Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ།
   


 
previousཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ།next

ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ།


LT37_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


LT37_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ས་གསུམ་ཀུན་ཏུ་ཁྱབ་པ་དགེ་ལེགས་བྱེ་བའི་སྣང་བ་ཆེ། །དྲི་མེད་ཡོན་ཏན་མཐའ་ཡས་དཀྱིལ་འཁོར་རྒྱས་པ་ལས་འཕྲོ་བས། །སྲིད་ཞི་ཉེས་པའི་མཐའ་ལས་དུས་གསུམ་རྟག་ཏུ་སྲུང་མཛད་པ། །རིན་ཆེན་རྣམ་གསུམ་བཀྲ་ཤིས་དཔལ་གྱིས་འཇིག་རྟེན་མཛེས་བྱེད་ཤོག༡། གདོད་ནས་རབ་ཞི་ཟབ་གསལ་གཉིས་མེད་མཁའ་ལྟར་ཀུན་ཁྱབ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཀུན་ཏུ་སྣང་བའི་མཚན་དཔེ་རྒྱ་ཆེན་ཞིང་དང་སྐུ་སོགས་ཡེ་ཤེས་ལོངས་སྤྱོད་ཡོངས་སུ་རྫོགས། །སྣ་ཚོགས་ཅིར་ཡང་སྤྲུལ་པའི་རྣམ་ཐར་སྤྲིན་གྱི་བླ་བྲེ་འགྲོ་ཁམས་མཐར་ཐུག་ཡོངས་སུ་བཀོད། །བསྐལ་བཟང་འདྲེན་མཆོག་ཤཱཀྱའི་གཙོ་བོའི་ཞབས་ཀྱི་པདྨོར་ཡན་ལག་མཆོག་


LT37_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འདུད་པར་བགྱི། ༢ །སྒྲིབ་གཉིས་འཆིང་བ་བྲལ་མཛད་ཡེ་ཤེས་མཚོན་ཆའི་གཟི་འབར་ཞིང་། །མཁྱེན་གཉིས་བློ་ཡི་མཆོག་སྦྱིན་གླེགས་བམ་ཕྱག་རྒྱའི་ཁུར་གྱིས་དུད། །དབྱངས་ཅན་མགྲིན་པའི་གླིང་བུར་རྟག་ཏུ་བརྩེ་དགར་རོལ་པ་དེས། །མི་འཇིགས་སྤོབས་པའི་གཏེར་ཆེན་རིང་པོར་མི་ཐོགས་གྲོལ་བར་མཛོད། ༣ །དམ་པའི་རྣམ་ཐར་དྲི་མ་མེད་པ་ཡིས། །ཐུབ་བསྟན་འཛིན་མཛད་འཕགས་དང་བོད་ཡུལ་ན། །དུས་གསུམ་གཤེགས་པའི་མཁས་གྲུབ་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ཐལ་མོ་སྙིང་གར་ཟུམ། ༤ །ཁྱད་པར་གདོང་དམར་མུན་པའི་གླིང་རུམ་དུ། །ཐུབ་བསྟན་ཉིན་བྱེད་འདྲེན་པའི་ཤིང་རྟ་བ། །སྤྲུལ་པའི་ཆོས་རྒྱལ་ལོ་པ་ཚོགས་རྣམས་ལ། །


LT37_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་རྗེས་དྲན་བསྔགས་པའི་བསྟི་སྟང་འབུལ། ༥ །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་རུ། །མུན་པས་ལྡོངས་པའི་འགྲོ་ཁམས་མཐའ་ཡས་པ། །འཁྲུལ་པའི་དབང་གྱུར་སྡུག་བསྔལ་རྦ་ལ་གཡེངས། །ལས་རླུང་དྲག་པོས་རྟག་ཏུ་བསྐྱོད་པ་ལ། ༦ །ཐུགས་རྗེའི་སྟོབས་མངའ་སྐྱེས་བུ་དཔའ་བོ་རྣམས། །བརྩོན་པའི་ཤུགས་ཀྱིས་སྨོན་ལམ་གྲུ་བཟུང་སྟེ། །འཁོར་བཞི་པའི་གྲོང་དུ་སྒྲོལ་བ་ལ། །སྐྱོ་ངལ་སྤངས་པའི་སྙིང་སྟོབས་ལྷག་པར་འབར། ༧ །རྩོད་པའི་དུས་ཀྱི་ཁྲི་མུན་ཉམ་ང་བར། །ལས་ཉོན་ཞགས་པས་དམ་དུ་འཆིངས་གྱུར་ཀྱང་། །དགྲོལ་བའི་ཐུགས་རྗེའི་ཕྱག་རིང་མ་བརྐྱང་བར། །དུས་གསུམ་འདྲེན་པ་ཡོངས་ཀྱིས་བཏང་སྙོམས་མཛད། ༨ །སྙིང་རྗེ་མཐའ་ཡས་བརྩོན་འགྲུས་ཕུལ་ཕྱིན་ཅིང་། །མགོན་མེད་བཤེས་སུ་གྱུར་པའི་ཐུགས་རྗེ་ཅན། །བདག་ཅག་སྟོན་པ་ཤཱཀྱའི་རྒྱལ་པོ་དེས། །མི་མཇེད་རྩོད་པའི་ཞིང་འདི་ཕྱག་མཚན་བཞེས། ༩ །ནམ་མཁའ་ཇི་སྲིད་འགྲོ་ཁམས་ཟད་མེད་ཅིང་། །དེ་སྲིད་རྒྱལ་བའི་ཐུགས་རྗེ་མི་ཟད་པས། །ཕྱོགས་བཅུའི་ཞིང་ན་དུས་གསུམ་གཤེགས་པ་ཡི། །མི་ཡི་སེང་གེ་དཔེ་དང་གྲངས་འདས་ཀྱང་། ༡༠ །ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་མངའ་བ། །སྟོན་པ་འདི་མཚུངས་ནམ་ཡང་མ་མཆིས་པས། །སྟོབས་བཅུ་མངའ་བ་སྲས་དང་བཅས་རྣམས་ཀྱིས། །བསྔགས་པའི་དྲིལ་ཆེན་ཞིང་ཁམས་རྒྱ་


LT37_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་སྒྲོག ༡༡ །རྒྱལ་བའི་རྣམ་ཐར་མཁའ་དང་སྙོམས་པར་ཞུགས། །སྐད་ཅིག་རེ་རེར་སྲིད་ལས་སྒྲོལ་བ་ཡི། །ཆོ་འཕྲུལ་འཕགས་པའི་བློས་ཀྱང་བརྟག་མི་བཟོད། །བཅུ་གཉིས་ལ་སོགས་ཕྱོགས་རེར་བརྗོད་པ་ཉིད། ༡༢ །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཡི། །མཛད་པའི་ཕུལ་གྱུར་ཆོས་འཁོར་བསྐོར་བ་ནི། །ལྷ་དང་བདུད་དང་ཚངས་པར་བཅས་པས་ཀྱང་། །བསྐོར་བར་མི་ནུས་ངོ་མཚར་ཆོ་འཕྲུལ་མཆོག ༡༣ །བསམ་ཡས་བརྗོད་ལས་འདས་པའི་སངས་རྒྱས་མཐུས། །འགྲོ་འདྲེན་མཐར་ཐུག་བསྟན་པ་གཅིག་པ་ནི། །ཆོས་ཉིད་བདེན་པ་ཇི་བཞིན་སྟོན་པ་སྟེ། །འཁོར་ལོ་ཀུན་གྱི་ངེས་དོན་ཐེག་པ་ཆེ། ༡༤ །ལྷ་ཀླུ་མི་དང་གནོད་སྦྱིན་དྲི་ཟ་སོགས། །འགྲོ་ཀུན་སྐད་དང་དབང་པོར་མཚུངས་སྣང་ཞིང་། །ཆོས་སྤྲིན་སར་བཞུགས་འཕགས་པའི་མཆོག་རྣམས་ཀྱིས། །སྐལ་པའི་སྤྱོད་ཡུལ་འཚམས་པར་བསྡུས་པ་ལས། ༡༥། ཆོས་ཀུན་རང་མཚན་མེད་སྟོན་སྤྲོས་བྲལ་གྱི། །འཁོར་ལོ་མཆོག་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཤེས་རབ་ཕར་ཕྱིན་སྟོང་ཕྲག་བརྒྱ་པའི་གཞུང་། །གསེར་གྱི་གླེགས་བུར་བཻ་ཌཱུའི་ཡི་གེར་བྱོན། ༡༦ །དེ་ཉིད་རྣམ་སད་དྲི་ཟ་གདེངས་ཅན་གྱི། །བསོད་ནམས་མགྲོན་ཏུ་རིམ་པར་ཕེབ་པ་ལས། །སངས་རྒྱས་གཉིས་པ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྐྱེ་དགུའི་དཔལ་དུ་སྤྱན་དྲངས་ཏེ། །


LT37_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༡༧ །དངོས་བསྟན་སྟོང་ཉིད་རིག་པའི་ཚོགས་ཀྱིས་བཤད། །སྦས་དོན་མངོན་རྟོགས་རྒྱལ་ཚབ་ཆེས་བཀྲོལ་སོགས། །ཤིང་རྟ་བཞི་ཡི་ལམ་སྲོལ་ཆེན་པོ་ལས། །སྐྱེ་དགུ་ཤེས་རབ་ཕ་རོལ་ཕྱིན་ལ་སྦྱོར། ༡༨ །འབྲི་ཀློག་འཛིན་འཆང་བསྙེན་བཀུར་བགྱིད་པ་སོགས། །གླེགས་བམ་ཙམ་གྱི་འགྲོ་དོན་མཐའ་ཡས་པས། །བསྟན་ལ་སངས་རྒྱས་མཛད་པ་སྒྲུབ་པའི་ཆོས། །འདི་མཚུངས་འཕགས་བོད་ལྗོངས་སུ་ཡོངས་མ་བྱུང་། ༡༩ །གངས་ཅན་གདོང་དམར་མུན་པའི་གླིང་རུམ་དུ། །ཁྲི་ལྡེའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས་བསུས་ཏེ། །ཐུབ་བསྟན་ཉིན་བྱེད་ཐོག་མར་འཆར་བའི་ཚེ། ཁམས་པ་གོ་ཆ་རྣམ་སྣང་སྲུང་སོགས་ཀྱིས། ༢༠ །བསྒྱུར་ཅིང་ཞུས་ཏེ་གཏན་ལ་དབབས་མཛད་ནས། །རེག་ཟིག་སྔོ་དམར་བླ་འབུམ་སྐྱ་བོ་སོགས། །རྗེ་ཡི་ཐུགས་དམ་ལས་འཕྲོས་བློན་འབངས་ཀྱིས། །བཞེངས་པའི་གླེགས་བམ་ཕྲང་བས་གངས་ཅན་གཏམས། ༢༡ །བྱང་སེམས་ཁྱིམ་པའི་ཚུལ་འཛིན་འགའ་ཞིག་གིས། །འཕྲུལ་ཆེན་སྤར་གྱི་གླེགས་བུར་བསྐྲུན་ལས་ཀྱང་། །དབྱར་དུས་ཆུ་བོ་ཆུ་བྲན་ཇི་བཞིན་ཏུ། །བོད་ཁམས་ཀུན་ཏུ་ཕྲིན་ལས་ཉིན་བཞིན་འཕེལ། ༢༢ །མཆོག་གསུམ་རྟེན་མཆོག་གང་དུ་བཞུགས་པ་དེར། །ཐུབ་བསྟན་ཉམས་པ་མེད་པར་བཞུགས་པའི་ཕྱིར། །རྟེན་གསུམ་སྤྱི་དང་བྱེ་བྲག་གསུང་རྟེན་ཉིད། །དམ་ཆོས་འཕེལ་རྒྱས་གནས་པའི་བཙས་སུ་གྲུབ། །


LT37_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

༢༣ །གསེར་དངུལ་མཚལ་དང་སྣག་ཚ་ཡན་ཆད་ཀྱིས། །རྒྱལ་བའི་གསུང་རབ་སྤྱི་དང་ཁྱད་པར་དུ། །ཤེར་ཕྱིན་གླེགས་བམ་བཞེངས་འདི་གནའ་བོ་ཡིས། །ཡ་རབས་འབྱོར་ལྡན་རྣམས་ཀྱི་ལུགས་བཟང་ཡིན། ༢༤ །བསྟན་སྐྱོང་མཁས་པའི་ཕྱག་རིས་གསུང་གི་རྒྱུན། །གྲྭ་ཟུར་མ་ཉམས་ལམ་མེར་གནས་པའི་དུས། །བློ་ཆེ་བློ་གཟེངས་བློ་གྲོས་བརྟན་རྣམས་ཀྱིས། །དོ་གལ་བྱས་དེ་དགོས་པ་ཆེན་པོ་ལྡན། ༢༥ །མཁས་དང་དམ་པའི་རྗེས་ཞུགས་ཚད་མ་ཡི། །ལུགས་བཟང་སྤྱོད་པ་སྙིགས་མའི་དུས་འདིར་དཀོན། །སྲོལ་ངན་དབྱར་གྱི་ཆུ་བྲན་ཤུགས་བདོ་བས། །བསོད་ནམས་དམན་དག་ལོག་པའི་ལམ་དུ་ཁྱེར། ༢༦ །དེ་མཐུས་སྣོད་བཅུད་དཔལ་འབྱོར་ཉམས་པ་ཡིས། །བློ་གྲོས་རྩལ་དང་འབྱོར་བའི་སྟོབས་མངའ་བ། །ནོར་བུའི་མཆོག་བཞིན་དཀོན་ཅིང་བརྒྱ་ལམ་ན། །མཆིས་པ་ཕལ་ཆེར་གཉིས་ཕུར་རྒྱུ་རུ་སྦྱོར། ༢༧ །གང་བློ་ལེགས་པའི་ལམ་དུ་ཞུགས་པ་དང་། །འབྱོར་པ་ཆོས་ཀྱི་ཕྱོགས་སུ་གཏོང་བ་ཡིས། །གཏན་བདེའི་འདུན་མ་སྒྲུབ་པའི་མཁས་པ་དེ། །ངོ་མཚར་ཨུ་དུམྦ་རའི་རྗེས་སུ་འགྲོ། ༢༨ །གངས་ཅན་ཐུབ་བསྟན་ཡོངས་ལ་མངའ་མཛད་པ། །ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་ཆེའི། །ཕྲིན་ལས་འཁོར་ལོས་སྒྱུར་བ་པྲཱ་སམྦད། །མདོ་ཁམས་ལྗོངས་སུ་གྲགས་པའི་མུ་ཁྱུད་གསལ། ༢༩ །


LT37_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེའི་མཛོད་འཛིན་ཆོས་སྲིད་ལུགས་ཟུང་ལ། །རྣམ་དཔྱོད་ཤེས་རབ་ཕུལ་དུ་བྱུང་བ་དེ། །རྣམ་དཀར་ལས་འཕྲོའི་ཤུགས་ཀྱིས་བསྐུལ་བ་ལས། །བློ་གྲོས་གོམས་སྟབས་དགེ་བའི་ལམ་དུ་འཚེལ། ༣༠ །ཛམྦུ་ནཱ་དའི་རི་བོར་གནས་བཅས་པའི། །གཉིས་སྐྱེས་ཐམས་ཅད་གསེར་གྱི་མདོག་ཏུ་སྣང་། །དམ་པས་བཟུང་བའི་སྐྱེ་བོ་དཔྱོད་ལྡན་ཀྱང་། །དམ་པ་བཞིན་ཏུ་བསྔགས་འོས་ཡོན་ཏན་ལྕི། ༣༡ །དཔལ་འབྱོར་ཆུ་ཤིང་བཞིན་ཏུ་སྙིང་པོས་དབེན། །ཟང་ཟིང་ཕལ་ཆེར་དགྲ་བོའི་གཡབ་མོ་ཉིད། །མི་ཚེ་གློག་གི་གར་མཁན་ཇི་བཞིན་ཏུ། །མི་བརྟན་གཡོ་བའི་ཆོས་ཅན་ལེགས་རྟོགས་ནས། ༣༢ །སྒྱུ་མའི་ནོར་ལས་སྙིང་པོ་ལེན་པ་དང་། །སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་སྤེལ་ལ་སོགས། །ལྷག་པའི་བསམ་པ་སྟོན་ཟླའི་འཛུམ་ཟེར་གྱིས། །དགེ་མཆོག་ཀུནྡའི་དགའ་ཚལ་འདི་བཞད་དོ། ༣༣ །དངོས་འབྱོར་གཏོས་སུ་ཆེ་བའི་རྒྱུ་ཚོགས་དང་། །སྒོ་གསུམ་འབད་རྩོལ་ཆེན་པོས་རྐྱེན་སྦྱར་ཏེ། །ཡི་གེའི་རིས་བྱེད་མཁས་པའི་ཚོགས་རྣམས་ཀྱིས། །རྒྱལ་བའི་ཡུམ་གྱི་གླེགས་བམ་འདི་ཉིད་བསྐྲུན། ༣༤ །རིན་ཆེན་བཻ་ཌཱུའི་མདངས་འཛིན་གླེགས་བུ་ལ། །གསེར་སྦྱངས་ཞུན་མས་འཕྲུལ་ཆེན་ཡི་གེའི་གཟུགས། །གནམ་སྔོན་གསེར་གྱི་པ་ཏྲ་འཁྲུགས་པ་བཞིན། །རྒྱལ་གསུང་རྣམ་པ་ཐམས་ཅད་པ་རུ་བྱོན། ༣༥ །ཕར་ཕྱིན་བཅུ་ལ་ཐབས་དང་


LT37_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི། །གྲངས་ལྷག་གླེགས་བམ་ཉེར་སྤྱོད་ཡོ་བྱད་བཅས། །རིན་ཐང་ཆེ་ཞིང་སྤུས་ནམ་དག་པ་ཉིད། །བསོད་ནམས་ལྡན་པས་བསོད་ནམས་ཞིང་དུ་བསྒྲུབས། ༣༦ །དམན་པ་འགའ་ཞིག་འབྱོར་པས་མི་ཕོངས་ཀྱང་། །དགེ་བའི་བློ་གྲོས་ནམ་ཡང་སྐྱེ་བར་དཀའ། །ཕལ་ཆེར་ཆགས་དང་སེར་སྣའི་གཞན་དབང་གྱུར། །འདི་དང་གཏན་ཏུ་པྲེ་ཏའི་རྒྱུ་འབྲས་སྤྱོད། ༣༧ །དམ་པ་རྣམས་ནི་ནོར་གྱིས་ཆོག་ཤེས་ཤིང་། །དགེ་བའི་ཕྱོགས་སུ་འབྱོར་པའི་རྩལ་སྤྲུགས་པས། །ལྷར་བཅས་འཇིག་རྟེན་ཀུན་གྱིས་བསྔགས་འོས་ཤིང་། །བདེ་ནས་བདེ་བར་འགྲོ་བའི་འདུན་མ་གྲུབ། ༣༨ །བསམ་དང་སྦྱོར་བ་དངོས་པོའི་ཁྱད་པར་ཏེ། །རྣམ་དག་དམ་པ་གསུམ་ལས་སྐྱེས་པ་ཡི། །རྣམ་དཀར་རླབས་སུ་ཆེ་བ་འདི་བསྒྲུབས་པའི། །ཕན་ཡོན་བསྐལ་བརྒྱར་བརྗོད་ཀྱང་ཟད་མི་ཤེས། ༣༩ །རིན་ཆེན་ལས་བྱས་རྒྱལ་བའི་སྐུ་གཟུགས་དང་། །མཆོད་རྟེན་རྡུལ་སྙེད་བཞེངས་པའི་བསོད་ནམས་ནི། །ཤེས་རབ་ཕར་ཕྱིན་ཚིགས་སུ་བཅད་པ་གཅིག །བྲིས་ཤིང་ཀློག་པའི་དགེ་རྩས་ཟིལ་གྱིས་གནོན། ༤༠ །སྐུ་གཟུགས་མཆོད་རྟེན་རྒྱལ་བའི་ཞལ་ཚབ་སྟེ། །དམ་པའི་ཆོས་ནི་རྒྱལ་ཀུན་འབྱུང་བའི་གནས། །ཆོས་མཆོག་ཤེས་རབ་ཕར་ཕྱིན་རྒྱལ་བའི་ཡུམ། །སྲས་བཅས་རྒྱལ་བ་ཀུན་ཀྱང་བསྟི་སྟང་མཛད། ༤༡ །


LT37_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་ལེགས་སྤྱད་རྒྱ་མཚོ་ཆེན་པོ་འདིར། །སྲིད་ཞིའི་ཡོན་ཏན་ཆུ་ཀླུང་ཀུན་སྡུད་པས། །མངོན་མཐོ་ངེས་པར་ལེགས་པའི་ནོར་བུའི་ཆར། །འཕྲལ་དང་ཡུན་ཏུ་ཟད་མི་ཤེས་པ་འཛེ། ༤༢ །བྱང་ཆུབ་གཏེར་དུ་ཆུད་པའི་རྣམ་དཀར་གང་། །མི་འཛད་གོང་དུ་འཕེལ་བ་ཆོས་ཉིད་ཕྱིར། །ལེགས་བྱས་འདི་ཡང་སངས་རྒྱས་སྲས་བཅས་ཀྱིས། །ཇི་ལྟར་བསྔོས་བཞིན་ཡོངས་སུ་བསྔོ་བར་བགྱི། ༤༣ །ལས་འདི་ཐོག་མར་རྩོམ་འདོད་བློ་སྐྱེས་པས། །ཐེག་ཆེན་རིགས་སད་བྱང་ཆུབ་ས་བོན་ཐེབས། །སྨོན་འཇུག་སེམས་སྐྱེས་མཁྱེན་གསུམ་ཐོས་བསམ་གྱི། །སྣོད་ལྡན་སྐྱེས་བུ་ཆེན་པོ་ཉིད་གྱུར་ཅིག ༤༤ །བར་དུ་རྟག་གུས་སྦྱོར་བས་བསྒྲུབས་པའི་མཐུས། །ཕ་རོལ་ཕྱིན་དང་བསྡུ་དངོས་བཞི་ལ་སོགས། །བཟང་པོ་སྤྱོད་པའི་མཐར་སོན་སྦྱོར་བཞི་ཡི། །ལམ་གྱི་མངོན་རྟོགས་ཡོངས་སུ་རྫོགས་གྱུར་ཅིག ༤༥ །དགེ་རྩ་མཐའ་རུ་ཕྱིན་པའི་འབྲས་བུ་ཡིས། །རང་དོན་སྤྲོས་བྲལ་ཆོས་ཀྱི་སྐུ་བརྙེས་ནས། །གཞན་དོན་གཟུགས་སྐུ་རྣམ་པ་གཉིས་པོ་ཡིས། །འཁོར་བ་མ་སྟོང་བར་དུ་དོན་བྱེད་ཤོག ༤༦ །རྒྱུ་སྦྱོར་རྐྱེན་བྱེད་ཆེ་ཆུང་འབྲེལ་ཐོགས་རྣམས། །བདེན་གཉིས་དོན་རྟོགས་ཚོགས་གཉིས་ཡོངས་སུ་རྫོགས། །སྐུ་གཉིས་མངོན་གྱུར་ཐེག་མཆོག་ཆོས་ཀྱི་སྒྲས། །འགྲོ་ཀུན་མ་རིག་གཉིད་ལས་སློང་བྱེད་ཤོག །


LT37_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༤༧ །གནས་སྐབས་འཇིགས་པ་བརྒྱད་དང་བཅུ་དྲུག་དང་། །ལས་ཉོན་སྒྲིབ་པའི་མུན་པ་ཀུན་སངས་ཏེ། །ཚེ་བསོད་འབྱོར་པའི་པདྨོའི་དགའ་ཚལ་དུ། །ལུང་རྟོགས་ཡེ་ཤེས་སྦྲང་རྩིའི་བཅུད་རྒྱས་ཤོག ༤༨ །རྟེན་མཆོག་འདི་ཡང་བསྐལ་མཐར་ཉམས་མེད་པར། །འཚོ་གཞེས་འགྲོ་དོན་དཔག་མེད་འབྱུང་བ་དང་། །གང་དུ་བཞུགས་པའི་ས་ཕྱོགས་བྱིན་ཆགས་ཤིང་། །བཀྲ་ཤིས་བདེ་ལེགས་སྣང་བས་ཁྱབ་པར་ཤོག ༤༩ །འདི་ལ་མཆོད་ཅིང་སྲི་ཞུ་བྱེད་པ་རྣམས། །འཇིག་རྟེན་ཀུན་གྱིས་མཆོད་པའི་གནས་ཐོབ་ཅིང་། །དད་པས་འཛིན་འཆང་ཀློག་པར་བྱེད་པ་རྣམས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ཤོག ༥༠ །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །བསྟན་འཛིན་ཐམས་ཅད་བསྐལ་བརྒྱར་ཞབས་བརྟན་ཅིང་། །འཇིག་རྟེན་ཀུན་ཏུ་རྫོགས་ལྡན་དཔལ་གྱིས་འབྱོར། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག ༥༡ །འཆི་མེད་བུམ་བཟང་རིང་འཚོའི་བཅུད་གཏམས་ནད་མེད་པད་མོའི་ལང་ཚོ་རྒྱས། །བསོད་ནམས་གདུགས་དཀར་ཉམས་པ་མེད་འཁོར་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་བརྟན། །བློ་གྲོས་དཔལ་བེའུའི་རེ་ཁཱ་རབ་


LT37_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་རྣམ་དཔྱོད་གསེར་གྱི་ཉ་མོ་འཁྱུག །མངའ་ཐང་འཁོར་ལོས་རང་དབང་སྒྱུར་ཅིང་སྙན་གྲགས་དུང་དཀར་སྒྲོག་གྱུར་ཅིག ༥༢ །གཟུགས་སོགས་དངོས་པོས་གདོད་ནས་སྟོང་ཞིང་སྤྲོས་པ་ཀུན་བྲལ་ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །རྣམ་པར་རྟོག་པའི་མཚན་མ་མེད་ཀྱང་སྒྲ་རྟོག་རྗེས་ཞུགས་བྱང་ཆུབ་ཕྱོགས་ཆོས་ཁོང་དུ་ཆུད། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་སྨོན་པ་མེད་པའི་འབྲས་བུ་མཆོག་ལ་མངའ་དབང་སྒྱུར། །དོན་གཉིས་མཐར་ཕྱིན་ཆོས་ཀྱི་རྒྱལ་པོའི་མཛད་པའི་སྣང་བས་ཞིང་ཁམས་ཀུན་ཁྱབ་བཀྲ་ཤིས་ཤོག ༥༣ །ཅེས་གནམ་བརྐོས་དགའ་ལྡན་ཕོ་བྲང་གི་བཀའ་ཡི་ཕྲིན་བློན་མདོ་ཁམས་སྤྱི་ཁྱབ་ཆེན་མོའི་ལུགས་ཟུང་གི་མཛོད་གཉེར་པ། བསོད་ནམས་རྣམ་དཔྱོད་དགེ་བློ་ཕུལ་དུ་བྱུང་བ་པྲཛྙཱའི་མཚན་ཅན་ནས། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་རིན་ཆེན་དང་པོ་ལས་བཞེངས་པའི་དཀར་ཆག་སྨོན་ཚིག་དང་འབྲེལ་མར་གང་གི་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའམ། བློ་གྲོས་མཐའ་ཡས་པའི་སྡེས་གདན་ས་ཆེན་པོ་དཔལ་སྤུངས་དགོན་གྱི་དབྱར་གནས་ཁང་བཤད་


LT37_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྟག་བརྟན་དར་རྒྱས་གླིང་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱཱ་ཾ་བྷ་བན་ཏུ།། །།


previousཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་གླེགས་བམ་གྱི་དཀར་ཆག་སྨོན་ཚིག་དང་འབྲེལ་པ་ངོ་མཚར་རབ་དགའི་སྣང་བ།next