Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག


 
previousཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆགno next

ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག


LT37_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆག་བཞུགས་སོ།། །།


LT37_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །འཇིག་རྟེན་ལྷ་དང་བཅས་པའི་འདྲེན་མཆོག་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཐུགས་རྗེ་དང་བཀའ་དྲིན་ཚད་མེད་པ་དེ་ཉིད་ཀྱི་སྐུ་བརྙན་མཐོང་བ་དོན་ལྡན་འདིའི་ལོ་རྒྱུས་ཟུར་ཙམ་བརྗོད་ན། ཡུལ་དབུས་མ་ག་དྷ་རྡོ་རྗེ་གདན་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་གནྡྷོ་ལ་བཀོད་པ་བསམ་གྱིས་མི་ཁྱབ་པ་བཞེངས་པའི་སྐབས། སྟོན་པས་ཆོས་འཁོར་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསུངས་པའི་གནས་བྱ་རྒོད་ཕུང་པོའི་རི་བོའི་རྡོ་ལ་ཀླུ་སྒྲུབ་ཉིད་ཀྱིས་ཕྱག་བརྐོས་མཛད་ནས་ཐུབ་དབང་སྐུ་བརྙན་བརྒྱ་རྩ་ལ་སོགས་པ་དང་། བསིལ་ཚལ་གྱི་རྡོ་ནག་ལ་བསྟན་སྲུང་གཙོ་བོ་ཕྱག་བཞི་ཕྱག་དྲུག་ལ་སོགས་པ་མང་དུ་བཞེངས་ནས་རབ་ཏུ་གནས་པར་མཛད།


LT37_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ཁ་ཆེ་པ་ཆེན་ཤཱཀྱ་ཤྲཱིའི་དུས་ཀླ་ཀློའི་དམག་གིས་རྒྱ་གར་གྱི་གཙུག་ལག་ཁང་རྣམས་བཤིགས། བསྟན་པ་རྗེས་མེད་དུ་བྱས་སྐབས་ཁྱིམ་བདག་དད་ཅན་ཞིག་གི་ལག་ཏུ་སྐུ་འདི་བྱུང་བས་ཁང་ཚང་ཚེ་བསོད་དབང་ཐང་འཕེལ་བས་ལྐོག་ཏུ་ཉར་ཚགས་བྱས་པ་ཡིན་འདུག །སྙིགས་མའི་དུས་ཁུག་བཅོ་བརྒྱད་གསུངས་པ་ལས་དེང་སང་བཅུ་པའི་སྨད་དུ་སླེབ་ངེས་པའི་རྟགས་ཕྱི་ནང་ཀུན་གྱིས་ཤེས་མཐོང་མང་། མངོན་རྟགས་ཕི་ལིང་པས་བོད་ལ་མངོན་ལྐོག་འཚེ་བས་གཙེས། གངས་ཅན་བསྟན་པའི་བདག་པོ་གཞུང་ས་དགའ་ལྡན་ཕོ་བྲང་གི་རྫོང་ཆེན་བརྒྱ་དང་བཅོ་བརྒྱད་ནང་ཚན་རྒྱ་གར་དང་འདབ་འབྲེལ་བའི་ཕག་རི་རྫོང་དུ་མཐའ་དམག་སླེབ་པ་ཕྱིར་ཟློག་པའི་ཆེད་དུ་གཞུང་


LT37_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སའི་ནང་བློན་ཕྱི་བློན་དམག་མི་མང་པོ་སོང་ནས་ལོ་ཁ་ཤས་ལ་དམག་སྒར་སྡོད་སྐབས། རྩེའི་མགྲོན་གཉེར་ཆེན་མོ་གུང་ཐང་བ་ལ་རྒྱ་གར་ཡུལ་དབུས་སུ་སོང་བའི་ཚོང་བ་ཞིག་གིས་ཁྱེར་ནས་གཟིགས་ཕུལ་བ། །ཐུབ་སྐུའི་བསླུ་ཡོན་དང་གླ་རྔན་དགའ་སྟོན་ཆེན་པོ་གནང་། ལྷ་ལྡན་ཏུ་སྤྱན་དྲངས། ལྷ་སར་ཇོ་ཤཱཀཱ་མཆེད་གཙོས་རྟེན་ཁྱད་པར་ཅན་མང་པོ་བཞུགས་པས་ཁམས་སུ་འགྲོ་དོན་ཆེ་བར་དགོངས་ནས། སྡེ་དགེའི་ཚོང་དཔོན་ཞིག་གདོང་འདིར་ཆེད་བསྐུར་མཛད་བྱུང་བ། རང་ལོ་གྱ་དྲུག་པས་ཁྱི་དབོ་ཟླའི་དཀར་ཕྱོགས་རྫོགས་པ་དང་པོའི་ཚེས་ལ་གནས་དུས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཉིན་སྒྲུབ་གནས་འདིར་ཕེབ་པ་མཉམ་མེད་ཐུབ་པའི་དབང་པོ་དངོས་མཇལ་བ་ལྟ་བུའི་བསོད་ནམས་སྐལ་པ་མི་དམན་པའི་སྤྲོ་དགའ་ཐོབ། དེ་ལ་འཁྲུལ་པ་མེད་པའི་རྟགས་སུ་སྐུའི་པད་གདན་མན་ཆད་རྡོ་རྒོད་འཁར་སེ་དཀར་པོ་མགར་བླུགས་སུས་ཀྱང་ཅི་བྱར་མེད་ཅིང་ལྕགས་ཆ་ཚད་ན་ཆག་འགྲོ་བ་དེ་རིགས་ཡིན་འདུག །བྱ་རྒོད་ཕུང་པོའི་རི་ལ་སྟོན་པས་ཆོས་འཁོར་བསྐོར་བའི་སྐབས་བྱང་སེམས་ཉན་ཐོས་འཕགས་པ་རྣམས་དང་སོ་སྐྱེའི་འཁོར་གྲངས་ལས་འདས་པ། ལྷ་ཀླུ་གནོད་སྦྱིན་སོགས་མི་མ་ཡིན་བསམ་གྱིས་མི་ཁྱབ་པའི་འདུ་བའི་གནས་སུ་བཤད་པ་ནི་དེ་སྐབས་སངས་རྒྱས་ཉིད་ཀྱི་བྱིན་རླབས་མ་གཏོགས་དངོས་གནས་ཐུན་མོང་གི་མཐོང་ངོར་


LT37_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་ཡུལ་ཤིན་ཏུ་རྒྱ་ཆེ་བ་ཐམས་ཅད་ཐང་ཡངས་པ་ཁོ་ན་ལ་རི་བོ་ཕྲན་བུ་ཡོད་རིགས་ལ་མིང་ཆེན་པོ་བཏགས་པ་ཡིན་འདུག་པས། བྱ་རྒོད་སྤུངས་པའི་རི་ཡང་ཐང་ཆེན་མིག་མི་བཟོད་པའི་དབུས་སུ་སྤང་རི་འབུར་དིས་ལ་རྡོ་འཁར་སེའི་ཕ་ཝཾ་མང་པོ་བྱ་རྒོད་བབས་པ་འདྲ་བ་ཡོད་པས་དེ་དོན་གྱིས་བཏགས་པ་རེད་ཚུལ་ཆགས་ལོའི་ལམ་ཡིག་སོགས་ལས་གསལ་ཞིང་ཞྭ་དམར་དཀོན་མཆོག་ཡན་ལག་ནས་ཀྱང་དེ་ཉིད་འབྲི་བར་མཛད་འདུག་པ་དང་། དེང་སང་མོན་ལ་ཚོང་པ་འགྲོ་མཁན་ཕལ་ཆེར་དེར་སླེབས་པས་མཇལ་ཚུལ་བཤད་པ་དང་འགྲིགས་འདུག །རང་ལའང་བྱིན་རླབས་ཀྱི་རྟགས་མཚན་ཡིད་ཆེས་བ་བྱུང་། འདིའི་སྔོན་རོལ་དུ་མཁན་བླ་མ་བཀྲ་ཤིས་འོད་ཟེར་ལྷ་ས་བྱོན་སྐབས་ཁུངས་ལྡན་ནས་ཕྱག་ཏུ་སོན་པའི་བྱང་ཆུབ་ལྗོན་ཤིང་གི་ལོ་འདབ་མ་ཉམས་པ་ཞིག་གནང་བྱུང་བའང་རྟེན་འབྲེལ་གྱི་སྒོ་འབྱེད་དུ་མངོན། སྐུ་བརྙན་རིན་པོ་ཆེ་འདི་ཉིད་ཀྱི་བཞུགས་གདན་སེང་ཁྲི། རྒྱབ་ཡོལ་རྒྱན་དྲུག །དབུ་གདུགས་བཅས། མདུན་མཆོད་མཎྜལ་རི་རབ་གླིང་བཞིའི་བཀོད་པ་ཅན་རྣམས་གསེར་དངུལ་ལས་བཅོས་ཤིང་རང་ལག་གང་ཡོད་ཀྱི་རིན་པོ་ཆེ་རྡོ་རྗེ་ཕ་ལམ། ཨིནྡྲ་ནཱི་ལ། པདྨ་རཱ་ག །མ་རྐེ་ཏ། མུ་ཏིག་གཡུ་བྱེར་སོགས་བཀོད་པ་ཕུན་སུམ་ཚོགས་པའི་ཞབས་ཏོག་ཞུས། མདོ་སྨད་རྒྱལ་ཁམས་


LT37_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་དང་བྱེ་བྲག་གི་ས་བཅུད་ཡུལ་རྒྱན་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་སྡེ་འོད་གསལ་གླིང་གི་ནང་རྟེན་ཏུ་བཞུགས་སུ་གསོལ་བ་ལགས། སྔར་དུས་རང་ལོ་བཞི་བཅུ་ནང་སླེབས་སྐབས་རྫོང་སར་དགོན་ནས་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཁྱོད་ནས་ཐུབ་པའི་མཛད་པ་རྒྱ་ཆེར་རོལ་པའི་བཀོད་ཡིག་ཚང་བ་དང་དེའི་ཐང་སྐུ། མདོ་སྡེ་དངོས་གསེར་དངུལ་ལས་བྲིས་པ་ཞིག་ཅི་ནས་བཞེངས་དགོས་པར་འདུག་གསུངས་པ་ལྟར་བཀོད་ཡིག་ལ་མཛད་པ་བཅུ་གཉིས་ཚང་བ་མདོ་སྡེ་གཞན་ནས་ཁ་བསྐངས་པ་བྲིས། སྐྱེས་རབས་ཞལ་ཐང་ཀུན་མཁྱེན་དྷརྨཱ་ཀ་རའི་ཕྱག་བྲིས་བྱིན་རླབས་ཅན་ལ་དཔེ་བྱས་ནས། ཀར་ཤོད་ལྷ་བཟོ་ཤིན་ཏུ་མཁས་པའི་དགེ་སློང་སྡོམ་གཙང་ཞིག་ལ་ཞལ་ཐང་ལྔ་ཚར་དུ་བྱས་ནས་བྲི་བཅོལ། མདོ་སྡེ་ཤོག་ནག་གསེར་བྲིས་པོད་དེ་འཕྲལ་དུ་གྲུབ་པར་བྱས་པ་དེ་ཉིད་ཀྱང་འབྱུང་འགྱུར་ལུང་བསྟན་གྱི་ཚུལ་ཐུབ་སྐུ་སངས་རྒྱས་དངོས་མཚུངས་འདི་ཉིད་ཐོབ་པའི་ལུང་བསྟན་དང་བྱིན་རླབས་འཇུག་པའི་གཞི་ལ་དགོངས་པར་ཡིན་པར་སྣང་། རྒྱུད་བླ་མ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་


LT37_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་འཆར། །ཞེས་དང་། ཇི་ལྟར་རྒྱ་ཆེན་འོད་ཟེར་སྟོང་ལྡན་ཉི་ཤར་འདི། །འཇིག་རྟེན་ཀུན་ཏུ་སྣང་བར་བྱས་ནས་རིམ་གྱིས་ནི། །མཆོག་དང་བར་མ་དམན་པའི་རིལ་འབབ་དེ་བཞིན། །རྒྱལ་བའི་ཉི་མ་སེམས་ཅན་ཚོགས་ལ་རིམ་གྱིས་འབབས། །ཞེས་གསུངས་པ་ལྟར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུའི་སྣང་བ་དང་། ཕྲིན་ལས་ཀྱི་འཇུག་པ་ནི་ཉེ་རིང་མི་མངའ་བར་འཇིག་རྟེན་ཀུན་ལ་ཁྱབ་ཀྱང་སེམས་ཅན་རང་རང་གི་སྐལ་པ་དང་བསམ་པའི་ཁྱད་པར་དང་། དད་མོས་ཀྱི་ཉེར་ལེན་ལས་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་ཉིད་ཡུལ་དད་འཚམས་པར་སྣང་བར་ལུང་གིས་གྲུབ་ཅིང་། གསུང་རབ་དྲི་མ་མེད་པ་རྣམས་ལས་སངས་རྒྱས་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་པོ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་ཞིང་ཡོན་ཏན་གྱི་གནས་དམ་པ་མཆོག་རབ་ཕུལ་དུ་བྱུང་བ་ཡིན་པའི་རྒྱུ་མཚན་གྱིས་དེ་དག་གི་རྟེན་གསུམ་ཡང་དེ་དང་མཚུངས་པར་དེ་དག་ལ་བྱ་བ་བྱས་པའི་ཕན་ཡོན་རྒྱ་ཆེན་དཔག་ཏུ་མེད་པར་གསུངས་པ་ཐམས་ཅད་འདིར་འབྲི་བར་མ་ནུས་ཀྱང་མདོ་སྡེ་རྣམས་སུ་གསལ་བ་ལྟར་ལ། མདོར་ན་སངས་རྒྱས་དང་དཀོན་མཆོག་ཅེས་པའི་སྒྲ་ཐོས་པ་ཙམ་ཡང་འཁོར་བ་མཐའ་ཅན་དུ་འགྱུར་བ་དང་། ཤཱཀྱ་ཐུབ་པའི་ཐུགས་བསྐྱེད་ཆེན་པོའི་སྟོབས་ཀྱིས་ཐུབ་པའི་དབང་པོའི་བསྟན་པ་འདི་ལ་ལུས་བླངས་ཚད་སངས་རྒྱས་མོས་པ་སྣང་


LT37_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བྱོན་པ་ཚུན་ཆད་དུ་གྲོལ་བར་འབྱུང་བ་དང་། ཤིན་ཏུ་གདུལ་བར་དཀའ་བའི་གླིང་གཞན་དང་སངས་རྒྱས་མ་བྱོན་པའི་ཞིང་གཞན་པའི་འགྲོ་བ་དག་ཀྱང་རྩོད་དུས་ཀྱི་སྙིགས་མར་ཞིང་འདིར་སྐྱེས་ཏེ་དཀོན་མཆོག་གི་མཚན་ཐོས་པས་ཐར་པའི་ས་བོན་ཐེབས་པར་གསུངས་པ་དང་ཀུན་རིག་རྣམ་པར་སྣང་མཛད། འོད་དཔག་མེད། མི་འཁྲུགས་པ། སྨན་གྱི་བླ་མ། སངས་རྒྱས་སོ་ལྔ་སོགས་ཀྱི་མཚན་ཐོས་པའི་ཕན་ཡོན་དང་ཞིང་གི་བཀོད་པ་ཐོས་པ་རྣམས་ཀྱང་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་འདི་ཁོ་ནའི་ཐུགས་རྗེ་ལས་བྱུང་བ་དང་། སྟོན་པ་ཐུབ་པའི་དབང་པོ་ཉིད་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་བྱང་ཞིང་འཁོར་བ་ལས་ཕྱིར་བསྙིལ་བར་གསུངས་པ་དང་། དམ་བཅའ་ཆེན་པོ་ལྔ་བརྒྱ་བཞེས་པའི་ནང་ཚན་ལས། གང་དག་བདག་ལ་སྟོན་པའི་འདུ་ཤེས་སམ་གུས་པའི་སེམས་བསྐྱེད་པར་འགྱུར་བ་དེ་དག་ལས་བདག་གིས་ཐན་སེམས་ཅན་འགའ་ཞིག་ཙམ་སྤངས་ཏེ་ཐེག་པ་གསུམ་པོ་གང་རུང་གིས་ཕྱིར་མི་ལྡོག་པར་ལུང་སྟོན་པར་མ་བགྱིས་ན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་བར་འགྱུར་བས་བདག་འཚང་མི་རྒྱ་བར་གྱུར་ཅིག །ཅེས་སྔོན་གྱི་སངས་རྒྱས་རྣམས་དབང་དུ་བཀོད་ནས་དམ་བཅའ་མཛད་པ་གྲུབ་ནས་སངས་རྒྱས་ཟིན་པས། སྟོན་པ་དེའི་གདུལ་


LT37_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་གྱུར་པ་བདག་ཅག་རྣམས་ཀྱི་སྟོན་པ་དེའི་ཡོན་ཏན་དང་བཀའ་དྲིན་དྲན་པས་དད་མོས་ཆེན་པོ་དང་བདག་ཅག་རྣམས་ཀྱི་སྟོན་པ་ཡིན་ནོ་སྙམ་དུ་ཡིད་ལ་བྱས་ན་འཆི་ཁའམ་བར་དོའི་སྐྱེ་བ་ཕྱི་མ་ཚུན་ཆད་དུ་དབང་པོ་རབ་རྣམས་བྱང་སེམས། འབྲིང་རང་རྒྱལ། ཐ་མ་ཉན་ཐོས་དགྲ་བཅོམ་དུ་ལུང་བསྟན་པ་ཐོབ་པར་འགྱུར་བ་ལ་བསླུ་བ་མེད་པ་དང་། སྙིང་པོ་མུ་ནི་འདིའང་མདོ་རྒྱུད་གཉིས་ཀ་ལས་ལན་གཅིག་བཟླས་པས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འབྱང་བ་སོགས་ཕན་ཡོན་ཚད་མེད་པ་གསུངས་ཤིང་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་བྱ་བའང་འདི་ཉིད་ཡིན་པས་བཟླས་པ་ཙམ་གྱིས་སྒྲིབ་གཉིས་བྱང་ཞིང་མྱུར་དུ་སངས་རྒྱས་འཐོབ་པའི་གདམས་པ་ཁྱད་པ་ཅན་ཏུ་གསུངས་པ་དང་། རྣམ་པ་ཀུན་ཏུ་རང་གི་ཐུབ་པའི་དབང་པོའི་སྐུའི་རྣམ་པ་དྲན་ཅིང་གསལ་གདབ་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་མདོ་ཏིང་འཛིན་རྒྱལ་པོ་ལས་གསུངས་པས་དེའི་དམིགས་རྐྱེན་ཀྱང་སྐུ་བརྙན་མཐོང་གྲོལ་འདི་ལྟ་བུ་མཇལ་ཞིང་ཡིད་ལ་གོམས་པར་བྱས་པ་ལས་འབྱུང་བ་དང་། ཚུལ་ཁྲིམས་ཉམས་པ་དག་གིས་ཀྱང་ཐུབ་པའི་དབང་པོ་ལ་སྙིང་ནས་སྐྱབས་འགྲོ་བྱས་ན་ངན་འགྲོ་ལས་ཐར་ཞིང་རིམ་གྱིས་ཐར་པ་ཐོབ་པ་མདོ་ཉི་མའི་སྙིང་པོ་ལས་གསུངས་པ་སོགས་དྲན་པར་བྱ་བ་གལ་ཆེ། དད་མོས་ཀྱི་ཉེར་ལེན་ཡོད་ན་སངས་རྒྱས་རྣམས་ལ་ཉེ་རིང་མི་མངའ་བས་རང་གི་


LT37_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཏུ་མངོན་སུམ་དུ་བཞུགས་པ་ཡིན་ཏེ་མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་དང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ནི་མདུན་ན་ཐུབ་པ་རྟག་ཏུ་བཞུགས། །ཞེས་གསུངས་པས་སྐུ་བརྙན་འདིའང་དངོས་སུ་ངེས་ཤེས་སྐྱེས་ན་ཐུབ་དབང་དངོས་ཞལ་མཇལ་བ་དང་ཁྱད་པར་མེད་ཅིང་། མདོ་གཞན་ལས་ཀྱང་སངས་རྒྱས་ཉིད་ཡིད་ལ་བྱེད་པ་དང་ཞག་བདུན་ཏུ་མ་བྲལ་ན་སྒྲིབ་པ་ཟད་ཅིང་སངས་རྒྱས་མངོན་སུམ་དུ་མཐོང་བར་འགྱུར་བ་སྔོན་རབས་ཀྱི་ལོ་རྒྱུས་དང་བཅས་ཏེ་རྒྱ་ཆེར་གསུངས་པ་ལ་ཡིད་ཆེས་པར་བྱའོ། །དེ་ལྟ་བུའི་སངས་རྒྱས་གཙོ་བོར་གྱུར་པའི་དཀོན་མཆོག་གསུམ་དངོས་དང་དེ་དག་གི་རྟེན་ལ་ཕྱག་འཚལ་བ་དང་བསྐོར་བ་བྱས་པ་ལ་སོགས་པའི་ཕན་ཡོན་དཔག་ཏུ་མེད་པ་གསུང་རབ་རྣམས་ལས་རྒྱ་ཆེར་འབྱུང་ཞིང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས། །དེ་ཕྱིར་བདེ་ཞིང་སྐྱིད་བར་འདོད་རྣམས། །དཀོན་མཆོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་གསུངས་པ་སོགས་མཐའ་ཡས་སོ། །བྱེ་བྲག་སྐུ་བརྙན་ལ་མཆོད་པའི་ཕན་ཡོན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་སོགས་མདོ་སྡེ་རྣམས་ལས་རྒྱ་ཆེར་འབྱུང་བ་སོ་སོར་འབྲིར་མ་ལོངས། མདོར་བསྡུས་དམ་ཆོས་པདྨ་དཀར་


LT37_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་དང་། །འཇིམ་པའི་གཟུགས་དང་མཆོད་རྟེན་དག་ལའང་རུང་། །རྩིག་ངོས་བྲིས་དང་རྡུལ་ཕུང་མཆོད་རྟེན་ལ། །དེ་ལ་མེ་ཏོག་དང་ནི་སྤོས་གསོལ་ཏེ། །དེར་ནི་གང་གིས་རབ་སྙན་ཅང་ཏེའུ་དང་། །དུང་དང་རྔ་ཆེན་རོལ་མོའི་སྒྲ་བྱེད་བཅུག །བྱང་ཆུབ་མཆོག་རབ་མཆོད་པར་བྱ་བའི་ཕྱིར། །གང་དག་རྔ་རྣམས་རབ་ཏུ་རྡུང་བྱེད་ཅིང་། །པི་ཝང་དང་ནི་ཕོག་དང་འཁར་བའི་རྔ། །རྫ་རྔ་རྒྱུད་གཅིག་གླིང་བུ་ཡིད་འོང་དང་། །ཨེ་ཀོ་ན་དང་རབ་ཏུ་སྙན་འབྱིན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར། །གང་དག་ལྕགས་ཀྱི་སིལ་ཁྲོལ་རྡུང་བཅུག་དང་། །ཆུ་ལ་བརྡབས་དང་ཐལ་མོ་བརྡབས་པ་དང་། །ཡིད་དུ་འོང་ཞིང་སྙན་པའི་གླུ་བླངས་དང་། །རིང་བསྲེལ་དེ་དག་རྣམས་ལ་མཆོད་བྱས་པ། །དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར། །བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་ཟད་དད། །སིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་གཟུགས་དག་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡིས་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །མཆོད་རྟེན་དག་ལ་གང་གིས་ཐལ་མོ་སྦྱར། །


LT37_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཤེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། །ཅེས་གསུངས་པ་དང་། དེ་ལ་མཆོད་པ་ཞེས་སྤྱི་སྒྲ་ཡིན་ཏེ། བྱེ་བྲག་ཏུ་ཕྱག་འཚལ་བ་སོགས་ཡན་ལག་བདུན་གཙོ་བོར་གྱུར་པའི་བཀུར་སྟི་རེ་རེའི་ཕན་ཡོན་ཀྱང་ཚད་མེད་པ་མདོ་སྡེ་ལས་རྣམ་འབྱེད་སོགས་གསུང་རབ་རྣམས་ལས་རྣམ་གྲངས་དུ་མར་གསུངས་ཤིང་། དེ་རྣམས་ལས་ཁྱད་པར་མཎྜལ་ཕུལ་བའི་ཕན་ཡོན་ཀྱང་ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གང་ལ་ལ་སེམས་དྭངས་བས་དེ་བཞིན་གཤེགས་པའི་ཆེད་དུ་གྲུ་བཞིའམ། ཟླ་གམ་མམ། ཟླུམ་པོའམ། སོག་ཀར་མཎྜལ་བྱས་ན། དེ་རིམ་པ་ཇི་ལྟ་བར་བྱང་གི་སྒྲ་མི་སྙན་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལོངས་སྤྱོད་དང་། ལྷོའི་འཛམ་བུ་གླིང་གི་དབང་ཕྱུག་གི་བདག་པོར་འགྱུར་ཞིང་། རིམ་པ་ཇི་ལྟ་བར་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགར་སྐྱེ་བར་འགྱུར་བ་ང་སྨྲའོ། །ཞེས་གསུངས་པས་མཚོན་མཐའ་ཡས་ཤིང་། ཡང་། ཀུན་


LT37_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱེད་པའི་སེམས་ཅན་དེ་རྣམས་ཡོངས་སུ་བཟུང་ཞིང་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་སོགས་གོང་དུ་དྲངས་པའི་ལུང་དང་། གཞན་ཡང་སྤྱན་རས་གཟིགས་ཀྱིས་ཞུས་མདོ་དང་། གསལ་རྒྱལ་གྱིས་ཚིགས་སུ་བཅད་པ་ལ་སོགས་པ་ལས་རྒྱ་ཆེར་གསུངས་པ་མང་པོའི་དོན་བསྡུས་འཕགས་པ་ཐོགས་མེད་ཀྱི་བྱང་ས་ལས། བྱང་ཆུབ་སེམས་དཔའི་དེ་བཞིན་གཤེགས་པ་ལ་མཆོད་པ་ནི་མདོར་བསྡུ་ན་རྣམ་པ་བཅུ་སྟེ། སྐུ་ལ་མཆོད་པ་དང་། མཆོད་རྟེན་ལ་དང་། མངོན་སུམ་དང་མངོན་སུམ་དུ་མ་ཡིན་པར་དང་། བདག་གིས་བྱས་པའི་དང་། གཞན་བྱེད་དུ་གཅུག་པའི་དང་། རྙེད་པ་དང་། བཀུར་སྟིའི་མཆོད་པ་དང་། རྒྱ་ཆེན་པོའི་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་དང་། སྒྲུབ་པའི་མཆོད་པའོ། །དང་པོ་ནི་སངས་རྒྱས་ཀྱི་གཟུགས་སྐུ་ཉིད་ལ་དངོས་སུ་མཆོད་པ་བྱེད་པའོ། །གཉིས་པ་ནི་དེའི་མཆོད་རྟེན་ནམ་གཙང་ཁང་ཕྱུར་བུའམ་གཙང་ཁང་ངམ། མཆོད་རྟེན་རྙིང་པའམ་གསར་པ་ལ་མཆོད་པ་བྱེད་པའོ། །གསུམ་པ་ནི་དེ་དག་དབང་པོ་ལ་སྣང་བར་མངོན་སུམ་ཉིད་དུ་མཆོད་པ་སྟེ། ལྷག་པའི་བསམ་པ་དང་དགའ་བའི་སེམས་ཀྱིས་སངས་རྒྱས་གཅིག་དང་མཆོད་རྟེན་གཅིག་གི་ཆོས་ཉིད་གང་ཡིན་པ་


LT37_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དུས་གསུམ་པ་ཐམས་ཅད་ཀྱིའང་ཡིན་པས་བདག་གིས་སངས་རྒྱས་དང་མཆོད་རྟེན་ལ་སོགས་པ་མངོན་སུམ་པ་འདི་ལའང་མཆོད་དོ། །དུས་གསུམ་དུ་ཕྱོགས་བཅུ་ན་བཞུགས་པ་ཐམས་ཅད་ལའང་མཆོད་པ་བྱའོ་སྙམ་པ་ནི་དེ་གཉིས་ཀའི་ཐུན་མོང་གི་མཆོད་པའོ། །བཞི་པ་ནི། དེ་གཉིས་མངོན་སུམ་དུ་མ་གྱུར་པ་ལ་སངས་རྒྱས་དང་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་སྔ་མ་བཞིན་ཏུ་བསམས་ནས་མཆོད་པ་བྱེད་པའོ། །ལྔ་པ་ནི་དེ་དག་ལ་མཆོད་པ་བྱ་བར་འདོད་པས་རང་ཉིད་ཀྱིས་ལག་གིས་མཆོད་པ་བྱེད་ཀྱི། ལེ་ལོ་དང་སྙོམ་ལས་དང་བག་མེད་པས་བྲན་འཁོར་ལ་སོགས་པ་ལ་བྱེད་དུ་མི་འཇུག་པའོ། །དྲུག་པ་ནི་རང་འབའ་ཞིག་མི་བྱེད་པ་ཕ་མ་དང་བུ་ཚ་ནས་རིགས་ངན་ཡན་ཆད་ཀྱང་བྱེད་དུ་འཇུག་པ་དང་། མཁན་པོ་དང་སློབ་དཔོན་ནས་ཕྱི་རོལ་པའི་རབ་ཏུ་བྱུང་བ་ཡན་ཆད་ཀྱང་བྱེད་དུ་འཇུག་པའོ། །བདུན་པ་ནི་དེ་དག་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་སྨན་དང་། གུས་པར་སྨྲ་བ་དང་ཡན་ལག་ལྔས་ཕྱག་འཚལ་བ་ལ་སོགས་པ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་དང་། རིན་པོ་ཆེ་སྣ་ཚོགས་དང་། རྒྱན་གྱི་རྣམ་པ་དང་། ཐ་ན་དྲིལ་བུ་དཀྲོལ་བ་དང་ཀརྴ་པ་ི་གཏོར་བ་དང་སྲད་བུས་བྲེ་བ་ཡན་ཆད་དོ། །བརྒྱད་པ་ནི་བསྙེན་བཀུར་དེ་དག་ཉིད་ཀྱིས་ཡུན་རིང་པོ་དང་། དངོས་པོ་མང་པོ་དང་བཟང་པོ་དང་།


LT37_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དང་མངོན་སུམ་མ་ཡིན་པ་དང་། རང་དང་གཞན་གྱིས་དང་། སྙིང་ཐག་པ་ནས་དགའ་བ་དང་མོས་པ་དྲག་པོས་བྱེད་ལ་བྱང་ཆུབ་ཆེན་པོར་སྔོ་བའང་བྱེད་པའོ། །དགུ་པ་ནི་རང་གི་ལག་གིས་བྱེད་ཀྱི་ལེ་ལོ་ལ་སོགས་པས་གཞན་ལ་མི་འཆོལ་བ་དང་། གུས་པ་དང་མི་གཡེངས་བ་དང་། རྒྱལ་པོ་ལ་སོགས་པ་ལས་རྙེད་བཀུར་འདོད་པས་ཚུལ་འཆོས་པས་མ་ཡིན་པ་དང་། རུང་བའི་དངོས་པོ་མཆོད་ཀྱི་བ་བླ་བྱུག་པ་དང་མར་ཁུས་བཀྲུ་བ་དང་། གུ་གུལ་གྱིས་བདུག་པ་དང་། ཨ་རྒའི་མེ་ཏོག་ལ་སོགས་པ་རུང་བ་མ་ཡིན་པས་མི་བྱེད་པའོ། །བཅུ་པ་ནི་ཅུང་ཟད་ཅུང་ཟད་དང་ཡུད་ཙམ་ཡུད་ཙམ་ཐ་ན་བ་འཇོས་ཙམ་གྱི་བར་དུའང་སེམས་ཅན་ཐམས་ཅད་ལ་བྱམས་པ་ལ་སོགས་པ་བསྒོམ་པ་དང་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་ལ་སོགས་པ་དང་། དཀོན་མཆོག་གསུམ་དང་ཕ་རོལ་དུ་ཕྱིན་པ་རྗེས་སུ་དྲན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མོས་པ་བསྒོམས་པས་གནས་པར་བྱེད་པ་སྟེ། དེའི་གོང་དང་དེ་ལས་ལྷག་པ་ལྟ་ཅི་སྨོས། གཞན་ཡང་ཚུལ་ཁྲིམས་བསྲུང་བ་དང་ཞི་གནས་དང་ལྷག་མཐོང་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་བརྩོན་པ་དང་། ཕ་རོལ་དུ་ཕྱིན་པ་དང་བསྡུ་བའི་དངོས་པོ་ལ་བརྩོན་པ་ནི་མཆོད་པ་མཆོག་དམ་པ་གོང་ན་མེད་པ་སྟེ། སྔ་མ་དེ་ཇི་ཙམ་བྱས་པས་ཀྱང་ཆ་ཙམ་དུའང་


LT37_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕོད་པའོ། །སངས་རྒྱས་ལ་མཆོད་པ་དེ་ཇི་ལྟ་བར་ཆོས་དང་དགེ་འདུན་ལ་མཆོད་པའང་དེ་དང་ཆ་མཐུན་ནོ། །མཆོད་པ་བཅུ་པོ་དེའང་ལྷག་པའི་བསམ་པ་དྲུག་གིས་རྒྱུ་དགོས་ཏེ། ཡོན་ཏན་གྱི་ཞིང་བླ་ན་མེད་པའི་ལྷག་པའི་བསམ་པ་དང་། ཕན་འདོགས་པ་བླ་ན་མེད་པ་དང་། རྐང་མེད་དང་རྐང་གཉིས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། ཨུ་དུམྦ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པ་དང་། སྟོང་གསུམ་གཅིག་ཏུ་གཅིག་པུ་འབྱུང་བས་འབའ་ཞིག་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་དོན་ཐམས་ཅད་རྟོགས་པའི་ལྷག་པའི་བསམ་པས་སོ། །དེ་དག་གིས་དཀོན་མཆོག་གསུམ་ལ་མཆོད་པ་བྱས་པ་ནི་ཆུང་ཡང་འབྲས་བུ་དཔག་ཏུ་མེད་པར་འགྱུར་ན་མང་དུ་འགྲུབ་ན་ལྟ་ཅི་སྨོས་ཏེ་ཐུབ་པའི་དབང་པོའི་རྗེས་འཇུག་རྣམས་ཀྱིས་སྡེ་སྣོད་ཤེས་པ་མ་བྱུང་ཡང་གསུང་རབ་བཀའ་འགྱུར་རིན་པོ་ཆེ་ཕྱོགས་གར་ལའང་བཞུགས་པས་དེ་ནང་ནས་ཕྱོགས་ཙམ་མི་མཐོང་མི་ཤེས་ཐབས་གལ་ཡོད་པས་འབྲིར་མ་དགོས། ཐུབ་དབང་མངོན་སུམ་བཞུགས་སྐབས་མཆོད་པ་དང་གཟུགས་བརྙན་ལ་མཆོད་པ་ཁྱད་པར་མེད་པའང་མེ་ཏོག་བརྩེགས་པའི་མདོ་ལས། །ང་ཡི་འཁོར་ནི་རྣམ་བཞི་ཡིས། །རྒྱལ་བ་དངོས་སུ་མཆོད་པ་དང་། །ད་ལྟ་ང་ལ་མཆོད་བྱས་


LT37_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མ་འོངས་པ་ན་དད་པ་ཡིས། །གཟུགས་བརྙན་རྣམས་ནི་མཆོད་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པས་སྐུ་བརྙན་སྟོན་པ་དངོས་མཚུངས་འདིར་མ་ཟད་ཐུབ་དབང་གི་སྐུ་བརྙན་བྲིས་འབུར་ཅི་འདྲ་ཞིག་ཡིན་ཀྱང་བསོད་ནམས་དང་ཕན་ཡོན་འབྱུང་བ་སྤྱིར་གོ་དགོས་པའང་འཕགས་པ་ཀླུས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་གསུངས་པ་ལྟར་བསོད་ནམས་ཀྱི་སྐལ་པ་དང་ལྡན་པ་རྣམས་ལ་སྔར་ནས་ཡོངས་སུ་གྲགས་པས་ད་རུང་ཡང་བསོད་ནམས་བསགས་པའི་རྒྱུན་རྒྱ་ཆེར་ཡུལ་དབུས་ལྷ་ལྡན་ཏུ་དངོས་སུ་དར་བཞིན་པ་ལྟར་རོ། །ཞེས་པའང་སྟོན་པ་ཐུབ་པའི་དབང་པོའི་རྗེས་འཇུག་རྟགས་ཙམ་འཛིན་པའི་དགེ་སྦྱོང་བློ་གྲོས་མཐའ་ཡས་ཀྱིས་རང་གནས་སྒྲུབ་སྡེར་རང་ལྟོས་རྣམས་དགེ་བ་ལ་བསྐུལ་བའི་ཆེད་དུ་གང་དྲན་མདོར་བསྡུས་སུ་བྲིས་པ་དགེ་ལེགས་འཕེལ།། །


previousཐུབ་དབང་སྐུ་བརྙན་མཐོང་བ་དོན་ལྡན་གྱི་དཀར་ཆགno next