Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད།
   
   
   
   


 
previousརྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད།next

རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད།


LT37_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ། །


LT37_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ལམ་གྱི་ས་མཁན་རྫོགས་སངས་རྒྱས། །ཧེ་རུ་ཀ་དཔལ་གུ་རུ་པདྨའི་ཞབས། །དབྱེར་མེད་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས། །དོན་གཉིས་འདོད་པ་ཡིད་བཞིན་འཇོ་བར་མཛོད། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ་གང་གི་རིགས་ཀྱི་གཅུང་དང་ཆོས་ཀྱི་སྲས་སུ་གྱུར་པ་བླ་མ་དམ་པ་ངག་དབང་འོད་ཟེར་མཆོག་གི་དགོངས་རྫོགས་རྟེན་གསུམ་གྱི་བྱུང་བ་མདོ་ཙམ་བརྗོད་པ་ལ་གསུམ། རྣམ་ཐར་ཡོན་ཏན་གྱི་ས་བོན། རྟེན་གསུམ་བཞུགས་ཚུལ་དངོས། དེ་དག་བསྒྲུབས་པའི་དགོས་པའོ། །དང་པོ་ནི། ཐུན་མོང་ཙམ་གྱི་དབང་དུ་བྱས་ན། བླ་མ་དམ་པ་འདི་ཉིད་མདོ་


LT37_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལྷོ་སྟོད་སྒོམ་སྡེ་ནང་ཆེན་ཆིང་ཧུའི་ནང་བློན་ཆེན་པོ་རིགས་དང་ཆོ་འབྲང་གིས་མངོན་པར་མཐོ་བའི་བརྒྱུད་དུ། གཏེར་ཆེན་རིན་པོ་ཆེའི་སྐུའི་མཆེད་ཟླར་བལྟམས། ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་པའི་རྟགས་དང་ལྡན། གཏེར་ཆེན་བླ་མ་ཉིད་ཀྱིས་བརྩེ་བས་རྗེས་སུ་བཟུང་ཞིང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་སྒོར་ཞུགས། ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་ཤིང་སྡོམ་པ་གསུམ་དང་ལྡན་པས་ལྷག་པའི་བསླབ་པ་རིན་པོ་ཆེ་གཅེས་སྤྲས་ཀྱི་བརྟུལ་ཞུགས་བཟུང་། མཁས་གྲུབ་ཀྱི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་གདམས་པ་ནོས་ཤིང་གཞུང་ལུགས་དང་སྔགས་ཆོག་ལ་གསན་སྦྱང་ཅི་རིགས་པ་མཛད། ཐུགས་རྒྱུད་ཤིན་ཏུ་དུལ་བས་རིགས་ཀྱི་ང་རྒྱལ་སོགས་


LT37_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནས་མི་མངའ་བར་རྟག་ཏུ་དམན་པ་འབའ་ཞིག་ལྷུར་ལེན་ཅིང་སྒར་གྱི་བྱང་འདྲེན་གྱིས་མཚོན་གཏེང་ཆེན་ཡབ་སྲས་ཀྱི་བཞེད་པ་དང་མཐུན་པའི་སྲི་ཞུ་ངལ་མེད་དུ་བསྒྲུབས་པས་དཔྱོད་ལྡན་ཐམས་ཅད་མངོན་པར་དད་ཅིང་བསྔགས་པའི་འོས་སུ་གྱུར། གཡོ་སྒྱུ་ཟོལ་ཟོག་རང་འདོད་ཀྱི་འཁྲི་བ་མེད་པས་ཨེ་ཝཾ་ཆོས་སྒར་གྱི་གྲྭ་ཚང་མཆོག་དམན་རྣམས་ཀྱིས་རེ་ལྟོས་ཀྱི་སྙིང་པོར་བཟུང་། འབྱུང་འགྱུར་གཏེར་གསར་གྱི་བསྟན་པ་དང་ཕྲིན་ལས་ཉིན་མོར་བྱེད་པ་ཞིག་འབྱུང་ངེས་ཡོད་ཀྱང་། སྐུ་རྟེན་སྔགས་འཆང་རྣལ་འབྱོར་སྤྱོད་པར་དགོས་པ་ལ་རབ་བྱུང་དུ་སོང་བ་དང་། རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཉམས་བཞེས་དུས་ལས་ཡོལ་བ་སོགས་རྐྱེན་དབང་འགའ་ཞིག་གིས་སྐུ་ཁམས་བལྟེམས་ཤིང་། ཁྱད་པར་སྐབས་དེར་བོད་ཁམས་སྤྱི་དང་བྱེ་བྲག་བསྟན་པ་དང་བསྟན་འཛིན་རྣམས་ཀྱི་བར་ཆད་སེལ་ཞིང་ཕན་པ་རླབས་སུ་ཆེ་བའི་ཕྲིན་ལས་ཕྱོགས་མེད་དུ་རྒྱས་པ་དང་། དུས་གསུམ་དུ་འགྲན་ཟླ་དང་བྲལ་བའི་ཟབ་གཏེར་གྱི་སྒོ་ཆེན་པོ་རྣམས་འབྱེད་དང་འབྱེད་པར་འགྱུར་བའི་འཚུབས་སློང་གིས་གཏེར་ཆེན་རིན་པོ་ཆེར་སྐུ་རྐྱེན་བདོ་བ་ལ་ཐུགས་ཁྲལ་མཛད་དེ། ཉིད་ཀྱི་སྐུ་རིམ་བསྒྲུབས་པ་རྣམས་ལའང་ངེད་ལ་རིམ་གྲོ་གཏན་ནས་མི་དགོས། གཏེར་ཆེན་ཡབ་སྲས་ཞབས་བརྟན་སྒྲུབ་པ་གལ་ཆེ་ཡང་ཡང་གསུང་ཞིང་གཞན་རྐྱེན་རང་


LT37_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ཀྱི་ཐུགས་འདུན་བསྒྱུར་བའི་སྟོབས་ཀྱིས་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་ཉེ་ཞོལ་ཁྲོ་མཎྜལ་སྣང་དུ་ཞི་བར་མནལ་བས། གཏེར་ཆེན་རིན་པོ་ཆེ་ཉིད་ནས་ངོ་སྤྲོད་གསལ་འདེབས་སྒྲིབ་སྦྱོང་གནས་ལུང་ཐུགས་སྨོན་ཟབ་ལ་རྒྱ་ཆེ་བས་མཚམས་སྦྱར། །སྐུ་གདུང་ཞུགས་སུ་ཕུལ་ནས་སྐུ་གསུང་ཐུགས་རྟེན་ཁྱད་པར་འཕགས་པ་བཞེངས་པ་དང་། མདོ་ཁམས་དབུས་གཙང་ཀུན་ཏུ་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་བསྒྲུབས་པར་མཛད་དོ། །ཐུན་མོང་མིན་པའི་ཚུལ་ཡང་། གཏེར་གསར་ཆོས་བདག་གི་ལུང་བྱང་ལས། མཆིམས་རྡོ་རྗེ་སྤྲེལ་ཆུང་གི་སྐྱེ་བར་ལུང་བསྟན་ཅིང་། སྐབས་རེར་གཏེར་ཆེན་ཉིད་དང་ཐུགས་རྒྱུད་གཅིག་པར་སྣང་བ་དང་། ལམ་མ་སྦྱངས་ན་སྐྱེ་བ་བཞི་དང་། སྦྱངས་བ་མཐར་ཕྱིན་ན་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཡིན་པར་ཡང་གཟིགས་པ་དང་། བླ་མའི་ཆེད་དུ་རང་ཉིད་བློས་བཏང་བ་དེས་བསྐལ་པ་མང་པོའི་ཆོགས་བཟླུམས་ཏེ། ཀུན་མཁྱེན་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་གཟིགས་སྣང་ཆ་མཐུན་པར། སྐུ་སྐྱེ་བ་ཕྱི་མར་གྲུབ་པ་ཐོབ་པའི་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཏུ་སྐྱེས་ནས་ལམ་གྱི་སྦྱངས་པ་མངོན་ཏུ་འགྱུར། དེ་ནས་པདྨ་བཀོད་པའི་ཞིང་དུ་སྐྱེས་ཏེ་བྱང་ཆུབ་སྤྱོད་པ་རྒྱ་མཚོས་ལམ་གྱི་


LT37_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བགྲོད་དེ། འོག་མིན་དུར་ཁྲོད་མེ་རི་འབར་བར་གདོད་མའི་མགོན་པོ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པར་འགྱུར་བ་དང་། དེ་སྲིད་དུ་བསྟན་འགྲོའི་དོན་ཏུ་བསམས་བཞིན་སྲིད་པར་རྣམ་པར་འཕྲུལ་པས་ཀྱང་དོན་མཛད་པར་ངེས་པ་སྟེ། གནས་ལུགས་ཇི་ལྟ་བའི་རྣམ་པར་ཐར་པ་ན་འཕགས་པ་ཉག་གཅིག་གིས་སྤྱོད་ཡུལ་ལས། ཚུར་མཐོང་སོ་སྐྱེའི་བློས་དཔག་པར་དཀའ་བས་མོས་པ་སྙིང་པོར་བཟུང་བར་བྱ་བ་ཡིན་ནོ། །གཉིས་པ་ནི། དགོངས་རྫོགས་ཀྱི་གཙོ་བོ་དགོངས་གཞི་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་དབང་གིས། སྐུ་རྟེན་བདེ་བ་ཅན་གྱི་ཞིང་ཁམས་ངོ་མཚར་བཀོད་པའི་ཞལ་ཐང་། གསུང་རྟེན་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་དང་བཏགས་གྲོལ་ཕུང་པོ་རང་གྲོལ་མཐིང་ཤོག་ལ་གསེར་སྦྱངས་བཙོ་མར་གདུང་རུས་བསྲེས་པས་བྲིས་པ། ཐུགས་རྟེན་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་མདའ་ཚད་མ་ཕྲ་རྒྱན་བཀོད་པས་ཚར་དུ་དངར་བ་རྣམས་བཞེངས་པར་མཛད་པ་ལས། ཐུགས་རྟེན་གྱི་ནང་གཞུག་གཙོ་བོ། བླ་མ་དམ་པ་དེ་ཉིད་ཀྱི་གདུང་རུས་རྣམས་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་འབྲེལ་བའི་ཡི་གེ་བརྒྱ་པའི་བུམ་ཆུས་རུས་སྦྱོང་ཚུལ་བཞིན་


LT37_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བགྱིས་ཤིང་སྔགས་ཐེམས་བྱེ་མས་བྲབས་ནས་དྲི་བཟང་དམ་རྫས་དང་སྦྱར་བའི་འཇིམ་པ་དང་བསྲེས་ཏེ་རྒྱུ་བྱིན་གྱིས་བརླབས་པ་ལ། ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་དང་ནམ་སྙིང་རྣམ་འཕྲུལ་རྒྱལ་སྲས་ཚེ་དབང་གྲགས་པ། ཌཱ་ཀིའི་དབང་ཕྱུག་བདེ་ཆེན་ཆོས་སྒྲོན། ཁོ་བོ་བཅས་ནས་གཟུངས་སྔགས་ཀྱི་ཆོ་ག་ཚད་ལྡན་ཏུ་སྦྱར་ཅིང་། ཡིག་བརྒྱ་ཡིག་དྲུག་སོགས་ཀྱི་ནང་གཞུག་དང་ལྡན་པའི་སཱཙྪ་ལེགས་པར་བཏབ་པ་ལ་གསེར་ཆུ་དང་ཚོན་གྱི་ན་བཟའ་གསོལ། གཏེར་ཆེན་ཉིད་ཀྱིས་ཐུགས་རྗེ་ཆེན་པོའི་ཆོ་ག་སྦྱོར་དངོས་རྗེས་ཚང་དང་། ཀུན་མཁྱེན་བླ་མས་རིགས་གསུམ་མགོན་པོའི་ཆོ་གས་ཡེ་ཤེས་པ་ལྷག་པར་གནས་པར་མཛད། ཁྱད་པར་དུ་གདུང་རུས་ཀྱི་ཆ་ཤས་ལས་ཀུན་མཁྱེན་བླ་མ་རིན་པོ་ཆེས་གསང་བ་གསུམ་གྱི་རྟེན་ཕྱག་བསྟར་དུ་མཛད་པའི་དཀར་ཆག་རྗེ་ཉིད་ཀྱི་ཕྱག་བྲིས་ཞལ་བཤུས་པའང་འདི་ལྟ་སྟེ། ཨོཾ་སྭ་སྟི་སིདྡྷི་ར་སྟུ། རྡོ་རྗེ་འཛིན་དབང་པཱ་གིནྡྲའི་གདུང་རུས་ལ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་རུས་སྦྱོང་ཚུལ་བཞིན་དུ་བགྱིས། དྲི་མེད་གཟུངས་སྔགས་འབུམ་ཕྲག་བཟླས་པའི་བྱེ་མས་བྲབས། བྱིན་རྟེན་སེལ་མེད་རིགས་ཤིན་ཏུ་མང་པོ་དང་། རིན་


LT37_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྨན་སྤོས་སྣ་ཚོགས་བཅས་ལྷན་གཅིག་ཏུ་ཞིབ་པར་བརྡུང་། དྲི་བཟང་པོའི་ཆུ་དང་། རིག་འཛིན་དགའ་རབ་རྡོ་རྗེའི་གདུང་རྟེན་ཕོན་མང་། གནས་ཡུལ་དུར་ཁྲོད་དྲུག་ཅུ་རྩ་བཞིའི་ས་སྣ་གཏེར་བྱོན་དང་། འཕགས་བལ་བོད་ལྗོངས་མ་ཧཱ་ཙཱི་ན་ཚུན་གྱི་ས་སྣ་ཆུ་སྣ། ཁྱད་པར་གཏེར་བྱོན་ཅུ་གང་དང་། པྲེ་ཏ་པུ་རིའི་ཅུ་གང་སོགས་བསྲེས་ཏེ་སྐུ་རྟེན་དུ་རྡོ་རྗེ་སེམས་དཔའི་སྣང་བརྙན་སོར་ལྔ་པ་འབུར་སྐུ་དང་། ལེབ་སྐུ་བཅས་སྤར། །དེ་དག་གི་སྐབས་སུ་སོ་སོའི་རྒྱུ་བྱིན་རླབས་སོགས་གཞུང་བཞིན་བསྒྲུབ། འབུར་སྐུའི་ནང་དུ། སངས་རྒྱས་ཀྱི་འཕེལ་གདུང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གདུང་རིལ། དགའ་རབ་གདུང་རྟེན་རིལ་བུ། ཐུགས་རྗེ་ཆེན་པོའི་ཤོག་སེར། མཁན་སློབ་ཆོས་གསུམ་ན་བཟའ། ཨོ་རྒྱན་དབུ་སྐྲ་དང་ཤངས་མཚལ། བྱིན་རྟེན་ཀུན་འདུས་ཕུར་མ། རྡོ་རྗེ་སེམས་དཔའི་རྩ་སྔགས་དང་སྙིང་པོ་རྟེན་འབྲེལ་སྙིང་པོ་བཅས་གསེར་གྱིས་བྲིས་པ་རྣམས་ལེགས་པར་བཞུགས་ཏེ་རབ་ཏུ་གནས་པ་ཚུལ་བཞིན་དུ་བགྱིས་ཤིང་རྡོ་རྗེ་སེམས་དཔའ་རི་བོར་བསྒྲུབ་པ་དང་མཆོད་པས་མངའ་དབུལ། གདུང་རུས་དང་བྱིན་རྟེན་འཕུར་མ་བཅས་རིན་ཆེན་དང་པོའི་ཁུ་བར་བསྲེས་ཤིང་སངས་རྒྱས་སྲས་གཅིག་ས་བོན་གྱི་རྒྱུད་གསེར་བྲིས་རབ་ཏུ་གནས་པ་དང་། གོང་གི་རྒྱུར་གཏེར་བྱོན་


LT37_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུ་ར་དང་། ཙཱ་རི་ཏྲ་སོགས་གནས་ཆེན་མང་པོའི་སིནྡྷུ་ར་སྦྱར་བས་སཱཙྪ་ཆོ་ག་བཞིན་བཏབ་པ་གསེར་ཆུས་བྱུགས་པའི་ཆེ་བའི་ནང་དུ་རིང་བསྲེལ་བཞི་གཞན་གོང་བཞིན་ལ། ཆོས་ཀྱི་རིང་བསྲེལ་རྡོར་སེམས་ཀྱི་རྩ་སྔགས་དང་སྙིང་པོའི་སྟེང་དྲི་མེད་རྣམ་གཉིས་ཀྱི་གསུངས་དང་རྟེན་འབྲེལ་སྙིང་པོ་གསེར་བྲིས་བཅས་བཞུགས། ཆུང་བའི་རྒྱུར་གོང་གསལ་རྟེན་གྱི་རིགས་བསྲེས་ཤིང་། རྟེན་སྙིང་ཙམ་སྙིང་པོར་བཞག་སྟེ་ཚུལ་བཞིན་རབ་ཏུ་གནས་པ་དང་། རྡོ་རྗེ་སེམས་དཔའི་སྒོ་ནས་སཱཙྪ་བསྒྲུབ་པ་དང་། གཙུག་ཏོར་དྲི་མེད་ཀྱི་ཆོ་གས་ཀྱང་མངའ་དབུལ་བ་བཅས། དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རྟེན་ཆུང་ངུ་སྦྱོར་དངོས་རྗེས་གཙང་གི་སྒོ་ནས་ལེགས་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་བརྟེན་ནས། རྡོ་རྗེ་འཛིན་དབང་གང་དེའི་སྦྱོང་སྨིན་མཐུ། །མིག་འཕྲུལ་ལྟ་བུར་མྱུར་བ་ཉིད་རྫོགས་ཏེ། །གསང་མཆོག་མེ་རི་འབར་བའི་ཕོ་བྲང་ཆེ། །འབྲེལ་ཚད་ཕྱམས་གཅིག་རྣམ་གྲོལ་མཐར་ཕྱིན་ཤོག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ཞེས་པ་དང་། འོག་ཏུ་གསལ་བའི་སྐུ་རྟེན་རྒྱུད་ཀྱི་གླེགས་བམ་སོགས་ཚོམ་བུ་ཚོགས་སྒྲུབ་ཀྱིས་མཚོན་པའི་སྤྱི་དང་བྱེ་བྲག་བསྒྲུབ་པ་ཚད་ལྡན་ཡང་ཡང་སོང་བ་རྣམས་དང་། སྲོག་ཤིང་ལ་གནས་ཡིག་གསེར་གྱིས་བྲིས་པ་རིང་བསྲེལ་རྣམ་བཞི་འབྲུ་སྨན་ལ་


LT37_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་འདུ་བགྱིས། སྦྱོང་བ་ཁྲུས་གསོལ་ནན་ཏན་དང་། རབ་གནས་མདོར་བསྡུས་སྔོན་ཏུ་འགྲོ་བའི་གཞུག་ཚུལ་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་བཞེས་མ་འཁྲུལ་བར་རང་གིས་ལག་བསྟར་དུ་བགྱིས་པ་ལ། མཆོད་རྟེན་གྱི་ནང་ཀུན་དྲི་བཟང་གི་ལྡེ་གུས་ཁྱབ་པར་བྱུགས་པའི་དབུས་སུ་ཚོན་སྣ་ལྔའི་ན་བཟའ་གསོལ་བའི་སྲོག་ཤིང་ཉིད་མདུན་རྒྱབ་མ་ལོག་པར་བརྟན་བྱེད་ཀྱི་སྔགས་དང་སྨོན་ལམ་བཅས་བཙུག་རྩེ་མོར་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་རྡོག་གཅིག །རྩ་བར་སེང་བྲག་གཏེར་བྱོན་རྒྱལ་ཆེན་ཨིནྡྲ་བྷཱུ་ཏིའི་རིན་ཆེན་རིལ་བུ་ཕབ་གཏར་སྦྱར་བའི་རིན་ཆེན་རིལ་ནག་ཆེན་མོ་ཁྱད་འཕགས་རྡོག་གཅིག་བཅས་བཞུགས། ཆོས་སྐུའི་རིང་བསྲེལ་གོང་དུ་སྨོས་པའི་སཱཙྪ་རྣམས་འབྲུ་སྣ་དང་བཟང་ཤིང་གི་ཕུར་མས་ལྕིབས་ཏེ་བུམ་པ་དང་ཚད་མེད་ཀྱི་ནང་དུ་བཞུགས་སུ་གསོལ། སྐུ་རྟེན་བུམ་པའི་སྟོད་ཆར་རྡོར་སེམས་ཀྱི་སྐུ་བརྙན་ན་བཟའ་དཀར་པོས་བཀླུབས་པ་དང་། སྐུ་ཚབ་ཀྱི་རྒྱུ་ལས་ཕྱག་བསྟར་དུ་མཛད་ཅིང་རིང་བསྲེལ་རྣམ་བཞི་གཏེར་རྫས་ཀྱིས་བལྟམས་པའི་གུ་རུ་བདེ་བ་ཆེན་པོ། གྲུབ་ཆེན་པཀྵི། རིག་འཛིན་འཇའ་ཚོན་སྙིང་པོ་རྣམས་ཀྱི་སྐུ་བརྙན་རེ་རེ། ཐུབ་དབང་བྱིན་སྐུ་གཅིག །པདྨ་སཾ་བྷ་བ་ལྔ། དགྱེས་པ་རྡོ་རྗེ་དང་། སྒྲོལ་མ་དཀར་མོའི་བྱིན་སྐུ་གསུམ་རེ་རྣམས་


LT37_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ཆོས་ཀྱི་རིང་བསྲེལ་སྐོར་ལ། གཙུག་ཏོར་སྡེ་ལྔ་དང་མཛོད་སྤུ་ནོར་བུའི་གཟུངས། གཟུངས་ཆེན་སྡེ་ལྔ་ཆ་བདུན་རེ། སྙིང་པོ་རྣམས་ཚར་བཅུ་ཕྲག་རེ། འོད་ཟེར་དྲི་མེད་ཀྱི་གཟུངས་རིང་ཐུང་ཚར་བཅུ་རེ། རྒྱལ་བ་རིགས་ལྔ། ཕྱོགས་བཅུའི་སངས་རྒྱས། ཉེ་སྲས་བརྒྱད། གཏད་རབས་བདུན། གྲུབ་ཆེན་བརྒྱད། གནས་བརྟན་བཅུ་དྲུག །འཛམ་གླིང་རྒྱན་དྲུག་རྣམས་ཀྱི་མཚན་སྔགས་དང་། བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །ཀློང་སྡེ། སེམས་སྡེ། འདུས་པ་མདོ། སྒྱུ་འཕྲུལ་ཞི་ཁྲོ། བཀའ་བརྒྱད་ལུགས་གསུམ། བླ་མ་དགོངས་འདུས། ཕུར་པ་བཀའ་གཏེར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཟུང་འཇུག་བརྒྱུད་པ། ཕྱག་ཆེན་བརྒྱུད་པ། བཀའ་བཞི་སྤྱི་བརྒྱུད། བྱང་སྡོམ་དང་སོ་ཐར་སྡོམ་པ་རྣམས་ཀྱི་བརྒྱུད་པ་དང་། ཀཿཐོག་བླ་རབས་བཅུ་གསུམ། ཇོ་ནང་རྗེ་བཙུན་དང་རིག་འཛིན་ཚེ་དབང་ནོར་བུ་རྣམས་ཀྱི་སྐྱེས་རབས་མཚན་སྔགས། ཆོས་ལོངས་སྤྲུལ་གསུམ་གྱི་སྙིང་པོ་དང་རྡོར་སེམས་ཡིག་བརྒྱ་ཡིག་དྲུག་སོགས་བརྒྱ་རྩ་ལྷག་རེ། འདུས་མདོ། སྒྱུ་འཕྲུལ་སྒྲུབ་པ་སྡེ་བརྒྱད་སོགས་སྔ་འགྱུར་བཀའ་གཏེར་ལས་བྱོན་པའི་ཡི་དམ། མཁའ་འགྲོ། ནོར་ལྷ། ཆོས་སྐྱོང་རྣམས་དང་། གསང་སྔགས་གསར་མ་ལ་གྲགས་པའི་བླ་མེད་མ་རྒྱུད་རིགས་དྲུག །ཕ་


LT37_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་རིགས་གསུམ། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད་ལས་བྱུང་བའི་གསང་སྔགས། མདོ་དང་རྟོག་པ་ལས་འབྱུང་བའི་གཟུངས། ཆོས་སྲུང་ནོར་ལྷ། ཕྱོགས་སྐྱོང་དཔལ་མགོན་ལ་སོགས་པ་རྣམས་ཀྱི་རྩ་སྔགས་སྙིང་པོ་ཉེ་སྙིང་། ཞལ་ནས་གསུངས་པའི་ཤིས་བརྗོད་ཀྱི་རིགས། སྒྲུབ་བརྒྱུད་སྨོན་ལམ་བདེན་འགྲུབ་མ། ངེས་དོན་བསྟན་པ་རྒྱས་པའི་སྨོན་ལམ་ཕུན་ཚོགས་ཐར་ལམ། བསྟན་པ་སྤྱི་སྨོན་རྡོ་རྗེ་ཚེ་དབང་ནོར་བུས་མཛད་པ་སོགས་སྟོད་སྨད་རང་གནས་དང་མཐུན་པའི་གོ་རིམ་མ་ལོག་པར་དྲི་བཟང་གི་ཆུས་བྱུགས་ཤིང་ན་བཟའ་སྣ་ལྔས་བཀླུབས་པ་རྣམས་དང་། སངས་རྒྱས་ཀྱི་འདས་རྗེས་གསུམ། བླ་མ་ཡང་ཏིག་གི་བཏགས་གྲོལ་འཁོར་ལོ། མཁའ་འགྲོ་སྙིང་ཐིག་ལས་འབྱུང་བའི་སྙིང་པོའི་རྒྱུད་དྲུག །བླ་མ་དགོངས་འདུས་ལས་འབྱུང་བའི་སངས་རྒྱས་སྲས་གཅིག་གསང་བ་ཅོད་པན་ས་བོན་གྱི་རྒྱུད། རཏྣའི་ཀློང་གསལ་སྙིང་ཐིག་གི་རང་བྱུང་རིག་པའི་ཏནྟྲ་སོགས་རྒྱུད་ཚན་བཞི། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བཏགས་གྲོལ་ཕུང་པོ་རང་གྲོལ། ཞི་ཁྲོ་ངེས་དོན་སྙིང་པོའི་བསྟན་པ་བུ་གཅིག་པའི་རྒྱུད། གཞན་ཡང་གནམ་ཆོས་སོགས་ལས་བྱུང་བའི་བཏགས་གྲོལ་རིགས་ངང་། ཡེ་ཤེས་རབ་འབར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་བཅས་གླེགས་བམ་


LT37_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བཞིར་བསྒྲུབས་པ་དང་། གདུགས་དཀར་དང་སོར་འབྲང་འཁོར་ལོ། ཐུགས་རྗེ་ཆེན་པོ་བཀའ་གཏེར་སྤྱི་ཁྱབ་ཀྱི་མཐོང་གྲོལ་ཙཀྲ། ཁྱད་པར་བླ་མ་དགོངས་པ་འདུས་པའི་རྩ་བའི་ཆོས་སྡེ། རྩ་རྒྱུད་པད་སྡོང་བརྩེགས་པ། སྐུ་རྒྱུད་ཤེལ་གྱི་རི་བོ། གསུང་རྒྱུད་རིན་ཆེན་འབྲུག་སྒྲ། ཐུགས་རྒྱུད་ནམ་མཁའ་ཀློང་ཡངས། ཡོན་ཏན་གྱི་རྒྱུད་བསྟན་པའི་སྲོག་ཤིང་། ཕྲིན་ལས་ཀྱི་རྒྱུད་སྤྲུ་གྲི་རེག་ཆོད། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་གསང་བརྒྱུད། མཐོང་གྲོལ་འཁོར་ལོ་ཆེན་པོ་རྣམས་དང་། རྩ་གསུམ་ཕྲིན་ལས་སྙིང་པོའི་ཤོག་སེར་བུབ། ཕྱག་བྲིས་ཤོག་སེར་ཆོས་ཀྱི་རིང་བསྲེལ་ཀུན་འདུས་དམ་རྫས་གསེར་ཞུན་ཆེན་མོ་བདུན་ཕྲག་གཅིག་བཅས་ལེགས་པར་བཞུགས་པའོ། །སྐུ་བལ་དང་སྐུ་གདུང་རིང་བསྲེལ་གྱི་སྐོར་ལ། འོད་སྲུངས། ཐུབ་པ། མཁན་པོ་རྣམས་ཀྱི་སྐུ་ཆོས། པྲ་བྷ་ཧ་སྟིའི་གདུང་། ཨོ་རྒྱན་རིན་པོ་ཆེའི་དབུ་ལྗོན་རིགས་གསུམ་ཤངས་མཚལ། གསང་གོས། སྐུ་རིག །ཟབ་བེར། ཞབས་ཆགས། ལྷ་ལྕམ་དང་མཚོ་རྒྱལ་ན་བཟའ། མཚོ་རྒྱལ་གྱི་དབུ་སྐྲ་དང་གསང་གོས། གསང་གསེར། ཆོས་རྒྱལ་ན་བཟའ་དང་གདུང་རུས། བཻ་རོའི་དབུ་སྐྲ་དང་སྐུ་ཆོས། གནུབས་སངས་རྒྱས་ཡེ་ཤེས་དང་ནམ་སྙིང་དབུ་ལྗོན། མངའ་བདག་


LT37_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་དང་གུ་རུ་ཆོས་དབང་རིག་འཛིན་རྒོད་ལྡེམས། མངའ་རི་པ་ཆེན་སྐུ་མཆེད། འཇའ་ཚོན་བདུད་འདུལ་སྨིན་གླིང་གནམ་ཆོས་སོགས་གཏེར་སྟོན་རྣམས་དང་། ཀློང་ཆེན་རབ་འབྱམས། ཀཿདམ་གཙང་བྱམས་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་རྙིང་མའི་མཁས་གྲུབ་རྣམས་དང་། མར་མི་དྭགས་གསུམ། ཕག་མོ་གྲུ་པ། དཔལ་དུས་གསུམ་མཁྱེན་པ་ནས་བདུད་འདུལ་རྡོ་རྗེའི་བར་དུ་བྱོན་པའི་ཀར་རབས་བཅུ་གསུམ། ཞྭ་དམར་སི་ཏུ་དཔའ་བོ་ཏྲེ་ཧོ། འགྲོ་མགོན་གཙང་པ་རྒྱ་རས། ལོ་རྒོད་རྣམ་གཉིས། སྟག་ལུང་ཐང་པ་རིན་པོ་ཆེ། སངས་རྒྱས་རྣམ་གསུམ། ཟུར་མང་མ་སེ་རྟོགས་ལྡན། ཀརྨ་ཆགས་མེད་སོགས་སྒྲུབ་བརྒྱུད་རིན་པོ་ཆེའི་མཁས་གྲུབ་སྐྱེས་ཆེན་ཕལ་མོ་ཆེའི་དབུ་ལོ། ན་བཟའ། གདུང་རུས། ཤངས་མཚལ། བྱང་སེམས་མི་བསྐྱོད་དང་རྣམ་སྣང་སོགས་རེ་རེ་ནས་བཞུགས་ཤིང་། དམ་རྫས་ཀྱི་སྐོར་ལ་འཆི་མེད་པདྨ་ཤེལ་རིའི་གཏེར་བྱོན་རིལ་བུ་བསྟན་པའི་བཙས་འབྲེལ་ཚད་དོན་ལྡན་རྡོག་གཅིག །སངས་རྒྱས་བྱང་སེམས་ཀྱི་གདུང་གི་རིང་བསྲེལ་འདུས་པ་དམ་རྫས་རིན་པོ་ཆེའི་ཏོག །རོལ་པ་ཆེན་པོའི་རིགས་གཉིས། དགའ་རབ་གདུང་རྟེན་དམ་རྫས་སྡུག་བསྔལ་ཞི་བྱེད། མཁའ་ཀློང་འཁྱིལ་པ། བདུད་


LT37_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ལྔའི་རིལ་བུ། །འཁོར་བ་དོང་སྤྲུགས། སྐྱེ་བདུན་དང་མ་ི་རིལ་བུ། སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ། རིག་པའི་ཡེ་ཤེས་སྨན་རི་ལ། སིདྡྷི་རིལ་བུ། དགའ་རབ་ཤྲཱི་སིང་བི་མ་ལ་རིག་འཛིན་བརྒྱད་ཨོ་རྒྱན་རྗེ་འབངས་ཉེར་ལྔ་དང་རྗེ་འབངས་སྟོང་ཕྲག་བཅས་ཀྱིས་བསྒྲུབས་པ་སོགས་བདུད་རྩི་ཆོས་སྨན་གྱི་རིགས་གཏེར་གསར་ལས་བྱོན་པ་རྣམས་དང་། རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་རྫས་ཟླ་ཤེལ་ཆེན་མོ། ས་ལེ་སྦྲམ། པདྨ་རཱ་ག །གཏེར་སྟོན་བརྒྱ་རྩའི་དམ་རྫས་བྱིན་རྟེན་གཅིག་བསྡུས་ཨ་དོ་མ་རྣམས་རྡོག་རེ་རེ། སྨིན་གླིང་ཐབས་ཤེས་མྱང་གྲོལ་རིལ་བུ། པདྨ་འོད་གསལ་མདོ་སྔགས་གླིང་པའི་གཏེར་བྱོན་རྒྱལ་པོ་ཛཿའི་བདུད་རྩི་ཆོས་སྨན། མཁའ་འགྲོ་ལས་ཀྱི་དབང་མོའི་རང་བྱུང་གསང་བའི་བདུད་རྩི་སོགས་རྩ་བའི་གཏའ་སྤེལ་དུ་སྦྱར་བ་རྣམས་དང་། རྒྱལ་དབང་ཀརྨ་པའི་དམ་རྫས་རིལ་ནག་ཆེན་མོ་ཕྱག་བསྒྲིལ་བཅས་གདན་ས་འདི་གར་བུམ་སྒྲུབ་ཆེན་མོའི་སྐབས་ཕྱིས་འབྱུང་བསྟན་པའི་བཅས་སུ་འབད་པ་ཆེན་པོས་བསྡུས་ནས་དཀར་ཆག་ཟུར་དུ་གསལ་བའི་དམ་རྫས་ཨུ་དུམྤར་བློ་གཏད་གཅིག་ཆོག །ཡིད་བཞིན་ནོར་བུ་མྱང་བ་རང་གྲོལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཀུན་འདུས་དམ་རྫས་ཏོག་གི་བློ་གྲོས། སྐྱེ་བདུན་རིལ་


LT37_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཁའ་སྤྱོད་བདེ་ལམ། སྐུ་བལ་རིང་བསྲེལ་ཀུན་འདུས་དམ་རྫས་འཇའ་འོད་འཁྱིལ་པ། དབུ་ཀླད་གདུང་རུས་སྐུ་གདུང་རིང་བསྲེལ་ཀུན་འདུས་དམ་རྫས་གཡུ་ཞུན་འཁྱིལ་པ། སྐུ་ཤ་རིལ་བུ་དམ་རྫས་ས་ལེ་སྦྲམ། ཤངས་མཚལ་བྱང་སེམས་དམར་པོ་གཅིག་བསྡུས་དམ་རྫས་པདྨ་རཱ་ག །བྱང་སེམས་དཀར་པོ་གཅིག་བསྡུས་དམ་རྫས་ཟླ་བའི་ཐིག་ལེ། གསང་ཆབ་ཕྱོགས་བསྡུས་དམ་རྫས་བཻ་ཌཱུརྻ། གསང་ཆེན་གཅིག་བསྡུས་དམ་རྫས་རྣམས་དང་འཇམ་དབྱངས་རིལ་བུ་ཤེས་རབ་དཔལ་བསྐྱེད་མཁྱེན་བརྩེའི་དབང་པོས་བསྒྲུབས་པ། བདུད་རྩི་ཆོས་སྨན་སྔ་ཕྱི་དུ་མར་བསྒྲུབས་པའི་རིགས། རཏྣ་པད་གླིང་གཏེར་བདག་གླིང་པ་སོགས་ཀྱི་གཏེར་བྱོན་དང་ཐང་རྒྱལ་ཚེ་རིལ། གཏེར་གསལ་ཚེ་རིལ་དང་ཚེ་རྫས། སྒྲོལ་དཀར་རིལ་བུ་བདུད་རྩིའི་ཟིལ་ཐིགས། ཚེ་བཅུད་ཀུན་འདུས་ཀྱི་རིལ་བུ་བདུད་རྩིའི་བུམ་པ་སོགས་ཚེ་རྫས་ཀྱི་རིགས་རྣམས་དང་། བུམ་རྫས་ཉེར་ལྔ་ཚད་ལྡན་ཏུ་སྦྱར་བ་རྣམས་ཀྱིས་གདོང་ཆེན་ཡན་ཆད་ཕྱུར་བུར་བཀང་ནས་མཚམས་དར་བཏང་། སེང་ཁྲིའི་ནང་དུ་གནོད་སྦྱིན་ཕོ་དགུ་མོ་དགུའི་འཁྲུལ་འཁོར་དར་ཟབ་ཀྱིས་བཀླུབས་པ། ཛམ་ལའི་བུམ་གཏེར་ཚད་ལྡན་ཏུ་བཅའ་བསྒྲུབ་བགྱིས་པ་གཅིག །བསོད་ནམས་གླང་པོ་སྟོབས་བསྐྱེད་ཀྱི་ཙཀྲ་ཟླ་བཟང་རིན་པོ་ཆེས་བསྒྲུབས་


LT37_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། གཡང་རྫས་ཀུན་འདུས་དཔལ་ཆེན་རིལ་བུ། གཏེར་གསར་པོ་ཏཱ་ལའི་འབྲུ་སྨན་བརྟན་གཡོའི་དྭངས་བཅུད་གཙོ་བོར་གྱུར་པའི་ས་ཆུ་འབྱུང་བཅུད་ཀུན་འདུས་ཀྱི་རིལ་བུ་བདུད་རྩིའི་ལྗོན་ཤིང་། གནས་ཡུལ་དྲུག་ཅུ་རྩ་བཞིའི་ས་སྣ། སྨན་སྣ་རིན་ཆེན་ཕྱེ་མ་སོགས་འབྲུ་སྣ་དང་བདུད་རྩི་ཅན་གྱི་ཤིང་གི་ཕུར་མ་རྣམས་ཀྱིས་ལེགས་པར་བཀང་། དེ་འཕྲལ་ཉིད་དུ་ཁོ་བོ་དང་འདིར་བཞུགས་སྒྲུབ་བླ་རྣམས་ཀྱིས་བླ་མ་དགོངས་པ་འདུས་པའི་ཕྲིན་ལས་གཞུང་བསྲངས་ཏེ། སྦྱོང་ཁྲུས་རྟེན་བསྐྱེད་འགུགས་བསྟིམས་དབང་བསྐུར་སྤྱན་དབྱེ་ཞལ་བསྒྱུར་མངའ་དབུལ་སོགས་རབ་ཏུ་གནས་པའི་ཆོ་ག་ཡོངས་སུ་རྫོགས་པ་བགྱིས་ཤིང་། སླར་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་དབྱེ་བའི་མདུན་བསྐྱེད་རྟེན་ཏུ་བཞུགས་ནས་བསྐྱེད་བཟླས་མཆོད་འབུལ་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་མཐའ་རྒྱས་སུ་བསྒྲུབས་པ་དང་། ཡེ་འབར་ལས་འབྱུང་བའི་ཐུགས་རྟེན་མཐོང་གྲོལ་གྱི་སྒོ་ནས་འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་བཟང་པོ་ནན་ཏན་དུ་ཞུས་པ་ལགས་སོ། །གསུམ་པ་ནི། སྤྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། དེ་ལ་ཕྱག་མཆོད་སོགས་བསྙེན་བཀུར་བགྱིས་པའི་ཕན་ཡོན་གནས་སྐབས་མཐར་ཐུག་ཀུན་ཏུ་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་ཤིང་། སྦྱོང་རྒྱུད་


LT37_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་ཤི་བའི་ཕུང་པོ་བསྲེག་སྦྱོང་། རུས་བུའི་ཆོ་ག །དེ་ལས་མཆོད་རྟེན་བྱ་ཞིང་དེ་ཉིད་སྒྲུབ་པའི་ཕན་ཡོན་ཤིན་ཏུ་རྒྱ་ཆེར་གསུངས་པ་དང་། བྱེ་བྲག་ཏུ། བླ་མ་དམ་པ་དེ་ཉིད་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་ཏུ་མེད་པའི་སྤྱན་སྔར་བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་མཐར་འབྱིན་ཅིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་སླད་དུ་ཞིང་བཀོད་ཀྱི་ཞལ་ཐང་དང་། གསང་ཆེན་དུར་ཁྲོད་མེ་རི་འབར་བར་བླ་མེད་རྡོ་རྗེ་སྙིང་པོའི་གསང་རྒྱུད་རབ་འབྱམས་ཀྱི་བདག་པོའི་གནས་ལ་འཁོད་ཅིང་གཞོམ་མེད་ནཱ་དའི་རང་སྒྲས་མཁའ་ཁྱབ་ཆོས་ཀྱི་འཁོར་ལོ་དུས་གསུམ་རྒྱུན་ཆད་མེད་པར་བསྐོར་བའི་སླད་དུ་རྒྱུད་རྒྱལ་གསེར་བྲིས་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་ཐམས་ཅད་མཐར་ཕྱིན་ནས་མི་སློབ་པའི་ཟུང་འཇུག་གདོད་མའི་ཀུན་བཟང་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་རང་མདངས་རྟག་ཅིང་ཁྱབ་པར་འཇུག་པའི་ཕྱིར་དུ་ཆོས་སྐུའི་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་འདི་དག་བཞེངས་པ་ལས། ཆེད་སུ་དམིགས་པ་དེ་ཉིད་སྐུ་གསུང་ཐུགས་མི་ཕྱེད་པ་གསུམ་གྱི་གོ་འཕང་མྱུར་དུ་བརྙེས་པ་དང་། འབྲེལ་བར་བཅས་པ་ཀུན་གྱི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ལ་ཉལ་བ་བཅས་བྱང་ཞིང་། རྟེན་གང་དུ་བཞུགས་པའི་ཡུལ་ཕྱོགས་རྗེས་འཇུག་དང་བཅས་པ་ལ་གསང་བ་གསུམ་གྱི་བྱིན་རླབས་འཇུག་ཅིང་འཕྲལ་ཡུན་


LT37_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་འབྱོར་ཟད་མི་ཤེས་པ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ནི་ཚད་མ་གསུམ་གྱིས་གྲུབ་པའོ། །རྒྱལ་བ་ཉིད་ཀྱིས་ཚད་མའི་གསུང་རང་ལས། །ཡོངས་སུ་བསྔགས་པའི་དགེ་རྩ་བླ་མེད་འདིས། །འདྲེན་མཆོག་དམ་པ་གང་དེའི་ཐུགས་རྒྱུད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ཤོག །བསྐལ་པ་གྲངས་མེད་བསགས་པར་འོས་པའི་ཚོགས། །ཐུགས་བསྐྱེད་ཟབ་མོས་སྐད་ཅིག་ཉིད་ལ་བཟླུམས། །སྐུ་བཞི་ཡེ་ཤེས་ལྔ་པོ་མཐར་ཕྱིན་ནས། །སྤྲུལ་པས་བསྟན་འགྲོའི་དོན་ཆེན་མཛད་གྱུར་ཅིག །སྔགས་ཀྱི་རྟེན་ལ་བརྟུལ་ཞུགས་ཕྱོགས་མེད་གྲུབ། །པདྨོ་བཀོད་པར་རྒྱལ་བས་ལུང་བསྟན་བརྙེས། །མེ་རི་འབར་བ་མངོན་རྫོགས་རྒྱལ་པོ་དང་། །དབྱེར་མེད་ཡེ་ཤེས་ཡངས་པའི་གར་མཛད་ཤོག །བདག་ཉིད་དབང་ཕྱུག་ཆེན་པོའི་གནས་ཐོབ་སྟེ། །གང་འདུལ་རྣམ་པར་རོལ་པས་མཆོག་གཏེར་གྱི། །བསྟན་པ་སྐྱོང་ཞིང་ཕྲིན་ལས་སྤེལ་བ་ལ། །འགྲན་ཟླ་མེད་པའི་ཤིང་རྟ་ཉིད་གྱུར་ཅིག །རྩ་བ་གསུམ་གྱི་བདེན་པའི་བྱིན་རླབས་དང་། །བདག་གི་མོས་དགེ་རྣམ་པར་དཀར་བའི་མཐུས། །བསམ་པའི་ལྗོན་བཟང་སྨོན་པའི་འབྲས་བུས་ལྕི། །ལུས་ཅན་འཚོ་བའི་དཔྱིད་དཔལ་ཉིད་དུ་ཤོག །ཅེས་པའང་མོས་ལྡན་དད་སྤྲོ་སྐྱེད་པའི་ཆ་རྐྱེན་ཏུ། ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་བཀའ་


LT37_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དང་མཐུན་པར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །


previousརྗེ་དབོན་བླ་མ་དམ་པའི་དགོངས་རྫོགས་རྟེན་གསུམ་གྱི་དཀར་ཆག་མདོར་བསྡུས་པ་ངོ་མཚར་དཔལ་སྐྱེད།next