀྱིས། །བརྩེ་བས་རྗེས་བཟུང་རིག་པ་འཛིན་དབང་ལ། །གཙུག་གིས་བཏུད་དེ་གུས་པའི་མཆིད་འདི་གསོལ། ༢ །གནས་མཆོག་ཕུན་ཚོགས་པདྨ་དབང་གི་དལ། །མཁས་པས་བསྟན་བསྐྱངས་གྲུབ་པས་མཆོག་ཐོབ་ཅིང་། །གོང་མས་བྱིན་བརླབས་ཌཱ་ཀི་འདུ་བའི་ཁྲོད། །དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་གླིང་། ༣ །སྟོན་པ་ཕུན་ཚོགས་མཚོ་སྐྱེས་རྡོ་རྗེ་ཡིས། །སྙིགས་འགྲོའི་མགོན་ཏུ་སྐྱེ་བར་གཟེངས་བསྟོད་ཅིང་། །བདེ་སྟོང་མཐར་ཐུག་གྲུབ་པས་ཟབ་གསང་གི། །གཏེར་འབྱིན་འཁོར་ལོས་སྒྱུར་བ་མཆོག་གྱུར་གླིང་། ༤ །འདུས་འཁོར་ཕུན་ཚོགས་ཡང་སྲིད་ཕྲེང་བ་རུ། །རྣམ་དཀར་རྩ་བ་ལས་སྐྱེས་རྟེན་བཟང་སྣོད། །དད་བརྩོན་ཤེས་རབ་ངང་ཚུལ་ལྷན་སྐྱེས་ཅན། །གསེར་གྱི་ཡོལ་གོ་བཅུད་མཆོག་འཛིན་ནུས་པ། ༥ །དུས་ཚོད་ཕུན་ཚོགས་རྒྱལ་བའི་ཐུགས་རྗེ་དང་། །གདུལ་བྱའི་སྐལ་བཟང་འཛོམས་པས་རྫོགས་ལྡན་བཞིན། །རྫུ་


LT37_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]


LT37_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་རྣམ་པར་བརྩེ་བའི་ཆོ་འཕྲུལ་དང་། །ཟབ་གསང་རིན་ཆེན་གཏེར་སྒོ་འབྱེད་པའི་སྐབས། ༦ །དམ་ཆོས་ཕུན་ཚོགས་བརྒྱུད་པ་དགུ་ལྡན་གྱི། །བྱིན་རླབས་འོད་འབར་མཁའ་འགྲོའི་ཁ་རླངས་ཅན། །ལྗོན་ཤིང་སྨན་ཆེན་ནོར་བུས་མི་བསྒྲུན་པ། །ལས་སྐལ་དུས་དང་འཚམས་པའི་འདོད་འཇོ་ཉིད། ༧ །སྔོན་ཆད་ཐོས་པ་སྙིང་པོར་བཟུང་བྱ་བ། །དེང་འདིར་མངོན་སུམ་ཡུལ་དུ་འདུ་མཛད་ནས། །སྙིང་ལ་བདུད་རྩིར་བྱེད་པའི་ཟབ་གསང་བརྒྱ། །གཏན་གྱི་དབུལ་བ་འཕྲོག་པའི་དབྱིག་ཏུ་བསྩལ། ༨ །བཀའ་དྲིན་ཆེའོ་པདྨའི་ཞལ་སྐྱིན་མཆོག །ཡ་མཚན་ཆེའོ་ངོ་མཚར་ས་ཡི་གཏེར། །དུས་ལ་བབ་པོ་གསོལ་བ་རིང་ནས་བཏབ། །རབ་ཏུ་ཚིམ་མོ་རེ་བའི་ནོར་བུ་རྙེད། ༩ །ཚིགས་བཅད་གཅིག་ཕྱིར་ཞིང་ཀུན་རིན་པོ་ཆེས། །བཀངས་ནས་ཕུལ་བའང་ཡོན་ཏུ་ཆུང་གྱུར་ན། །དྲིན་ལན་འཕྲལ་དུ་ལྡོན་པར་རྔོ་མི་ཐོགས། །བྱང་ཆུབ་བར་དུ་གཞལ་བར་སྤྲོ་བ་ཉིད། ༡༠ །དད་སོགས་སྙིང་གི་ནོར་དུ་བཅང་བ་ཡི། །སྤོང་བའི་ཁང་པར་འབྱོར་པའི་མེ་ཏོག་ཕྲ། །ཚིག་གི་གཏོང་རག་ཙམ་ཡང་མཛེས་ཆོས་ཉིད། །སྒྲུབ་པ་སྙིང་པོར་བྱེད་ན་རྒྱལ་རྣམས་དགྱེས། ༡༡ །དེ་ཉིད་སྔོན་འགྲོའི་དངོས་པོའི་མཎྜལ་དུ། །མཚོན་བྱེད་དགེ་ལེགས་ཀུན་ཁྱབ་རྟེན་འབྲེལ་རྫས། །དྲི་མེད་ལྷ་རེག་ཟླ་


LT37_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལང་ཚོ་ཅན། །དར་བ་ཆེན་པོ་ཆོས་ཀྱི་ཏོག་ཏུ་འབུལ། ༡༢ །སྣ་ཚོགས་རྡོ་རྗེ་གཡུང་དྲུང་རེ་ཁཱ་ནི། །གདོང་ལྔ་ཟུང་གིས་བཏེགས་པའི་གདན་དཀར་པོ། །མི་འགྱུར་མི་ཤིགས་བསྐལ་བརྒྱར་ཞབས་བརྟན་ཏེ། །འཇིགས་བྲལ་ལས་བཞིའི་འཁོར་ལོས་སྒྱུར་ཕྱིར་འབུལ། ༡༣ །སྐུ་ལྔའི་རང་བཞིན་འཕོ་འགྱུར་ལས་འདས་ཀྱང་། །གཟུགས་སྐུའི་རྣམ་རོལ་སྐྱེ་འཆི་མི་མངའ་བར། །གདུལ་དཀའ་འདུལ་ཕྱིར་དུས་གསུམ་རྒྱལ་བའི་ཡུམ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྣང་བརྙན་འབུལ། ༡༤ །གསུང་ལྔའི་ཆོས་རྒྱུན་ཆད་པ་མི་མངའ་ཡང་། ཁམས་དབང་སྐལ་པ་དུས་དང་འཚམས་པ་ཡི། །སྔོན་མེད་ཆོས་སྒོ་བྱེ་བ་འབྱེད་པའི་སླད། །འཆི་མེད་སྐུ་གསུམ་རིགས་འདུས་གླེགས་བམ་འབུལ། ༡༥ །ཐུགས་ལྔ་འགྱུར་མེད་བདེ་ཆེན་རྡོ་རྗེ་ནི། །འོད་གསལ་སྟོང་ཉིད་གཉུག་མའི་དགའ་མ་དང་། །ཟུང་འཇུག་འགྲོ་ལ་རྟག་ཏུ་བརྩེ་བའི་མདངས། །འཆར་སླད་བཛྲ་གྷཎྜའི་ཕྱག་རྒྱ་འབུལ། ༡༦ །སྤངས་རྟོགས་ཆེན་པོས་བསྡུས་པའི་ཡོན་ཏན་ལྔ། །མ་སྦས་མ་བསྒྲིབས་ཐུན་མོང་གདུལ་བྱའི་ངོར། །འཆར་ནས་འཕྲལ་ཡུན་དཔལ་རྒྱས་འབྱོར་པའི་ཕྱིར། །བཟང་གོས་གསེར་གྱི་མདངས་ལྡན་སྟོད་གཡོགས་འབུལ། ༡༧ །ཕྲིན་ལས་རྣམ་ལྔས་རིས་མེད་གདུལ་བྱ་འདུལ། །ཆོས་བརྒྱུད་ཆུ་བོ་ལྟར་གནས་


LT37_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡང་། །བཀའ་བབ་བདག་གིར་བགྱི་བའི་རྟེན་འབྲེལ་དུ། །རབ་དཀར་རིན་ཆེན་ཕྲེང་བ་རྒྱན་ལྡན་འབུལ། ༡༨ །རིགས་ལྔ་གང་ཆེན་མཚོ་ཡི་ཞིང་རབ་འབྱམས། །ཀུན་བཟང་མཆོད་སྤྲིན་གྱིས་བཀང་འབུལ་མཚོན་སླད། །བཀྲ་ཤིས་རེ་ཁཱས་མཚན་པའི་མཎྜ་ལ། །རིན་ཆེན་དང་པོའི་ཚོམ་བུ་ལྔ་ལྡན་འབུལ། ༡༩ །ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་རྒྱལ་པོ་རུ། །པདྨས་མངའ་གསོལ་དབང་བཞིའི་ཡེ་ཤེས་ཀྱིས། །སྐལ་ལྡན་སྨིན་གྲོལ་རྒྱལ་སར་དབུགས་དབྱུང་ཕྱིར། །མཐོང་གྲོལ་པད་ཞུ་སྣང་སྲིད་ཟིལ་གནོན་འབུལ། ༢༠ །གཏེར་ཆོས་འགྲོ་དོན་ཐུབ་བསྟན་ཇི་སྲིད་གནས། །གཏེར་སྟོན་ཆོས་བདག་སྙན་གྲགས་ཞིང་ཀུན་ཏུ། །སྒྲོགས་སླད་སིལ་སྙན་བཀྲ་ཤིས་དཔལ་འབར་དང་། །ཆ་ལང་རྙིང་མ་དབྱངས་སྙན་བརྒྱ་ལྡན་འབུལ། ༢༡ །རྩ་གསུམ་དགྱེས་སྐྱེད་སྣང་སྲིད་ལྷ་སྲིན་གྱི། །གཡར་དམ་བསྐངས་པས་བསྟན་འགྲོའི་བསོད་ནམས་མཁར། །བདེ་སྐྱིད་རྫོགས་ལྡན་སྤྲིན་ཕུང་འཁྲིགས་པའི་སླད། །རིན་ཆེན་གཉིས་པའི་སྐྱེམས་ཕོར་བཅུད་ལྡན་འབུལ། ༢༢ །ཡུལ་ཆོས་རང་ལ་བདོག་དགུའི་འབྱོར་པས་ཀྱང་། །བསོད་ནམས་ཕུལ་དུ་ཕྱིན་པ་བསྐྲུན་ནས་སུ། །དོན་གཉིས་བསྒྲུན་སླད་དར་རས་ལིང་ཡུག་སྦྲེལ། །ཝ་སྦྲེ་གཡི་དང་གཟིག་གི་ཤུན་པ་འབུལ། ༢༣ །སྐྱེ་བར་དམ་ཚིག་


LT37_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཉག་ཐག་འབྲེལ། །འབྱོར་དྲུག་དཔལ་དང་ཆོས་བསྟན་དབྱར་གྱི་མཚོ། །ཡར་ངོའི་ཟླ་སྟར་རབ་ཏུ་རྒྱས་མཚོན་ཕྱིར། །མཐའ་རྟེན་དྲི་མེད་རས་དཀར་ཡུག་རིང་འབུལ། ༢༤ །ད་དུང་ལོ་བརྒྱར་རྟག་ཏུ་ཞལ་འཛོམ་ཞིང་། །ཟབ་གསང་ཆོས་ཀྱི་བདུད་རྩི་མཐའ་ཡས་སྩལ། །མཉེས་པ་གསུམ་པོས་རབ་དགྱེས་སྒྲུབ་པ་ཡི། །རྟེན་འབྱུང་བཀྲ་ཤིས་སྒོ་འཕར་བྱེ་བ་དབྱེ། ༢༥ །རྡོ་རྗེའི་སྐུ་ཚེ་འཆི་མེད་མགོན་ལྟར་བརྟན། །གཞན་ཕན་ཕྲིན་ལས་པད་དཀར་འཆང་བཞིན་རྒྱས། །ཕྱོགས་ལས་རྣམ་རྒྱལ་སྙིགས་དུས་འགྲོ་བའི་མགོན། །པདྨ་ཐོད་ཕྲེང་རྩལ་དང་མཚུངས་པར་ཤོག ༢༦ །ཨོ་རྒྱན་ཡབ་ཡུམ་ཆོས་རྒྱལ་ཡབ་སྲས་དང་། །ལས་ཅན་འཁོར་བཅས་ཐུགས་བསྐྱེད་མི་བསླུ་བར། །ཆོས་ནོར་རྫས་གཏེར་རང་སྐལ་མཆིས་སོ་ཅོག །རྩོལ་མེད་ཐོན་ནས་རྟེན་འབྲེལ་ལེགས་འགྲིགས་ཤོག ༢༧ །མི་བཟང་སྙིགས་མའི་རྣམ་འགྱུར་མཐའ་དག་པ། །ཚད་མེད་ཐུགས་རྗེའི་སྟོབས་ཀྱིས་མྱུར་དུ་ཞི། །སུམ་རྩེན་སྣོད་བཅུད་དཔལ་དང་འབྱོར་པ་ཀུན། །བསིལ་ལྡན་སྨན་གྱི་ལྗོངས་སུ་འཕོ་བར་ཤོག༢༨། སྐྱེ་བར་བཟང་པོའི་ལས་ཀྱི་འཕྲོ་སད་ཅིང་། །སྨོན་ལམ་ས་བོན་དུས་སུ་སྨིན་པ་དང་། །ལེགས་དགུའི་རྟེན་འབྱུང་འགྲིགས་པས་འཕྲལ་ཡུན་ཏུ། །བདེ་སྐྱིད་ཉི་མ་འཁོར་ཡུག་འཆར་བར་ཤོག༢༩། བསྟན་པའི་ལང་ཚོ་


LT37_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ལྡན་དཔལ་བཞིན་རྒྱས། །བསྟན་འཛིན་ཐུགས་མཐུན་ཞབས་པད་བསྐལ་བརྒྱར་བརྟན། །བཀྲ་ཤིས་ཉི་ཟླའི་གཟི་འོད་འབུམ་ཕྲག་གིས། །འཇིག་རྟེན་གསུམ་པོ་རྟག་ཏུ་སྣང་གྱུར་ཅིག ༣༠ །སརྦ་ཐཱ་ཡ་ཐཱ་མ་ནོ་ར་ཐ་སིདྡྷི་རྦྷ་བནྟུ།། ༈ །།གཏེར་ཆེན་མཆོག་གྱུར་གླིང་པ་རྗེས་ཕེབ་སྐབས་ཀྱི་འབུལ་ཡིག །ཨོཾ་སྭ་སྟི་སིདྡྷཾ། རྟག་བརྟན་ཡེ་ཤེས་སྣང་བས་སྲིད་དང་ཞི་བའི་མཁའ་དབྱིངས་ཁྱབ། །བདེ་ཆེན་འོད་གསལ་སྙིང་པོར་འགྲོ་བ་འཁྲུལ་པའི་ས་བོན་བསྟིམས། །ཕྱོགས་ལས་རྣམ་པར་རབ་རྒྱལ་གསང་ཆེན་ཆོས་ཀྱི་རྒྱལ་མཚན་སྒྲེང་། །དགེ་ལེགས་ཡོངས་འདུས་གྲིབ་མར་སྐྱེ་དགུ་ངལ་འཚོ་མཛད་དེ་རྒྱལ། །གྲུབ་པ་ཡོངས་ཀྱི་ཟུར་ཕུད་མཛེས་པའི་རྒྱན། །འཇིག་རྟེན་གསུམ་གྱིས་མཆོད་པའི་འོས་གྱུར་པ། །ཟབ་གསང་དབྱིག་གི་ཆར་འབེབས་ཕྱོགས་དུས་སུ། །དཔེ་བྲལ་དབང་གི་རྒྱལ་པོ་ག་ལ་བར། །ཐུགས་རྗེ་ཡོན་ཏན་བདུད་རྩིའི་ཟེར་ཕྲེང་གིས། །མངོན་པར་ཕྱེས་པའི་སྙིང་གི་ཀུ་མུ་ད། །དད་མོས་སྦྲང་རྩིའི་རླབས་ཕྲེང་འཕྱུར་བའི་ངག །དཔྱོད་ལྡན་ཡིད་ལ་དཔྱིད་ཀྱི་དཔལ་མོར་བཞད། །གདོད་ནས་རྡོ་རྗེ་བཞི་ཡི་རྒྱལ་ཐབས་ལ། །དབང་སྒྱུར་བརྙེས་པས་སྐུ་དང་ཞིང་ཁམས་ནི། །སྤྲིན་ཆེན་ཆོས་དབྱིངས་རྒྱས་པར་བཀང་


LT37_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐའ། །ས་བཅུའི་དབང་ཕྱུག་རྣམས་ཀྱིས་གཞལ་མི་རྙེད། །དག་པའི་དབྱིངས་ལས་ཡེ་ཤེས་རོལ་མོ་ནི། །མོས་དང་འཚམས་པའི་ཆོ་འཕྲུལ་བྱེ་བ་སྙེད། །ཡུལ་དང་ཡུལ་མིན་ཕྱོགས་སུ་མ་ལྷུང་བས། །མཁའ་མཉམ་འགྲོ་བའི་འདྲེན་པར་ལྷུན་གྱིས་གྲུབ། །མགོན་པོ་བདེ་བ་ཆེན་པོའི་གསང་གསུམ་ལས། །མི་གཞན་མཛད་པའང་མཉམ་པ་ཉིད་ཀྱི་ཕྱིར། །སྐུ་གསུམ་བླ་མའི་རྣམ་ཐར་རྒྱ་མཚོའི་སྒོར། །ཞུགས་པའི་ཡུལ་དེ་སོ་སྐྱེས་བརྟག་མི་བཟོད། །དེ་ལྟ་ནའང་ཕྱོགས་རེའི་བློ་མིག་ཏུ། །ངོ་མཚར་རྣམ་འཕྲུལ་ཆུ་ཟླའི་ཟློས་གར་གྱིས། །མངོན་མཐོ་ངེས་ལེགས་ཆོ་ག་བསྐྲུན་པ་ལ། །སྐྱེས་པ་རབས་ཀྱི་ཕྲེང་བར་མཚུངས་ཟླ་སྤངས། །ཁྱད་པར་ཀུན་བཟང་པདྨ་སཾ་བྷ་བའི། །ཕྲིན་ལས་ཤིང་རྟ་ཞིང་བརྒྱར་འདྲེན་པའི་སྟོབས། །ཤིན་ཏུ་བརླིང་བའི་མཆོག་གྲུབ་རིག་པ་འཛིན། །རྒྱ་མཚོའི་དབུས་ན་ལྷུན་པོ་བཞིན་ཏུ་འཕགས། །ལས་ཀྱི་ཞགས་པས་བསྐལ་ངན་བཙོན་ར་ན། །དམ་དུ་བཅིངས་རྣམས་བདེ་བར་འགྲོ་བའི་ཕྱག །རིང་པོར་བརྐྱང་བའི་སྙིང་སྟོབས་གོ་ཆ་ནི། །རྡོ་རྗེ་བཞིན་ཏུ་མི་ཕྱེད་གཅིག་ཏུ་མཁྲེགས། །སྣང་བྱེད་ཀུན་གྱི་ནུས་པས་མི་ཆོམས་པའི། །ལྟ་སོགས་སྙིགས་ལྔའི་མུན་པས་ཁེབས་པ་ལ། །འཕུར་འགྲོའི་སློབ་དཔོན་གཉིས་པའི་སྒྱུ་ཐབས་ཀྱིས། །ཐར་ལམ་གསལ་


LT37_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉིན་བྱེད་ཁོལ་བུར་ཤར། །ཡེ་ཤེས་མཁའ་ལ་དག་སྣང་དབང་གཞུ་བཀྲ། །ཕྱི་ནང་གནས་སུ་ཚོགས་ཀྱི་འདུ་བར་སྤྱོད། །སྲིད་ཞིར་དབང་མཛད་བརྟུལ་ཞུགས་གྲུབ་ཀུན་ཀྱང་། །མི་གཡོ་དགོངས་པ་རྩལ་རྫོགས་ཟིལ་གྱིས་མནན། །གསང་མཛོད་གྲོལ་བ་བཞི་ལྡན་ནོར་བུའི་རྒྱ། །ལས་འཕྲོའི་ཕྱག་རྒྱས་སྐལ་བཟང་ལེགས་བྱས་ཀྱི། །དཔྱིད་དུ་དབྱེ་བའི་འཁྲུལ་ཆེན་ཟླ་མེད་པ། །ཆོས་ཀྱི་རྒྱལ་པོའི་ཁྲི་ལ་ངང་གིས་འཛེགས། །མཁྱེན་པའི་སྟོབས་དང་ཐུགས་རྗེ་ནུས་པའི་རྩལ། །རྒྱལ་བའི་མྱུ་གུ་ཀུན་གྱི་བཅུད་འཕྲོག་ནས། །ཆེད་དུ་བྱོན་ཏམ་དུས་མཐའི་མུན་ཁང་ནི། །བདེ་བླག་འཇིག་པའི་སྣང་བྱེད་གཉིས་པས་དབེན། །བསིལ་ལྡན་མཐའ་དབུས་རིས་མེད་བསྟན་དང་འགྲོ། །བདེ་སྐྱིད་ཡུན་ཏུ་འཚོ་ཐབས་གཞན་གྱི་དྲིང་། །མི་འཇོག་རང་སྟོབས་ཁོ་ནར་ལྟོས་པ་མིན། །སྐྱེས་ཚལ་དབྱར་གྱི་དཔལ་མོས་དབང་བྱེད་འདྲ། །འཆི་མེད་བཏུང་བའི་ལང་ཚོས་དྲེགས་པ་ཡི། །རིན་ཆེན་མྱུ་གུ་གསར་པའི་རྐང་སྟེགས་ཅན། །ལྷ་དབང་ཉིད་ཀྱང་རྡོ་རྗེའི་འབྱོར་པ་ཡི། །འདུན་སར་རབ་སོང་བདག་པོ་བཞིན་ཏུ་དམན། །རྩོད་པའི་རྣམ་འགྱུར་མི་བཟད་ཚང་ཚིང་དུ། །སྨོན་ལམ་ཉི་མའི་རླབས་ཀྱིས་བརྟོལ་བའི་འགྲོར། །བསོད་ནམས་དུས་ཀྱི་དང་པོར་ཚེས་པ་ན། །སྔོན་མེད་དགའ་སྟོན་རྨི་ལམ་བཞིན་ཏུ་


LT37_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད། །ཡིད་བཞིན་ནོར་དང་གཏེར་བུམ་དཔག་བསམ་ཤིང་། །ཀུན་དགའི་འདོད་འཇོར་སྙན་པར་གྲགས་ལྡན་ཀྱང་། །གཏན་གྱི་དབུལ་པ་སེལ་བའི་མཐུ་དམན་ཕྱིར། །མཆོག་སྦྱིན་དབྱིག་གི་སྙིང་པོའི་དཔེར་མི་ནུས། །སངས་རྒྱས་གཉིས་པའི་གསང་ཆེན་རྒྱལ་སྲིད་དང་། །འགྲོ་འདུལ་ཕྲིན་ལས་བདག་པོར་དབང་ཐོབ་ནས། །རྨུ་རྒོད་བརྩེ་བས་བཟུང་བའི་བཀའ་དྲིན་མཐའ། །ཞིང་ཀུན་ནོར་བུས་བཀང་ཡང་གཞལ་བྱར་མིན། །དེ་ལྟ་ན་ཡང་མི་ཕྱེད་རྡོ་རྗེ་གསུམ། །མཉམ་པ་ཉིད་གྱུར་ད་སྲིད་ཚོགས་གཉིས་ཀྱི། །མཆོད་སྤྲིན་ནུས་དང་འཚམས་པར་སྤྲོ་བའི་བློ། །ཡང་སྲིད་ཀུན་ཏུ་དབྱར་གྱི་མཚོ་བཞིན་འཕེལ། །དེ་ལྟར་ཚིགས་སུ་བཅད་པའི་ངག་གིས་མདུན་བསུས་ནས། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་གཉིས་པའི་འགྲོ་འདུལ་ཕྲིན་ལས་ཀྱི་རྒྱལ་ཚབ། གསང་ཆེན་ངོ་མཚར་རྨད་དུ་བྱུང་བའི་རྡོ་རྗེའི་མཛོད་ལ་དབང་སྒྱུར་བའི་སྟོན་པ་བླ་ན་མེད་པ། བསིལ་ལྡན་གྱི་ལྗོངས་ན་གྲུབ་རིག་འཛིན་པ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་ཉིད། རིས་སུ་མ་ཆད་པའི་གདུལ་བྱ་ལ་ཕྱོགས་སུ་མ་ལྷུང་བའི་ཐུགས་རྗེའི་གཟིགས་པ་འཇུག་བཞིན་ནའང་། འཕགས་པའི་ས་ལ་བཞུགས་པ་རྣམས་ནི་དམན་པའི་ཡུལ་ལ་ལྷག་པར་བརྩེ་བས་དགོངས་པ་ཆོས་ཉིད་ཀྱི་ཕྱིར། འདུ་ཤེས་གསུམ་གྱི་མལ་ན་ཐ་མལ་ཉོན་


LT37_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་རྒྱས་པས་མནལ་ཡུར་བའི་ཤིན་ཏུ་དམན་པ་བདག་ལྟ་བུ་ལའང་རྣམ་པ་ཀུན་ཏུ་བཏང་འབྲལ་མེད་པའི་ཐུགས་རྗེའི་ཕྱག་རིང་གིས་ཡོངས་སུ་བཟུང་ཞིང་། ཁྱད་པར་རིན་ཐང་བྲལ་བའི་ནོར་བུའི་གཏེར་ཁ་བྱེ་བར་སུག་པར་ཐོབ་པས་ཀྱང་ཆ་ཙམ་བསྒྲུན་པར་མི་བཟོད་པ། ཚེ་ལུས་གཅིག་ལ་གྲུབ་པ་གཉིས་བདེ་བླག་ཏུ་བྱེད་པའི་ཟབ་གསང་མཁའ་འགྲོའི་བརླང་ཐུ་ལེ་བ་རྣམས་ཀྱི་སྨིན་གྲོལ་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་དགྱེས་བཞིན་སྩལ་བ་དང་། ཕྱི་ནང་གི་རྟེན་བརྟེན་པར་བཅས་པ་ལ་ཡེ་ཤེས་སེམས་དཔའ་དངོས་སུ་ལྷག་པར་གནས་པའི་བྱིན་རླབས་སྩལ་བ་དང་། རང་ལ་ལྟོས་པའི་གདུལ་བྱ་དམན་པ་རྣམས་ལ་གྲོལ་བ་བཞི་ལྡན་གྱི་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བ་སོགས་མདོར་ན་ཇི་ལྟར་གསོལ་བ་བཏབ་པ་བཞིན། རེ་བའི་ཤིང་རྟ་གྱུར་བུར་འགེངས་པར་མཛད་པའི་བཀའ་དྲིན་ཚད་མ་མཆིས་པ་དག །བྱང་ཆུབ་སྙིང་པོའི་བར་དུ་གཞལ་བྱའི་མཐའ་ཅན་ཁོ་ན་ལ། ཟང་ཟིང་མེ་ཏོག་ཤིན་ཏུ་ཕྲ་བ་ལས་ལན་ལྡོན་བ་ནི་བྱིས་བློའི་རྣམ་པར་རྟོག་པའི་གཞན་དབང་དམ་པ་རྣམས་ཁྲེལ་བའི་རྒྱུ་ལས་མ་འདས་ཀྱང་། དད་པའི་མཎྜལ་མཚོན་བྱེད་ཙམ་དུ་ཐོག་མར་བཀྲ་ཤིས་པའི་ལྷ་རེག་ནང་མཛོད་སྲིད་དུ་རིང་བ། སྟན་དཀར་རྡོ་རྗེའི་རེ་ཁཱས་མཚན་པ། སྐུ་རྟེན་འཆི་མེད་ཚེ་དང་ཡེ་ཤེས་དཔག་ཏུ་


LT37_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྣང་བརྙན་གསེར་ཟངས་ལས་གྲུབ་པ། གསུང་རྟེན་པདྨ་ཚེ་དབང་རྒྱལ་པོའི་གཏེན་བྱོན་ཕག་མོ་ཟབ་རྒྱའི་པུ་སྟ་ཀ །ཐུགས་རྟེན་བཀའ་གདམས་ལུགས་ཀྱི་མཆོད་སྡོང་རྙིང་མ། དར་ཕྱི་མཛོད། ལིང་ལུག །རས་ཡུག །སྦྲེ། །ཝ། འོབ། སྤྱང་། སྲམ། གཡི། གཟིག་བཅས་ཀྱི་པགས་པ་རེ། རྟིབ་དཀར་ཤུབས་འབྱར། ཆིབས་ཁེབས་མེ་ཏོག་རིས་སྤུས་ལེགས། བཟང་ཇ་འཁོར་དྲུག ༣ །གསེར་རྡིལ་ཚད། མཐའ་དཀར་གཱ་རས་ཡུག་བཅས་གུས་པ་ཆེན་པོས་འབུལ་ལམ་ཞུ་ན་བརྩེ་བ་ཆེན་པོས་དགྱེས་པར་བཞེས་གྲུབ་པ་ཅི་ནས་མཁྱེན་ཅེས་སྔོན་ཏུ་གསོལ་ནས། སླར་ཡང་འདོད་པའི་དོན་ལ་གསོལ་བ་འདེབས་པ། ཤྲཱི་ཤྲཱི་ཤྲཱི། འཕོ་འགྱུར་སྐྱེ་འགག་ཀུན་བྲལ་རང་སྣང་རིས་མེད་དགོངས་པ་གཟོད་ནས་རྩལ་རྫོགས་པས། །སྐྱེ་འཆིའི་མཚན་མའི་མཐའ་གྲོལ་འགྱུར་མེད་མཁའ་ལ་འགྱུར་བའི་སྤྲིན་ཚོགས་ལེགས་བསྡམས་ཕྱེར། །བདེ་ཆེན་རྡོ་རྗེའི་ཕྱག་རྒྱའི་སྣང་བ་ཚུར་མཐོང་བློར་ཡང་རྡོ་རྗེ་ལྟར་བརྟན་ནས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོས་བསྐལ་བརྒྱར་དབང་མཛད་གསོལ། །སངས་རྒྱས་གཉིས་པའི་ཐུགས་ཀྱི་སྤས་གཅིག་པུ། །མཁའ་སྤྱོད་ཌཱ་ཀིའི་དབང་ཕྱུག་ཆེ་བའི་མཆོག །གངས་ཅན་འགྲོ་འདུལ་ཤིང་རྟ་རབ་བསྔགས་པ། །གདུལ་བྱའི་མཁའ་ལ་ཉི་ལྟར་རྟག་འཆར་ཤོག །དགོས་འབྱུང་ནོར་བུའི་སྙིང་པོ་བརྗིད་


LT37_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ། །བསྟན་འགྲོའི་ལེགས་བྱས་རྒྱལ་བའི་མཚན་མའི་རྩེར། །ལོ་བརྒྱར་གཡོ་མེད་རྡོ་རྗེ་རིན་ཆེན་ཏོག །རབ་མཛེས་ཕན་བདེ་དབྱིག་གི་ཆར་འབེབས་གསོལ། །ཆོས་ཀུན་མཐར་ཐུགས་ངེས་པའི་ཐེག་པ་ཡི། །ཆོས་སྤྲིན་འགྲོ་ཁམས་རྗེས་འགྲོར་དཀྲིགས་པ་ལ། །སྔོན་མེད་མཐུ་ཐོབ་གདེངས་ཅན་བདག་པོ་ཡི། །གོ་འཕང་སྲིད་པ་ཇི་སྲིད་བཟུང་བར་མཛོད། །འོད་གསལ་སྟོང་ཉིད་མཛེས་མའི་ལང་ཚོ་ལ། །བདེ་ཆེན་སྙིང་རྗེས་ཆགས་པའི་ཟུང་འཇུག་རྒྱ། །སྙིགས་འགྲོའི་མཐར་ཐུག་གཞར་ཡང་མི་སློད་པར། །དུས་དྲུག་ཡེ་ཤེས་གཟིགས་པས་བཙའ་བར་གསོལ། །བྲལ་སྨིན་ཡོན་ཏན་བྱེ་བའི་གཏེར་བརྙེས་པས། །གཞན་ཕན་ཁོ་ནའི་དཔྱིད་དུ་ལྷུན་གྲུབ་ཀྱང་། །རྒྱུད་ལུང་མན་ངག་བཻཌཱུརྻ་ཡི་སྒྲོམ། །ཆོས་ཀྱིས་པོངས་ལ་ལྷག་པར་དབྱེ་བར་གསོལ། །མཉམ་ཉིད་དགོངས་པར་ཕྱོགས་དུས་མཚན་མའི་རིས། །ཆད་མིན་ཕྲིན་ལས་སྣང་བས་ཀུན་ཏུ་ཁྱབ། །འོན་ཀྱང་གངས་ཅན་བདེ་སྐྱིད་སྤེལ་བ་ལ། །ཐུགས་བསྐྱེད་གོ་ཆ་ཆེད་དུ་བརྟན་པར་གསོལ། །རྩ་གསུམ་ཡོངས་འདུས་འཆི་མེད་པདྨའི་བྱིན་རླབས་རྫོགས་ལྡན་སྤྲིན་གྱི་བླ་རེ་བྲེས་པ་ལས། །གཅིག་དང་ཐ་དད་ལས་གྲོལ་འགྲོ་འདུལ་རྣམ་པར་འཕྲུལ་པའི་ཐུགས་བསྐྱེད་ནོར་བུའི་གྲུ་ཆར་ནི། །བསོད་ནམས་སྣོད་མཆོག་འཚམས་པར་འཇོ་བས་དུས་


LT37_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕན་མཛད་བདེན་སྟོབས་བསླུ་བ་མ་མཆིས་ཕྱིར། །ཇི་ལྟར་སྨོན་པའི་འབྲས་བུའི་སྙེ་མས་རེ་བའི་ཤིང་རྟ་ཕྱུར་བུར་འགེངས་པའི་དགེ་ལེགས་ཤོག །སརྦ་ཐཱ་ཀཱ་མ་ཕ་ལ་སིདྡྷཱ་ནཱཾ་བྷཱ་སཻཿསྥོ་ཊ་བྷ་བནྟུ།། །།


previousཡབ་སྲས་སྐྱེས་ཆེན་རྣམས་ལ་དངོས་པོའི་མཆོད་སྤྲིན་ཕུལ་བའི་ཡི་གེའི་ཕྲེང་བ་རྫོགས་ལྡན་སྤྲིན་གྱི་བླ་བྲེ།next