Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
པ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།
   
   


 
previousཔ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།next

པ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།


LT37_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ་ཞེས་བྱ་བ་བཞུགས་སོ། །


LT37_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བྱམས་པའི་ཟླ་ཟེར་གྱིས། །ཕྲ་རྒྱས་མུན་པ་ཀུན་བཀྲུས་ནས། །སྙིང་པོའི་ལམ་མཆོག་གསལ་མཛད་པ། །རྒྱལ་ཚབ་མ་ཕམ་མགོན་དེས་སྐྱོངས།


LT37_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྤངས་རྟོགས་ཡོངས་སུ་རྫོགས་པའི་རྒྱལ་བ་ཡང་། །ཐབས་མཁས་སྲིད་པའི་རོལ་རྩེད་སྣ་ཚོགས་པས། །གཞན་ཕན་འདོད་དགུར་བསྒྱུར་བའི་གར་མཛད་པ། །པ་ཆེན་སྨྲྀ་ཏི་ཛྙཱ་ནར་ཕྱག་བགྱིའོ། །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གསུམ་གྱི་མཆོད་སྡོང་འཕགས་ཡུལ་གྱི་མཁས་གྲུབ་མཚན་ཡོངས་སུ་གྲགས་པ་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་མཐོང་གྲོལ་ཆེན་མོ་འདིའི་ལོ་རྒྱུས་ཟུར་ཙམ་སྨོས་ན། སྔོན་འདས་པའི་དུས་སུ་རྒྱལ་བ་བདེ་བའི་གླུ། ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པའི་ཞིང་ན་དེ་བཞིན་གཤེགས་པའི་སྒྱུ་འཕྲུལ། མ་འོངས་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་ཚེ་བཅོམ་ལྡན་འདས་བྱམས་པ་མགོན་པོ་ཞེས་བྱ་བར་འཚང་རྒྱ་བའི་ཚུལ་


LT37_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཅིང་། སྟོན་པ་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ལ་མང་སྐྱེ་འཕགས་ཀྱི་རྣམ་པར་རོལ་པ་སྣ་ཚོགས་པས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པ་ལས། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱི་རྟི་ཞེས་སུ་གྲགས་པ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་སུ་སྐྱེ་བ་བཟུང་བའི་ཚུལ་བསྟན། རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་། སྒྲ་ཚད་སོགས་རིག་པའི་གནས་དང་། འདུལ་མངོན་གཙོ་བོར་གྱུར་པའི་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ཀྱི་མཐར་སོན་པས་མ་ཧཱ་པཎྜི་ཏའི་མཚན་ཡོངས་སུ་གྲགས་ཏེ་སློབ་མའང་གདུགས་ཐོགས་ལྔ་བརྒྱ་ཙམ་འདུས་ཤིང་བསྟན་པ་ལ་བྱ་བ་ཆེར་མཛད། དཔལ་ནཱ་རོ་པ་ཆེན་པོ་ལས་གདམས་ངག་གསན་ཏེ་སྒྲུབ་པ་མཐར་ཕྱིན་པ་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། ཀུ་སཱ་ལིའི་སྤྱོད་པས་ཡུལ་ཐ་དད་དུ་གཤེགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། བོད་ཡུལ་དབུས་གཙང་དུ་ཕེབས་ནས་མདོ་རྒྱུད་འགའ་ཞིག་ལོ་ཙཱ་མ་དགོས་པར་རང་འགྱུར་དུ་མཛད་པ་སོགས་འགྲོ་དོན་མཐའ་ཡས། རི་བོ་རྩེ་ལྔར་ཞབས་ཀྱིས་བཅག་ནས་མ་ཧཱ་ཙི་ནའི་རྒྱལ་ཁམས་ཆོས་ལ་བསྒྱུར། སླར་ཡང་མདོ་ཁམས་སུ་ཕེབ་ནས་གདུལ་བྱ་འདུལ་བའི་ཐབས་སུ་གསེར་ལྡན་འབྲི་ཀླུང་གི་འགྲམས་ངོགས་གསེར་འོག་ཅེས་པའི་གྲོང་ཁྱེར་དུ་ཕལ་པའི་


LT37_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པས་ར་ལུག་སྐྱོང་སྟེ་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པའི་སྐབས་ཤིག་གྲོང་ཁྱེར་ལ་ས་གཡོས་ཀྱི་གནོད་པ་འབྱུང་བར་མཁྱེན་ནས་རེ་ཞིག་རྒྱབ་རི་འུར་རྡོས་བཅིངས། དེ་ལྟར་བྱས་ཡོད་པས་ཐམས་ཅད་བྲོས་ཤིག་གསུངས་པ་ན་ཕལ་ཆེར་གྱིས་རྫུན་པར་གོ་སྟེ་མ་བྲོས་པའི་གྲོང་ལྔ་བརྒྱ་ཙམ་ས་འོག་ཏུ་སོང་བའི་ཤུལ་ད་ལྟ་གསེར་འོག་རི་ཤུལ་གྱི་ས་དམར་འདི་ཡིན། རྒན་མོ་གཅིག་གིས་སྔར་ནས་ཆེ་བའི་ཡོན་ཏན་ཕྱོགས་ཙམ་མཐོང་བས་བདེན་པར་བཟུང་སྟེ་བྲོས་ནས་ཐར་བའི་རིགས་རྒྱུད་ད་ལྟ་གསེར་འོག་གི་གྲོང་ཁྱེར་འདི་ཡིན་སྐད། དེ་སྐབས་བདུད་རྒྱལ་གླང་དར་གྱིས་བསྟན་པ་མཐའ་དབུས་མེད་པར་བཤིགས་ནས་མིང་གི་ལྷག་མར་བྱས་པའི་ཚེ། གླང་ཐང་སྒྲོལ་མའི་གཙུག་ལག་ཁང་དུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པས་གཡས་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་མང་དུ་འདུས་ཤིང་དེ་རྣམས་ཀྱིས་དབུས་གཙང་ཁམས་གསུམ་དུ་སྤེལ་བས་མངོན་པ་འོག་མའི་བསྟན་པ་གཞི་བཞེངས་སུ་བཏང་། ཕྱི་དར་གྱི་བསྟན་པའི་རྩ་བ་བཙུགས། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། མདོར་ན་བདག་ཉིད་ཆེན་པོ་འདི་ནི་དུས་དབང་གི་འགྲོ་དོན་རྒྱ་ཆེ་ཆུང་ཙམ་ལས་མཁས་པའི་ངོས་ནས་སློབ་དཔོན་དབྱིག་གཉེན་


LT37_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འགྲན་ཞིང་། གྲུབ་པའི་ངོས་ནས་སློབ་དཔོན་ནག་པོ་སྤྱོད་པ་སོགས་དང་དབྱེ་བ་མེད་དེ། པ་ཆེན་དཱ་ན་ཤཱི་ལ་སྐུ་གཤེགས་ལ་ཉེ་བ་ན་ཁོ་བོ་བོད་མ་དག་པའི་ས་ཆར་འཆི་དགོས་པར་གསུངས་ནས་ཐུག་མུག་གི་ཚུལ་བསྟན་པའི་ཚེ། གཞན་དག་གིས་སྔར་ཡང་རྒྱ་གར་གྱི་པ་ཆེན་མང་པོ་བོད་དུ་འདས་པས་སྐྱོན་མེད། ཇོ་བོ་རྗེ་ཨ་ཏི་ཤ་ཡང་འདས་ས་བོད་ཡིན་ཞུས་པས། ཨ་ཙ་ར་བཙུན་ཚུགས་བཟང་བ་ལས་ངའི་ཡོན་ཏན་བརྒྱ་ཆ་ཡང་མེད་གསུངས། འོ་ན་ཕ་དམ་པ་ཡང་འདས་ཞུས་པས། ཛོ་ཀི་གདམས་ངག་མང་བ་ལས་ངའི་ཡོན་ཏན་བཅུ་ཆ་ཡང་མེད་གསུངས། སྨྲྀ་ཏི་ཛྙཱ་ན་ཡང་འདས་ཞུས་པས་ཕྱག་ཐལ་མོ་སྦྱར་ནས། འོ་ན་དེའི་ཡོན་ཏན་བརྒྱ་ཆ་ཙམ་ཡང་ང་ལ་མེད་པས་འདས་ཆོག་པར་གདའ་གསུངས་ནས་ཐུགས་ངལ་སངས་པའི་ལོ་རྒྱུས་འབྱུང་བ་ལྟར་ལགས། དེ་ལྟར་མཁས་གྲུབ་ཆེན་པོ་དེའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པར་ཉེ་བའི་ཚེ། གསེར་འོག་ཏུ་ཕེབས་ཏེ་རྡོ་ནག་ལུག་ཐང་ཙམ་ཞིག་འུར་རྡོའི་སྟེང་ལ་བཞག་ནས། ངའི་འགྲོ་དོན་འབྱུང་བའི་གནས་ཞིག་ཏུ་བོབ་ཅིག་གསུངས་ནས་འཕངས་པ་གནས་འདིར་བབ། དེ་ནས་བརྩམས་དྲན་ཐང་ཞེས་པའི་མིང་ཆགས། དེའི་ཚེ་འཇའ་འོད་མེ་ཏོག་གི་ཆར་དང་། ལྷའི་རྔ་སྒྲ། དྲི་བཟང་པོའི་ངད་པ་སོགས་ངོ་མཚར་བའི་


LT37_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་དུ་མ་དང་བཅས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན། ཞལ་ཆེམས་ལྟར་སྐུ་གདུང་ཧྲིལ་པོ་གནས་མཆོག་འདི་ཉིད་དུ་བཞུགས་པའི་ཚེ་དབྱར་ཟླ་ར་བའི་ཚེས་བཅོ་ལྔར་འབྲི་ཆུ་ལ་དར་ཆགས། དེང་སང་དྲན་ཐང་ལྷ་དར་ཟེར་བའི་རྒྱུན་དེ་ལས་བྱུང་། མཚན་མོར་ལྷ་འདྲེ་དུ་མས་བསྐོར་བ་དང་མར་མེ་འབུལ་བ་སོགས་དེ་ནས་བརྩམས་ད་ལྟའི་བར་མཐོང་སྣང་དུ་གྲུབ། བཞུགས་ཁང་རྙིང་པ་ཅུང་ཟད་གོག་པའི་རྣམ་པ་བྱུང་བའི་སྐབས། འཇམ་དཔལ་རྩ་བའི་རྒྱུད་ཀྱི་ལུང་གིས་ཟིན་པའི་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ་པོའི་སྣང་བརྙན་གཉིས་པ་ཆོས་ཀྱི་རྒྱལ་པོ་ས་སྐྱོང་སྡེ་དགེ་བསྟན་པ་ཚེ་རིང་མཆོག་ནས་འདན་ཡུལ་སྟོད་སྨད་དུ་དགོན་སྡེ་བཅོ་བརྒྱད་གསར་འདེབས་མཛད་པའི་སྐབས་སུ་གཙུག་ལག་ཁང་འདིའང་བསྐྲུན་པར་མཛད་ཅིང་། མཐིང་དམར་ཅོད་པན་འཆང་བའི་རྒྱལ་མཆོག་ཟུང་གི་གཙོས་རིས་མེད་ཀྱི་སྐྱེས་ཆེན་དུ་མས་ཚད་མར་འཛིན་ཏེ་ཞབས་ཀྱིས་བཅགས། ཁྱད་པར་བྱམས་མགོན་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་དེ་ཉིད་ཀྱི་ཕྲིན་ལས་གདུགས་དཀར་སྲིད་རྩེར་བསྒྲེང་བའི་སྐབས་སུ། འདིར་ཡང་དད་ལྡན་གྱི་ཡོན་སྦྱངས་ཞིང་སར་ཕུལ་བའི་ལྷ་འབངས་མཆོད་གཞིས་ལ་བརྟེན། ཕྱི་གཙུག་ལག་ཁང་གི་ལགས་གསོ། ནང་ཀརྨ་


LT37_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཀྱི་དགེ་འདུན་འདུས་པར་དར་རྒྱས་བཙུན་གསུམ་གྱི་ཕྱག་རྗེས་འགྲན་ཟླ་བྲལ་བར་མཛད། དེ་ཉིད་བསམས་བཞིན་ཏུ་སྐྱེ་བ་བཞེས་པ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོའི་ཞབས་ཀྱིས་ཀྱང་སྐུ་འབུམ་རིན་པོ་ཆེར་གྲང་གསེར་ལྗིབ་བྱུགས་ཀྱི་སྲི་ཞུ་སོགས་སྔོན་གྱི་ཕྲིན་ལས་རྗེས་སྐྱོང་གི་བསྟན་ཕན་མཛད་བཟང་རླབས་ཆེན་གནང་ཞིང་མདོར་ན་དབུས་གཙང་ཁམས་གསུམ་གྱི་སྐྱེ་བོ་མཆོག་དམན་ཐམས་ཅད་ཀྱི་ཕྱག་མཆོད་བསྐོར་བའི་ཡུལ་དུ་གྱུར་པ་འབྲེལ་ཚད་དོན་ལྡན་གྱི་གནས་མཆོག་འདིའི་དྲི་གཙང་ཁང་གི་དབུས་ན། རྟེན་གྱི་གཙོ་བོ་མཁས་གྲུབ་སྨྲྀ་ཏི་ཛྙཱ་ནའི་སྐུ་འབུམ་རིན་པོ་ཆེ་བདུད་ལས་རྣམ་པར་རྒྱལ་ཏེ་མངོན་པར་བྱང་ཆུབ་པའི་མཆོད་སྡོང་གི་བཀོད་པ། བུམ་སྐུ་ཇོ་བོ་ཁ་སརྤ་ི། རིག་བྱེད་པ་རྒྱ་སྟོན་ཆེན་པོའི་ཕྱག་བཟོ་པ་ཆེན་ཉིད་ཀྱི་འདྲ་ཞལ་བྱིན་ཆེན། མཐིང་དམར་ཅོད་པན་འཆང་བ་ཟུང་གི་སྐུ། སངས་རྒྱས་གཉིས་པ་པདྨཱ་ཀ་རའི་སྐུ་བརྙན། སངས་རྒྱས་འོད་དཔག་མེད་པའི་སྐུ། ཤཱཀ་ཐུབ་དང་བྱམས་མགོན། འཕགས་པའི་གནས་བརྟན་བཅུ་དྲུག་གི་སྐུ། གྱང་ལོགས་སུ་ཚེ་དཔག་མེད་དང་རྡོར་སེམས་ཀྱི་སྐུ་བརྙན་སྟོང་རྩ། ཞལ་ཐང་གྲས་གསེར་བྲིས་སངས་རྒྱས་སྟོང་སྐུ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་ཐང་སྐུ་སྣ་ཚོགས་


LT37_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་། འདུ་ཁང་གི་ལོགས་བྲིས་སུ་སངས་རྒྱས་སྐྱེས་རབས་དཔག་བསམ་འཁྲི་ཤིང་། བདེ་ཆེན་ཞིང་གི་བཀོད་པ། ལྕང་ལོ་ཅན་གྱི་བཀོད་པ། མགོན་པོ་བེར་ཅན་འཁོར་ལྔ། གུར་ལྷ་བརྒྱད། རྒྱ་མཐོང་གི་ལོགས་བྲིས་སུ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་གཙོ་འཁོར་ལྔ། ཐོན་མཐིང་ཅོད་པན་འཆང་བ་ཡབ་སྲས། སོ་ཐར་སྡོམ་བརྒྱུད། གཡུ་ལོ་བཀོད་པ་དང་། ཟངས་མདོག་དཔལ་རིའི་ཞིང་བཀོད་སོགས་བཞུགས། སྒོ་ཁང་དུ་སྟོན་པའི་དམ་ཆོས་སྐྱོང་བའི་ལྷའི་དགེ་བསྙེན་རྒྱལ་པོ་ཆེན་པོ་སྡེ་བཞིའི་བཞེངས་སྐུ། ལོགས་བྲིས་སུ་དམ་ཅན་རྡོར་ལེགས། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་གཙོ་འཁོར། ལྷ་སྨན་བཀྲ་ཤིས་ཚེ་རིང་མ་མཆེད་ལྔ་སོགས་ཀྱི་བྲིས་སྐུ་རྣམས་བཞུགས་པ་ཡིན་ཅིང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་གྱི་པུསྟ་ཀ་སྟོང་ཕྲག་གསུམ་གྱི་གྲངས་ལྡན། བསྐོར་ཁང་དུ་འཁོར་ལོ་བདུན་བརྒྱ་ལྷག་ཙམ་ལ་ཡིག་དྲུག་དུང་ཕྱུར་ལྔ། བྱེ་བ་བརྒྱད། ས་ཡ་ཕྲག་གསུམ་ཡོད་པ་འཁྲུལ་མེད་སྐར་རྩིས་རི་མོས་གཏན་ལ་ཕབ་པ་ལགས། དེ་ལྟར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཕྱག་མཆོད་བསྐོར་བ་བགྱིས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། དམ་ཆོས་


LT37_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོ་ལས། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དད། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགར་བརྗོད་པར་བྱས་པས་ཀྱང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོགས་ལུང་མཐའ་ཡས་པར་གསུངས་པས་གནས་སྐབས་སུ་ནད་མེད་པ་དང་། །གདོན་ཞི་བ་དང་། ཚེ་རིང་བ་དང་། བསོད་ནམས་དབང་ཐང་འཕེལ་བ་སོགས་དང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཀྱི་ཡོན་ཏན་ཁྱད་པར་ཅན་བརྒྱུད་དེ་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་ཏུ་བྱེད་པའི་རྒྱུར་འགྱུར་བ་གདོན་མི་ཟ་བས་དད་མོས་རྩེ་གཅིག་གི་སྒོ་ནས་གསོལ་འདེབས་སྨོན་ལམ། ཕྱག་བསྐོར་བ། སྤོས་འབྲུ་མར་མེ་ཕུལ་བ་སོགས་དགེ་བའི་


LT37_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་རླབས་སུ་སྐྱེད་ནས་ཐར་པའི་ས་བོན་རེ་བཞག་པར་ཞུ། ངོ་མཚར་པ་གྲུབ་མཐའ་ཡས་ཀྱང་། །ཕྱོགས་འདིར་འགྲོ་དོན་རླབས་ཆེ་བ། །དྲན་པའི་གདུང་རྟེན་ལས་འཕྲོས་པའི། །གཏམ་འདིས་ཐར་པའི་སྒོ་འབྱེད་ཤོག །རྟེན་མཆོག་མཐོང་ཐོས་དྲན་རེག་དགེ་བའི་འབྲས། །རྣམ་དཀར་ཆབ་ཀྱི་ཐིགས་པ་བྱང་ཆུབ་ཏུ། །ཡོངས་བསྔོ་དག་པའི་རྒྱ་མཚོ་ཆེར་འདྲེས་ཏེ། །ཀུན་ཏུ་བཟང་པོའི་རྣམ་ཐར་འཛིན་གྱུར་ཅིག །ཅེས་པ་འདིའང་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུང་གི་གནང་བ་བསྩལ་ལྟར། བྱམས་མགོན་ཏཱའི་སི་ཏུའི་བཀའ་འབངས་པ་ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གནས་དེ་ཉིད་དུ་གྲིས་པ་དགེ། སརྦ་ཐཱ་མངྒ་ལཾ།། །།


previousཔ་ཆེན་དྲན་པ་ཡེ་ཤེས་ཞབས་ཀྱི་སྐུ་འབུམ་དཀར་ཆག་སྔར་གྲགས་སོར་བཞག་ཏུ་བརྗོད་པ་རྣ་བའི་གླིང་བུ།next