Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས།next

དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས།


LT38_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །


LT38_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ་ཤྲཱི་ཛ་ཡ་ཏིཥྛནྟུ། །སྲིད་ཞིའི་དཔལ་དུ་འབར་བའི་མཚན་དཔེའི་སྐུ། །ཆོས་སྒོ་རབ་འབྱམས་ཀུན་འབྱུང་ཚངས་པའི་གསུང་། །མཁའ་ཁྱབ་རྣམ་པར་མི་རྟོག་ཡེ་ཤེས་ཐུགས། །གསང་བ་གསུམ་བདག་རྗེ་བཙུན་བླ་མར་འདུད། །སྒྲུབ་བརྒྱུད་བསྟན་པའི་སྲོག་རྩ་དཔལ་སྤུངས་ཀྱི། །ཡང་ཁྲོད་སྒྲུབ་ལ་གཞོལ་བའི་སྤོང་བ་པ། །འབྱུང་དང་འབྱུང་འགྱུར་ཀུན་གྱི་བཅའ་བའི་ཁྲིམས། །བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས་སྤྲོ། །དེ་ལ་ཚེ་རབས་སྔ་མ་རྣམས་སུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་གྱི་ལས་འཕྲོ་རྣམ་པར་དཀར་བའི་མཐུ་ལ་བརྟེན་ནས་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་དལ་འབྱོར་གྱི་རྟེན་བཟང་པོ་ཐོབ། སངས་རྒྱས་ཀྱི་


LT38_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ། མཚན་ཉིད་དང་བརྒྱུད་པར་ལྡན་པའི་དགེ་བའི་བཤེས་གཉེན་ཅི་འདོད་བསྟེན་དུ་ཡོད། །དམ་པའི་ཆོས་སྒྲུབ་པའི་མཐུན་རྐྱེན་ཚོགས་ནས་སྒྲུབ་པ་སྙིང་པོར་བྱེད་དུ་ཡོད་པ་ནི་དབུལ་པོས་རྨི་ལམ་ན་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟར་མི་སྲིད་པའི་ཆོས་ཅན་ཞིག་ལག་ཏུ་རྙེད་པ་ཡིན་ཀྱང་། བླ་འདོད་ཙམ་སེམས་ཕུག་ཏུ་འཆང་ནས་སྒྲུབ་ཁང་དུ་ལོ་ཟླའི་གྲངས་ཚང་བ་ཙམ་གྱིས་ཆོག་པར་བྱས་ཏེ། བསམ་སྦྱོར་རྣམ་དག་དང་ཉམས་ལེན་ཚད་ལྡན་མ་བྱུང་ན། །ཡོན་སྦྱོར་བ་པོའི་སྦྱིན་བདག་བསླུས། སྒྲུབ་པ་པོ་རང་ཉིད་སྐྱེ་བ་གཏན་གྱི་འདུན་མ་འཆུགས་པར་འགྱུར་བས། རྩ་བའི་རྨངས་གཞི་མཉེས་པ་དགོས། རྩ་བའི་རྨངས་ནི་སྒྲུབ་


LT38_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཞུགས་མཁན་སྡོམ་པ་གསུམ་ཡིད་ཆེས་སུ་ལྡན་ཅིང་དབྱར་གནས་ལ་ཞུགས་ནས་མདོ་རྒྱུད་ཀྱི་ཐོས་བསམ་བག་རེ་ཡོད་པ། ཁྱད་པར་ཚེ་ཕྱི་མ་དང་ཐར་པ་བྱང་ཆུབ་སྒྲུབ་པའི་འདུན་པ་ཡོད་ངེས་ལས། མ་བརྟགས་པ་གང་བྱུང་བཞག་ན་ཕོག་ཡོན་ཆུད་ཟོས་མ་གཏོགས་གང་ཡང་མི་འབྱུང་བས་ལེགས་པར་དཔྱད་ནས་བཞག་དགོས། སྒྲུབ་པ་ལ་འཇུག་པ་ལ། ཐོག་མར་འདུན་པ་ཕྱིན་ཅི་ལོག་ཏུ་མ་སོང་བས་གཞི་ལེགས་པ། བར་དུ་བསྒྲུབ་བྱའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལོན་པས་གཞན་དག་མགུ་བ། མཐར་བསྒྲུབས་པའི་འབྲས་བུ་ཆུད་ཟོས་སུ་མ་ཤོར་བས་རང་བློ་བདེ་བ་ཞིག་དགོས་པ་བཅའ་ཁྲིམས་ཀྱི་སྤྱི་སྡོམ་ཡིན་ནོ། །དེ་ལ་དང་པོ་འདུན་པ་ཕྱིན་ཅི་མ་ལོག་པ་ཇི་ལྟར་དགོས་ན། རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུང་དགེ་སློང་གང་དག་དགོན་པའི་གནས་སུ་འགྲོ་བར་འདོད་ན། ཆོས་རྣམ་པ་བརྒྱད་ཡིད་ལ་བསམ་པར་བྱའོ། །བརྒྱད་གང་ཞེ་ན། རང་གི་ལུས་ཡོངས་སུ་སྤང་བར་བྱའོ་སྙམ་པ་དང་། སྲོག་ཡོངས་སུ་བཏང་བར་བྱའོ་སྙམ་པ་དང་། བཀུར་བསྟི་རྣམས་སྤང་བར་བྱའོ་སྙམ་པ་དང་། ཆགས་ཤིང་སྲེད་པ་ཐམས་ཅད་སྤང་བར་བྱའོ་སྙམ་པ་དང་། རི་ཁྲོད་དུ་རི་དྭགས་ལྟར་གནས་པར་བྱའོ་སྙམ་པ་དང་། དགོན་པར་གནས་པའི་སྤྱོད་པ་གང་ཡིན་པ་ལ་བསླབ་པར་བྱའོ་སྙམ་པ་དང་། ཆོས་ཀྱི་འཚོ་བས་གནས་པ་དང་། ཉོན་མོངས་པས་འཚོ་བར་མི་བྱའོ་སྙམ་པ་སྟེ། དེ་ནི་ཆོས་བརྒྱད་


LT38_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱའོ། །དགེ་སློང་དགོན་པ་བས་གང་ཡིད་ལ་བྱ་བ་དེ་ཡིད་ལ་བྱས་ནས་དགོན་པའི་གནས་སུ་གནས་པར་བྱའོ། །ཞེས་གསུངས་ཏེ། མདོར་ན་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་ནས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པས་སྒྲུབ་པ་ལ་འཇུག་དགོས། ཆོས་རྗེ་འཇིག་རྟེན་གསུམ་མགོན་གྱི་གསུང་ལས། རྟེན་འགྲེལ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རགས་ལས་པས་ཤིན་ཏུ་གཟབ་པ་གལ་ཆེ། ནམ་ཞིག་རི་ལ་འགྲོ་བའི་དུས་སུ། བྱང་ཆུབ་སེམས་ལ་རྟོག་པ་གཞན་གྱི་འདྲེས་མེད་པ་གཅིག་དགོས་པས། གྲོགས་པོའམ་གཞན་ཁྱད་གསོད་ཀྱིས་རི་ལ་འགྲོ་ན་ཅི་བསམ་མི་འགྲུབ། ཁྱིས་ཆུ་འབོག་པ་བཞིན་རང་ཇེ་ངན་འགྲོ་བ་ཡིན། གཞན་དབང་དུ་འདུ་བ་དང་། ཟས་ནོར་འདོད་ཡོན་གྱི་བསམ་པས་རི་ལ་འགྲོན་རང་གི་སྡོམ་པ་ཡང་འཆོར་ལ་གཞན་གྱི་སྡིག་པ་ཡང་བསགས་ཤིང་མི་དད་པའོ། །ཞེ་སྡང་གི་བསམ་པས་རི་ལ་འགྲོ་ན་ཐམས་ཅད་རང་ལ་སྡང་ཞིང་སྐུར་བ་ལ་སོགས་པ་ཡང་འོང་བ་ཡིན། ང་རྒྱལ་གྱི་བསམ་པས་རི་ལ་འགྲོ་ན་རང་གི་རྒྱུད་ལ་ཡོན་ཏན་མི་སྐྱེ། ཟས་གོས་བཅས་བདར་གྱི་བསམ་པས་རི་ལ་འགྲོ་ན་ལྟོ་གོས་ཀྱིས་ཕོངས་ཤིང་ཡོད་པ་རྣམས་དང་བྲལ། རང་འདོད་གཅིག་པུ་ཡི་བསམ་པས་རི་ལ་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་དང་འདྲ་བས་རང་གཞན་གྱི་དོན་མི་འབྱུང་། རྐྱེན་དེ་རྣམས་ཀྱི་རྒྱུ་མཚན་དང་ཉེས་དམིགས་མི་ཤེས་པར་གཏི་མུག་གིས་རི་ལ་འགྲོ་ན་


LT38_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོར་མི་འཕེལ་བ་དང་བོག་མི་ཐོན་པ་དང་ངན་པའི་ཆོ་དགུ་རེད་པ་ཡིན་གསུངས། དེ་ལྟར་མི་འོང་བའི་ཐབས་ཤིག་ཞུ་བྱས་པས། འོ་ཁྱོད་རང་དབང་ཚེ་མོད་ངས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཚོགས་སུ་བཤད་པ་དེ་ཡིན། དེ་ལྟར་བྱམས་པ་དེང་ཆས་ནས་རི་ལ་འགྲོ་ན་མི་མཐུན་ཐམས་ཅད་ཞི་ཞིང་གར་ཡང་བཀྲ་ཤིས་པ་ཡིན། སྙིང་རྗེ་དང་ཆས་ནས་འགྲོ་ན་གཞན་དོན་འབྱུང་། དགའ་བ་དང་ཆས་ནས་རི་ལ་འགྲོ་ན་ལྷ་འདྲེ་མི་གསུམ་གྱིས་ཡིད་དུ་སྙན་པ་ཐོབ། བཏང་སྙོམས་དང་ཆས་ནས་རི་ལ་འགྲོ་ན་སྣང་བ་དབང་དུ་འདུ་བ་ཡིན། ཚད་མེད་པ་བཞིས་རི་ལ་འགྲོ་ན་ཕྲིན་ལས་བཞིས་རང་གཞན་གྱིས་དོན་འགྲུབ། ཡང་ཡི་དམ་ལྷའི་གདུང་བ་དང་བཅས་ནས་རི་ལ་འགྲོ་ན་ཐུན་མོང་གི་དངོས་གྲུབ་འཐོབ། བླ་མར་གདུང་བ་དང་བཅས་ནས་རི་ལ་འགྲོ་ན་མཆོག་གི་དངོས་གྲུབ་འཐོབ། སྤྱིར་བསམ་པ་རབ་ཀྱི་རི་ལ་འགྲོ་ན་དངོས་གྲུབ་རབ་འཐོབ། འབྲིང་གིས་རི་ལ་འགྲོ་ན་འབྲིང་འཐོབ། ཐ་མས་འགྲོ་ན་དགེ་སྦྱོར་འཕེལ་བ་དང་བར་ཆད་མི་ཡོང་བ་ཙམ་ཡིན་ཅེས་གསུངས་པ་ལྟར་འདུན་སེམས་ཀྱི་སྤང་བླང་མ་ལོག་པ་གལ་ཆེ། དང་པོའི་འཕེན་པ་ནི་ས་བོན་བཏབ་པ་དང་འདྲ། གྲོ་ནས་བྲ་སྲན་ལ་ལོ་འདབ་འབྲས་བུ་སོ་སོར་སྨིན་པ་ལྟར་འབྱུང་བས། རི་ལ་སྒྲུབ་པ་ཞུགས་ཕྱིན་ཆད་ནམ་མཁས་ཁྱབ་པའི་མ་རྒན་སེམས་ཅན་རྣམས་ཀྱི་དོན་ཏུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་གཅིག་ལ་བསྒྲུབ་སྙམ་པའི་བློ་དང་མ་བྲལ་


LT38_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤིན་ཏུ་གལ་ཆེ། བླ་མའི་མིང་ཞིག་ཐོགས་དགོས་སྙམ་པ་དང་། དེ་ཐོགས་ན་དཀོར་ཟས་ཕོངས་མེད་ཅིག་འབྱུང་སྙམ་པ་དང་། གྲོགས་མཆེད་གཞན་རྣམས་ལས་ལྷག་པའམ། བླ་མ་གཞན་དང་འདྲ་བ་ཞིག་བྱེད་དགོས་སྙམ་པ་སོགས་གཉེར་སེམས་ལོག་པ་གཏན་ནས་མི་བྱ་བ་གལ་ཆེ། སྒྲུབ་ཁང་ཡར་མར་ཕྱོགས་བསྡམས་ཕྱོགས་གྲོལ་གྱིས་སྒྲུབ་པ་ལ་འཇུག་ཐག་ཆོད་པ་ན། འདིར་གང་མཁོའི་འདོན་བྱ་རྣམས་ཀྱི་ཆོ་གའི་འགྲིགས་རིམ། མཆོད་པའི་ཕྱག་ལེན། དབྱངས་རོལ། གཏོར་བཟོ། འབུད་དཀྲོལ་རྣམས་སྣེ་མ་ཐོགས་པར་བསླབ། འདོན་དཔེ་གསོལ་འདེབས་ལེའུ་བདུན་མ་རྟེན་བསྐྱེད་བཅས། ཇོ་ནང་དང་སྨིན་གླིང་། པདྨ་ཉིན་བྱེད་དབང་པོའི་གསོལ་འདེབས་རིགས། ཚོགས་བསགས་དང་འབྲེལ་བའི་གསོ་སྦྱོང་། སྨིན་གླིང་རྡོར་སེམས། ཡང་དག །དགོངས་འདུས་ལས་བྱང་མེ་ཕྲེང་སྐོང་བ་བཀའ་སྲུང་བསྡུས་པ་སོགས་ཆ་ལག་ཚང་བ། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་དང་མཆོད་ཆོག །ཤངས་ལུགས་བདེ་མཆོག་ལྷ་ལྔ། རྒྱུད་སྡེ་ལྔ་གཙོ་བསྡུས། མཁའ་སྤྱོད་དཀར་དམར། སྒྲོལ་མའི་མཎྜལ་གསར་རྙིང་། གཏེར་གསར་གསང་ཐིག་སྐོར་གསུམ། རྡོར་སེམས་བཟླས་གྲོལ་དང་པདྨའི་སྙིང་པོའི་རྒྱུད་བཀླགས་ཐབས། དགུ་གཏོར་འདོན་ཆ་ཚང་བ་དང་མཚལ་མ། ཕྱག་དྲུག་པའི་གཏོར་ཆོག་གཞུང་ཟུར་འདེབས་བཅས། དམ་ཅན་སྤྱི་གཏོར། སྔགས་སྲུང་


LT38_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མ་དུར་ཁྲོད་མ་མོ་གཏེར་གསར་ཚེ་རིང་མ་སོགས་དང་། ཁྲིད་དཔེ་ཤངས་ཆོས་ནི་གུ་ཆོས་དྲུག་སྔོན་འགྲོ་གཞུང་ལྷན་ཐབས་བཅས། ཐང་ལུགས་ཆོས་དྲུག །ཕྱག་ཆེན་ངེས་དོན་རྒྱ་མཚོ། དེའི་གསལ་བྱེད་ཟུར་འདེབས། ལམ་རིམ་བློ་སྦྱོང་ཕྱག་ཆེན་གྭའུ་མ་ལུགས་གཉིས། ལམ་ཁྱེར་རྣམ་གསུམ། འཆི་མེད་འཆུགས་མེད། བླ་མགོན་དབྱེར་མེད། ལྷ་བཞི་དྲིལ་སྒྲུབ་ཚན་གཉིས། དུས་འཁོར་སྦྱོར་དྲུག་ཁྲིད་མཐོང་བ་དོན་ལྡན་སྔོན་འགྲོ་བཅས། རྫོགས་ཆེན་བླ་མ་ཡང་ཏིག་ཁྲིད་ཡིག་སྔོན་འགྲོ་རྒྱུད་འདེབས་བཅས། ཟུར་གཅོད་ཚོགས་ལས་ཟིན་བྲིས་ཀྱི་སྐོར་བཅས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་གཞུང་དང་རྒྱུན་ཁྱེར་བཅས་ཚང་མ་སྤར་དུ་ཡོད་པས་སྔ་ཚགས་ཚུད་པ་དང་། གཏེར་གསར་ཕྱག་དྲུག་པ་སོགས་སྤར་མེད་རིགས་ཕྲན་ཚེགས་ཁ་ཤས་ཀྱང་གསར་བྲིས་ཀྱིས་འདོན་དུས་མ་ཤོལ་བ་བྱ་དགོས། མགོན་ཁང་པས་དཀོན་མཆོག་སྤྱི་འདུས་འདོན་ཆ་བསྐྱེད་རྫོགས་ཁྲིད་དཔེ་ཚང་མ། བཀའ་བརྒྱད་བདེ་འདུས། གཏེར་གསར་ཚེ་བདག་སོགས་ཀྱི་འདོན་ཆའི་རིགས་དང་ཟིན་བྲིས་སོགས་ཚགས་སུ་ཚུད་པར་བྱ། སྒྲུབ་པ་ལ་ཞུགས་ཉེ་བ་ན། སཱཙྪ་གཟུངས་ལྡན་སྟོང་ཕྲག་ཡན་ཆད་གང་འགྲུབ། མཆོད་སྡོང་རིན་པོ་ཆེ་ཡར་མར་ལ་བསྐོར་བ་སྟོང་ཕྲག་དང་མར་མེ་སོགས་མཆོད་པ་ཅི་འགྲུབ། འབྱོར་པ་ཡོད་ན་དགེ་འདུན་ལ་མང་ཇའམ། དགེ་སློང་རྣམ་དག་བཞི་སྡེ་ལ་གྲོ་དྲངས། འབྱོར་པ་མེད་ན་དགེ་སློང་ཚད་ལྡན་དད་པ་འགྲོ་བ་རེ་རེ་ཙམ་


LT38_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུང་ཚིགས་དྲངས། དེ་ཐམས་ཅད་ལ་སྒྲུབ་པ་ལ་བར་ཆད་མེད་པ་མཐར་ཕྱིན་པ་དང་སེམས་རྒྱུད་ཆོས་དང་འདྲེས་པའི་སྨོན་ལམ་གདབ། འགྲུབ་ཏུ་རུང་ན་ལམ་འཕྲང་བཅོས་པ། སྲོག་བསླུ་ཚེ་ཐར། དབུལ་པོ་ལ་སྦྱིན་གཏོང་ལ་སོགས་པ་དགེ་བའི་དཔུང་བསྐྱེད་ཅི་རིགས་བགྱིས་པས་འཕྲལ་ཡུན་དུ་དགེ་བའི་གནད་དང་རྟེན་འབྲེལ་ཆེན་པོ་ཡོད་པས་འདི་རིགས་སྒྲུབ་དཔོན་རྡོར་སློབ་ཀྱིས་ཐོག་མ་ནས་བཀོད་པ་ཐེངས་པར་བྱ་དགོས་སོ། །གཉིས་པ་བར་དུ་སྒྲུབ་པ་དངོས་ལ་འཇུག་པའི་ཐོག་མར་ཉིན་གཅིག་ལ་ལག་ལེན་གཙང་དག་ཚད་ལྡན་གྱིས་ཆུ་གཏོར་ཅི་འགྲུབ་བྱ། དཔལ་ཆེན་ལྷ་ཁང་དང་མགོན་ཁང་དུ་སྙན་ཤལ་གང་འབྱོར་ལེགས་པ་རེ་འབུལ། བགེགས་དང་བར་ཆད་ཞི་བའི་དོན་དུ་གཏེར་གསར་གསང་ཐིག་རྡོ་རྗེ་གཞོན་ནུ་ཕྱག་རྒྱ་གཅིག་པ་ཞག་བདུན་ཕྲག་གཅིག་ཏུ་བསྙེན་ཅིང་། མགོན་ཁང་དུ་གསར་རྙིང་གི་བསྐང་གསོལ་ཉིན་གསུམ་ཙམ་བྱ་བ་བཅས་གཞུང་གི་སྒྲུབ་པ་དངོས་ལ་མི་ཐེ་ཞིང་ལོ་གསུམ་ཕྱོགས་གསུམ་ཁོངས་སུ་བརྩི་རྒྱུ་མེད་པས་སོ་སོས་རང་རྒྱགས་བཟུང་ནས་མཚམས་ཡང་ངེས་འདོན་སྒྲུབ་བྱ་དགོས་པ་ཉིད་དོ། །དེ་ནས་གཟའ་སྐར་འཕྲོད་སྦྱོར་བཟང་པོའི་སྔ་དྲོའི་ཆར་སྒར་བསངས་ཆེན་མོའི་ལྷ་བསངས་རྒྱགས་བརྣན་བཅས་རྒྱས་པར་གྲུབ་འཕྲལ་གྱི་ཕྱི་དྲོ་སྒོ་རྩར་ཆ་གསུམ་བཏང་ནས་མཚམས་ཐོ་གཟུག །སྐབས་འདིར་ལོ་མཇུག་མགོན་པོའི་གཏོར་སྒྲུབ་ཀྱི་བསྙེན་རྒྱུན་པ་བརྒྱད་དགོན་ནས་འོང་དགོས་པ་མིང་ཡིག་དམིགས་


LT38_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་བཞག །དེ་ཕྱིན་ཆད་མ་ཆེན་ཤིང་བ་གཉིས་མ་གཏོགས་དྲག་ཞན་རྡོག་པོ་གཅིག་ནང་དུ་བཙུད་མི་ཆོག །དངོས་གཞིའི་བསླབ་བྱ་ལ་ལྔ། ལོ་གསུམ་ཕྱོགས་གསུམ་བྱེ་བྲག་གི་ཉམས་ལེན། ལོ་དུས་དང་ཟླ་དུས་ཀྱི་འདོན་བྱ་འཕར་མ། ཞག་རེ་བཞིན་གྱི་ཐུན་བཞིའི་བཅད་ཁྲིགས། མགོན་ཁང་བླ་མའི་ཉམས་ལེན་འདོན་བྱ། ཀུན་སྤྱོད་བླང་དོར་གྱི་བཅའ་ཁྲིམས་སྤྱིར་སྨོས་པའོ། །དང་པོ་ནི། ཉམས་ལེན་གྱི་ཐོག་མར་མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་རབ་ཐར་བ་རིན་པོ་ཆེའི་རྒྱན་དང་། རྗེ་དགུ་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོ་ཟུར་འདེབས་དང་བཅས་པ། ཇོ་ནང་རྗེ་བཙུན་ཆེན་པོས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་ཁྲིད་བཅས་སོ་སོའི་སྐབས་བསྟུན་གུང་བསྒྲིགས་ཤེས་པར་བྱ་སྟེ། དེའང་ཕྱག་ཆེན་ངེས་རྒྱམ་ལ་གཞི་བཟུང་བའི་ཞིབ་ཁྲིད་དང་། གཞན་གཉིས་རྒྱབ་སྐྱོར་ལུང་ཁྲིད་ཚུལ་དུ་བཏང་སྟེ། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་པ་བཞི་ཞག་གསུམ་རེ། སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་བཞི་པོ་འབུམ་ཐེར་རེ་འགྲོ་ངེས་ཀྱིས་ཁྱོན་ཟླ་བ་ལྔའི་ཁོངས་སུ་སྔོན་འགྲོ་རྣམས་རྫོགས་པར་བྱ། འདི་དག་གི་ཐུན་བར་རྣམས་སུ་རྡོར་སློབ་ནས་བླ་མ་ལྔ་བཅུ་པ། སྡོམ་པ་ཉི་ཤུ་པ། རྩ་ལྟུང་བཅུ་བཞི་པ་རྣམས་ཀྱི་རྒྱ་གཞུང་ལ་འགྲེལ་པ་སྦྱར་བ་དང་། གར་དབང་ཆོས་ཀྱི་དབང་ཕྱུག་གི་སྡོམ་པ་ཉེར་ལྔ་པ་རྩ་འགྲེལ་སྦྲགས་མའི་བཤད་ཁྲིད་བྱ། སྒྲུབ་པ་རྣམས་ནས་ཀྱང་ནང་བར་ནམ་བདེར་སྡོམ་པ་ཉེར་ལྔ་བའི་རྩ་བ་ལ་སྐྱབས་འགྲོ་བཏང་བའི་བསམ་སྦྱོར་མི་བྱའོ། །ཞེས་སོགས་དམ་བཅའ་བའི་ཚིག་སྦྱར་ཏེ་དལ་བུས་ཚིག་རྗེས་སུ་དོན་དྲན་པར་བཀླག །དགོང་མོ་སྲོད་ཐུན་མཇུག་ལྟ་


LT38_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ཕྱག་འཚལ་བ་དང་སྦྲགས་ནས་སྐྱབས་འགྲོ་བཏང་བའི་བསམ་སྦྱོར་བྱས་པ་བཤགས། ཞེས་བཤགས་ཚིག་ཏུ་བསྒྱུར་ཏེ་འདོན་པའི་ཞར་བྱུང་། དེ་རིང་སྒོ་གསུམ་ལ་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་བྱུང་མ་བྱུང་ལེགས་པར་བརྟགས་ནས་གང་བྱུང་ཐམས་ཅད་འགྱོད་པས་སྙིང་ནས་བཤགས་ཤིང་ཕྱིན་ཆད་མི་བྱ་བར་དམ་བཅའ་བ་ནི་ཤིན་ཏུ་གལ་པོ་ཆེ་ཡིན་པས་ཞེ་ཐག་པ་ནས་བསླབ་ཅིང་སྤང་བླང་དུ་བྱ་དགོས་ཏེ། སྔོན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས། དེ་རིང་དགེ་བའི་རྟོག་པ་འགྱུས་ཚད་ལ་རྡེའུ་དཀར་པོ་དང་། མི་དགེ་བའི་རྟོག་པ་འགྱུས་ཚད་ལ་རྡེའུ་ནག་པོ་བསགས་པས་ཐོག་མར་རྡེའུ་ནག་པོ་མང་། བར་དུ་དཀར་ནག་མཉམ། མཐར་རྡེའུ་དཀར་པོ་འབའ་ཞིག་ཏུ་གྱུར་པ་ན་ཆོས་པའི་གྲལ་དུ་ཚུད་པར་བརྩི་བ་དང་། ཕྱིས་ཀྱི་སྐྱེས་ཆེན་དམ་པ་འགའ་ཞིག་གིས་ཀྱང་། ཉིན་པར་དགེ་སྡིག་གི་བསམ་སྦྱོར་ཅི་བགྱིས་དེ་འཕྲལ་ཡི་གེར་བྲིས་ནས་དགོང་མོར་དེ་ལ་དཔྱོད་ཅིང་བཤགས་སྡོམ་མཛད་པ་ལྟ་བུ་མ་ནུས་ཀྱང་། བག་ཡོད་དྲན་ཤེས་ཀྱིས་རང་རྒྱུད་ཅུང་ཟད་དག་པ་ཞིག་མ་བྱུང་ན་ཆོས་པའི་གྲལ་མེད་ཅིང་སྒྲུབ་པ་ལའང་སྙིང་པོ་མ་མཆིས་སོ། །སྐྱབས་སེམས་ཀྱི་སྐབས་སུ་སྔར་མ་ཐོབ་ན་ཤིང་རྟའི་སྲོལ་གཉིས་ཀྱི་བྱང་སྡོམ་འབོག་པའི་རྗེས་འབྲེལ་དུ། བློ་སྦྱོང་དོན་བདུན་མའི་ཁྲིད་བཤད་ལ་དེ་ནས་ཇི་སྲིད་འཚོ་བའི་བར་དུ་དེའི་ཁྲིད་ཡིག་ཉམས་ལེན་བསླབ་བྱ་དང་མི་འབྲལ་བར་བསྐྱེད་རྫོགས་


LT38_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་མྱོང་གོམས་གདིང་ཁེལ་མ་བྱུང་ཡང་འདི་ཙམ་ལ་ཡིད་ཀྱི་གཏད་སོ་ཡོད་པའི་སྐྱིད་དུས་མ་བརྗེད། སྡུག་དུས་མ་ཤོར་བ་རྐྱེན་ངན་སོག་དགོས་དུས་སུ་སླེབས་པར་བྱ། སྐྱབས་འགྲོ་ནས་མགོ་བརྩམ་ཕྱག་འབུམ་ཐེར་ཡང་རིམ་གྱིས་འགྲུབ་པར་དགོས། སྔོན་འགྲོ་གྲུབ་པ་དང་ཤངས་ལུགས་རྒྱུད་སྡེ་ལྔའི་དབང་ཆེན་དངོས་སྟ་ཉིན་གཉིས་མ། བྱིན་རླབས་སྒོ་འབྱེད་ཀྱི་བཀའ་དང་པོ་བདེ་མཆོག་ལྷ་ལྔའི་དབང་དངོས་སྟེ་སྤྲིལ་བ། བཀའ་གཉིས་པ་ལྷ་ལྔའི་ཏིང་ངེ་འཛིན་གྱི་དབང་བསྐུར། སྒྲུབ་དཀྱིལ་གྱི་ལུང་དང་བསྙེན་ཡིག་ཁྲིད་ལུང་བྱས་ལ། ཤངས་ལུགས་བདེ་མཆོག་ལྷ་ལྔའི་བསྙེན་པར་འཇུག་སྟེ། ཡིག་བདུན་འབུམ་ཕྲག་བདུན། །སྙིང་པོ་ཉེར་གཉིས་མ་འབུམ་ཕྲག་བཞི། ཡུམ་སྔགས་འབུམ་ཕྲག་གཅིག །མཁའ་འགྲོ་བཞི་ཁྲི་རེ། སོ་སོའི་ཁ་སྐོང་བཅས་གྲུབ་ནས། སྒྲུབ་མཆོད་ཞག་གསུམ་ལྔ་བདུན་གང་རུང་། ཁ་སྐོང་ཞི་བའི་སྦྱིན་སྲེག་ཉིན་གསུམ་བཅས་ཁྱོན་བསྡོམས་ཟླ་བ་གཉིས་ལ་གྲུབ་པར་བྱ། དེ་ནས་བྱིན་རླབས་ཁོག་དབུབ་ཀྱི་བཀའ་དང་པོ་སྒྱུ་ལུས་དབང་མོ་ཆེའམ་འཇུག་སྒོ་ཡོན་ཏན་ཀུན་འབྱུང་དང་། བཀའ་གཉིས་པ་རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་ཏིང་ངེ་འཛིན་གྱི་དབང་བཅས་བསྐུར། གཙོ་བསྡུས་སྒྲུབ་དཀྱིལ་གྱི་ལུང་དང་བསྙེན་ཁྲིད་བྱས་ལ། རྒྱུད་སྡེ་ལྔ་གཙོ་བསྡུས་ཀྱི་བསྙེན་པ་ཟླ་བ་གཅིག་གི་ཁོངས་སུ་སོ་སོར་འབུམ་ཕྲག་རེ་རེ་སྟེ་ཁྱོན་འབུམ་ཕྲག་ལྔ་ཁ་སྐོང་དང་བཅས་


LT38_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྒྲུབ་མཆོད་རྒྱས་པ་ཉིན་གསུམ་ཙམ་བྱ། དེ་ནས་ཤངས་ཆོས་རྩ་བ་ཇོ་ལུགས་དང་། ཉེ་བརྒྱུད་ཐང་ལུགས་ཁྲིད་སྦྲགས་ཏེ་ནི་གུ་ཆོས་དྲུག་གི་སྔོན་འགྲོ་ལ་འཇུག་ཅིང་དག་བྱེད་ཨའི་སྟོང་ར་བདུན་ཕྲག་གཅིག་བསྒོམ། བྱིན་རླབས་གཞུང་ཤིང་གི་བཀའ་དྲུག་གི་ཐོག་མ་གཏུམ་མོའི་བྱིན་རླབས་དང་ཁྲིད་དམིགས་ཕོག་སྟེ་གཏུམ་མོ་མེ་རྒོད་བདུན་ཕྲག་གསུམ། འདི་ནས་བརྩམ་ནཱ་རོ་ནི་གུ་ལུགས་ཀྱི་འཁྲུལ་འཁོར་རྣམས་བསླབ་ཅིང་ཉིན་རེ་བཞིན་མ་ཆག་པར་སྐབས་བསྟུན་རྒྱགས། དངོས་གཞི་ཟས་ཟ་ཟླ་བ་གཉིས་ཏེ་ཁྱོན་ཟླ་བ་གསུམ་བྱས་པ་དེའི་ཁོང་གི་མཇུག་ཏུ་གཏུམ་མོ་སྟན་གཅིག་ཤིན་ཏུ་ཉེ་བརྒྱུད་ཞག་བདུན་ཙམ་སྦྱང་། དེ་ནས་སོ་སོའི་བྱིན་རླབས་དང་ཁྲིད་དམིགས་རིམ་པར་ཕོག་ལ། སྒྱུ་ལུས། འོད་གསལ། རྨི་ལམ་རྣམས་བདུན་ཕྲག་གསུམ་རེ། འཕོ་བ་བར་དོ་གཉིས་བདུན་ཕྲག་རེ་རེ་ལ་འཇུར་དྲགས་པས་རྟགས་ཐོན་དུ་སྦྱང་། སྟན་གཅིག་མ་རྣམས་ཀྱང་སོ་སོའི་མཇུག་ལ་ཁྲིད་དམིགས་རྫོགས་པར་བྱ། དེ་ནས་ཕྱག་ཆེན་གྭའུ་མའི་བྱིན་རླབས་བྱས་ལ་ཉམས་ལེན་ཟླ་བ་གཉིས་བྱ་ཞིང་། ཇི་ཙམ་འོས་པའི་སྐབས་སུ་ཇོ་ལུགས་བརྐུ་ཐབས་ངོ་སྤྲོད་དུ་གྲགས་པའི་བྱིན་རླབས་ཀྱང་བྱ་བ་དང་། ངེས་དོན་རྒྱ་མཚོའི་དངོས་གཞིའང་ཁྲིད་ལུང་རྫོགས་པར་བྱ། དེ་ནས་བླ་མ་དང་ཡི་དམ་ལམ་ཁྱེར་གྱི་བྱིན་རླབས་གཉིས་བྱས་ལ་ལམ་ཁྱེར་རྣམ་གསུམ་བདུན་ཕྲག་གཅིག་བསྐྱང་། སྒྱུ་


LT38_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལམ་ཁྱེར་གྱི་བྱིན་རླབས་ཆོས་དྲུག་སྒྱུ་ལུས་དང་གཅིག་པས་ཟུར་དུ་མི་དགོས། དེ་ནས་མཁའ་སྤྱོད་དཀར་མོ་དང་མཁའ་སྤྱོད་སུམ་ཕྲུག་གི་བྱིན་རླབས་བྱ། དམར་མོ་འཕོ་བའི་སྒོས་བཀའ་དེ་ཡིན་པས་བསྐྱར་མི་དགོས། ཁྲིད་ལུང་བྱས་ལ་དཀར་དམར་སོ་སོར་ཞག་བཅུ་ཕྲག་རེ་རེ་བསྙེན་པ་འབུམ་ཕྲག་རེ་དང་རྫོགས་རིམ་འཕོ་བ་རྟགས་ཐོན་སྦྱང་། དེ་ནས་ལུས་སེམས་འཆི་མེད་འཆུགས་མེད་ཀྱི་བྱིན་རླབས་ཁྲིད་བཅས་བྱས་ལ་ཞག་བདུན། བླ་མགོན་དབྱེར་མེད་ཀྱི་བྱིན་རླབས་དང་ཁྲིད་བྱས་ལ་ཞག་བདུན་བཟླས་བསྒོམ་བྱ། དེ་ནས་ཡེ་ཤེས་མཁའ་འགྲོ་སུ་ཁ་སིངྡྷིའི་བྱིན་རླབས་དམིགས་ཁྲིད་སྔོན་ཏུ་འགྲོ་བས། ཐུན་མགོར་བསྐྱེད་བཟླས་ཅི་འགྲུབ་རེ་བཏང་བའི་རྩ་བའི་ཆོས་བཞི་བདུན་ཕྲག་རེ་རེ། འཕོ་བ་བར་དོ་ཞར་བྱུང་དུ་བཏང་བའི་ཟླ་བ་གཅིག་ཏུ་བསྒོམ། མཐར་ནི་དྷི་གཉིས་ཀྱི་ཚེ་དབང་བསྐུར་ནས་རྟེན་འབྲེལ་དགེ་བའི་ཆེད་དུ་གཉིས་ཀའི་ཚེ་སྒྲུབ་ཞག་བདུན་ཕྲག་གཅིག་ཙམ་ཉམས་ལེན་བྱས་པས་ཤངས་ཆོས་རྩ་བ་རྣམས་གྲུབ། ལོ་གཉིས་པའི་མཇུག་ཏུ་ཟླ་བ་དྲུག་གི་ཁོངས་སུ་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་བསྒོམ་དགོས་པས། དེའང་སྔོན་འགྲོ་བསགས་སྦྱོང་བདུན་ཕྲག་གཉིས་ཀྱི་ཁོངས་སུ་བྱིས་པ་འཇུག་པའི་དབང་ཆེན་དངོས་སྟ་དབྱེ་བའི་ཉིན་གཉིས་མ་བསྐུར། སྒྲུབ་དཀྱིལ་ཉེར་མཁོ་རྣམས་ཀྱི་ལུང་དང་བསྙེན་ཁྲིད་བྱས་ལ་ལྷ་དགུའི་བསྙེན་པ་ཟླ་བ་ཕྱེད་གཉིས་ཀྱི་


LT38_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་སུ་ཧཾ་ཀྵ་བྱེ་བ་གཅིག་སྲེག་སྣུན་དབབ་བསྲེ་ཡེ་ཤེས་དབབ་པ་སོགས་གང་འགྲུབ་རེ། སྒྲུབ་མཆོད་དང་སྦྱིན་སྲེག་ཉིན་གསུམ་ཙམ་རེ་བསྒྲུབ། རྫོགས་རིམ་ཁྲིད་ཡིག་མཐོང་བ་དོན་ལྡན་ལྟར་རིམ་པར་བྱས་ལ་དབེན་གསུམ་སྟོང་ཕྲག་གསུམ་བསྒོམ། མཆོག་དབང་གོང་མ་བསྐུར། སོར་སྡུད་ཀྱི་ཁྲིད་སྟོན་ཅིང་དམ་པའི་བྱིན་རླབས་བྱས་ལ་སོར་བསམ་ཟླ་བ་གཉིས། སོ་སོའི་ཁྲིད་བཅས་སྲོག་འཛིན། དྲན་ཏིང་བཞི་ལ་ཞག་བཅུ་རེ་ཙམ། འཕོ་བ་སོགས་ཡན་ལག་རྣམས་ཞར་བྱུང་དུ་སྦྱར་དགོས། གནད་གལ་དང་དགོས་པ་ཡོད་ན་དྲན་ཏིང་སྐབས་ཙམ་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བསྐུར་ཡང་སྦྱིན་ལ་མང་ཁྲིད་ཀྱི་དཀྱུས་སུ་མི་དགོས་སོ། །ལོ་རྗེས་མའི་ཐོག་མར་རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་། སོ་ལུགས་ཡང་དག་ཟླ་གམ་དགུ་མའི་དབང་དང་ཁྲིད་ལུང་སོ་སོར་བྱས་ལ། རྡོར་སེམས་སྙིང་པོ་འབྲུ་དྲུག་འབུམ་ཕྲག་དྲུག །ཡིག་བརྒྱ་འབུམ་ཐེར་གཅིག །ཡང་དག་རུ་ལུ་འབུམ་ཕྲག་བརྒྱད་འགྲོ་ངེས། སོ་སོར་སྒྲུབ་ཆེན་བསྙེན་རྒྱུན་བཅས་ཞག་བདུན་ཉིན་བརྒྱད་རེའམ། མི་འགྲུབ་ན་དཀྱིལ་འཁོར་སྒྲུབ་མཆོད་ཉིན་གསུམ་རེ། ཁ་སྐོང་ཞི་བའི་སྲེག་བླུགས་ཉིན་གཉིས་རེ་ཙམ་བྱ་བ་བཅས་ཁྱོན་རྡོར་སེམས་ཞི་ཁྲོ་གཉིས་ཀྱི་བསྙེན་སྒྲུབ་ཁ་སྐོང་བཅས་ཟླ་བ་གསུམ་གྱི་ཁོངས་སུ་གྲུབ་པར་བྱ། དེ་ནས་རྫོགས་པ་ཆེན་པོ་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུའི་སྤྲོས་བཅས་ཀྱི་


LT38_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ལ་ཁྲིད་ཡིག་དྲི་མེད་ཞལ་ལུང་ལྟར། སྔོན་འགྲོ་ནས་བརྩམས་རིམ་པར་དམིགས་ཁྲིད་ཞིབ་པར་འབོགས་ཏེ། ཐོག་མར་མི་རྟག་པ། འཕྲལ་ཡུན་གྱི་བདེ་བ། རྐྱེན་དུ་མ། བྱས་པ་དོན་མེད་སངས་རྒྱས་ཀྱི་ཡོན་ཏན། བླ་མའི་མན་ངག་བསམ་པ་རྣམས་ལ་ཞག་གསུམ་རེ། བདེ་གསལ་མི་རྟོག་པ་གསུམ་ལ་ཞག་གསུམ་རེ་སྟེ་ཁྱོན་བསྡོམས་ཞག་ཉེར་བདུན་ལ་སེམས་སྦྱོང་བདུན་པོ་རྫོགས་པར་བྱ། ད་ནས་ཐུན་མོང་གི་བསགས་སྦྱོང་སྐྱབས་སེམས། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་བཞི་ལ་ཞག་བདུན་རེ་སྟེ་ཁྱོན་ཞག་ཉེར་བརྒྱད་ལ་ཐུན་སྟོད་དུ་ཐུན་མོང་དང་ཐུན་སྨད་དུ་ཐུན་མོང་མིན་པའི་འདོན་བསྒོམ་ཟུང་འབྲེལ་བྱ། དེ་ནས་ཆགས་བྲལ་རླུང་ལ་བསླབ་པའི་ཁ་དོག །དབྱིབས། གྲངས། འགྲོ་འོང་། བུམ་པ་ཅན་སྔོན་པོ་ཞག་གསུམ་རེ། ཆགས་བྲལ་ཐིག་ལེ་ལ་བསླབ་པ་ཞག་ལྔ་བཅས་ཉི་ཤུ་ཨ་ལྔ་སྐྱེ་མེད་ལ་འབྱུང་བ་རེ་རེ་བཞིན་ཞག་གསུམ་རེ་སྟེ་བསྡོམས་པས་ཞག་བཅོ་ལྔ། དེ་ལྟར་སེམས་སྦྱོང་བདུན་ནས་འདི་བར་གྱི་སྔོན་འགྲོ་རྣམས་ལ་ཟླ་བ་གསུམ་བྱ། དེ་ནས་སྤྲོས་མེད་ཀྱི་དབང་བསྐུར་ལ་ཁྲེགས་ཆོད་ཟླ་བ་གསུམ་བྱ་བའི་ཐོག་མར་ལུས་རྡོ་རྗེའི་འདུག་སྟངས་ལ་ཞག་ལྔ། ངག་རྒྱས་གདབ། རྩལ་སྦྱོང་། མཉེན་བཙལ། ལམ་གཞུག་བཞི་ལ་ཞག་ལྔ་རེ། སེམས་བྱུང་གནས་འགྲོ་གསུམ་བརྟག་པ་ལ་ཞག་ལྔ་སྟེ་ཁྱོན་ཟླ་བ་གཅིག་སྦྱངས་ནས་རྣལ་དུ་དབབ་པ་མན་ཆད་དངོས་གཞི་ཟླ་བ་གཉིས་ཀྱི་ཁོངས་སུ་ངོ་སྤྲོད་བྱིན་རླབས་འབེབས་


LT38_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་བྱ་ཞིང་ནན་ཏན་དུ་བསྒོམ། དེ་ནས་ཐོད་རྒལ་ཟླ་བ་གསུམ་བྱ་བའི་ཐོག་མར་འཁོར་འདས་རུ་ཤན་དབྱེ་བ་ཞག་བདུན་སོང་ནས། ཤིན་ཏུ་སྤྲོས་མེད་རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར། རྣལ་དབབ་ཇི་ལྟར་འོས་པ་ནས་དངོས་གཞི་བཞུགས་སྟངས་གཟིགས་སྟངས་སོགས་དང་བསྟུན་པའི་འོད་གསལ་ལ་བསླབ། ཆོས་ཉིད་མངོན་སུམ་གྱི་སྒོ་མཐོང་ནས་བྱིན་རླབས་འབེབས་པའི་དབང་པོ་འབྲིང་དང་ཐ་མའི་ཁྲིད་དམིགས་ཀྱང་སྦྲེལ་ལ་འཕོ་དམིགས་ཇི་ལྟར་འོས་པ་སྦྱང་། གནད་བཞི་ཆོས་ཉིད་ཀྱི་འཁོར་ལོའི་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ནི་ཁྲེགས་ཆོད་ཀྱི་ཐོག་མ་ནས་འཆད་ཅིང་ཉམས་སུ་ལེན་པ་དང་། གཞན་ཡང་ཁྲེགས་ཆོད་ཀྱི་སྐབས་སོགས་སྔ་ཕྱི་ནམ་བདེར་བླ་མ་ཡི་དམ་མཁའ་འགྲོ་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་སྒོམ་བཟླས། ཐོད་རྒལ་སྐབས་བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག་ལྟར་ཐུན་མོང་མིན་པའི་བླ་སྒྲུབ་ཕྱི་ནང་གསང་བ་ཡང་གསང་རྣམས་དང་། །ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་བཅས་ཇི་ལྟ་བུར་ནུས་པ་ཉམས་སུ་ལེན་དགོས་སོ། །དལ་ཁོམས་དང་བསྟུན་པའི་དུས་སྐབས་ནམ་བདེར་ཤངས་ཆོས་པུསྟི་གསུམ། མགོན་བོད་གཉིས། སྦྱོར་དྲུག་སྐོར་པུསྟི་གཅིག་བླ་མ་ཡང་ཏིག་པུསྟི་གཅིག་དང་ཉེར་མཁོ་རྣམས་ཀྱི་ལུང་ཡང་མ་ཆད་པར་བཀླག །ལོ་འཇུག་གསུམ་གྱི་དང་པོའི་ལོར་ལྷ་བཞི་དྲིལ་སྒྲུབ། གཉིས་པར་གཏོར་ཆོག་ཕྲིན་ལས་གཏེར་མཛོད་དང་། གསུམ་པར་གཏེར་


LT38_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གསར་ཕྱི་སྒྲུབ་ལས་བྱང་ལ་བརྟེན་པའི་མྱུར་མཛད་ཡེ་ཤེས་མགོན་པོའི་བསྙེན་པ་ཞག་བདུན་རེ་བྱ་དགོས་ཤིང་། དང་པོ་ལ་དྲིལ་སྒྲུབ་ཀྱི་བྱིན་རླབས་དང་ཁྲིད། གཉིས་པ་ལ་གཏོར་དབང་བར་ཆད་ཀུན་སེལ། བླ་མགོན་དབྱེར་མེད། གྲིབ་སེལ་གནད་དབབ་བཅས་ཀྱི་བཀའ་དང་ཁྲིད་ལུང་། གསུམ་པ་ལ་གཏོར་མའི་བྱིན་རླབས་ལུང་བཅས་བྱ། བསྙེན་པ་འདིའི་གཤམ་གཏོར་སྒྲུབ་དང་སྦྲེལ་བའི་ལོ་རེ་བདུན་གཉིས་རེ། ཁྱོན་བསྡོམས་པས་ཞག་བཞི་བཅུ་ཞེ་གཉིས་ནི་ཕྱོགས་གསུམ་གྱི་ནང་དུ་བརྩི་དགོས། གྲོལ་ལ་ཉེ་བའི་མཐར་དགེར་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་བསྙེན་པ་སྒྲུབ་མཆོད་བཅས་ཞག་བདུན་ཕྲག་གཅིག་ལ་བྱ་དགོས་པ་དང་། སྔར་ནི་དྷི་གཉིས་ཀྱི་ཚེ་སྒྲུབ་སོགས་ནི་ལོ་གསུམ་གྱི་ནང་དུ་ཟླ་ལྷག་གཅིག་ངེས་པར་འབྱུང་བ་ལ་བརྩི་དགོས་སོ། །ལོ་གསུམ་ཕྱོགས་གསུམ་ལེགས་པར་གྲུབ་པའི་གཟའ་ཚེས་འཕྲོད་སྦྱོར་དགེ་བའི་སྔ་དྲོར་གཏོང་རག་གི་ལྷ་བསངས་དང་ཆ་གསུམ་བཏང་ཞིང་མཚམས་ཐོ་ལེན། དམ་གཙང་དང་གདོང་སྤྲད་ཅིང་སྒྲུབ་ཁང་ལ་བསྐོར་བ་ཙམ་བྱོན། དེའི་ཕྱིར་ཉིན་ལྟ་བུར་དགོན་དུ་མཆོད་སྡོང་ཡར་མར་ལ་མཎྜལ་འབུལ་ཞིང་། སྐྱབས་མགོན་སྐུ་མཆེད་ཞལ་མཇལ་ཞུ་བ་སོགས་བྱས་ལ། ཡུན་མི་རིང་བར་སླར་མཚམས་ལ་འཇུག་སྟེ་ཀུན་རིག་ཟླ་བ་དྲུག །ཁ་སྐོང་སྦྱིན་སྲེག་ཉིན་བཅུ་ཙམ་དང་བཅས་པ། མི་འཁྲུགས་པ་ཟླ་བ་གསུམ་ཁ་སྐོང་སྲེགས་བླུགས་དང་བཅས་


LT38_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ། གནམ་ཆོས་འོད་ཆོག་ཟླ་གཅིག་ཙམ་བཅས་སྒྲུབ་ཁང་འདི་ཉིད་དུ་རང་མལ་ལ་གདན་འཇག་ནས་གྲུབ་པར་སླར་བྱ་དགོས་སོ། །གཉིས་པ་ལོ་དུས་དང་ཟླ་དུས་ཀྱི་སྒྲུབ་མཆོད་སྐུ་མཆོད་འདོན་བྱ་འཕར་མ་ནི། ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ནས་བཅོ་ལྔ་བར། ས་ག་ཟླ་བའི་ཚེས་བརྒྱད་ནས་བཅོ་ལྔ་བར། ཆུ་སྟོད་ཟླ་བའི་ཚེས་གཅིག་ནས་བཞིའི་བར། ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ནས་ཉེར་གཉིས་ཀྱི་བར་རྣམས་སུ་ཚོགས་བསགས་གསོ་སྦྱོང་ཐར་པའི་ཐེམ་སྐས་རྒྱས་པ་ཚར་རེ་བྱ། དེའང་ཉིན་གུང་ཐུན་པར་ལ་འཚོགས་དགོས་ཀྱང་། སྒྲུབ་མཆོད་ལྟ་བུ་འདོན་བྱ་དམིགས་བསལ་ཡོད་ན་ཞོག་འཚོགས་འཚོགས་ཐེངས་དང་པོའི་དབུར་སྦྱར་དགོས། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིར་རྗེ་བཙུན་མི་ལ་རས་པའི་སྐུ་མཆོད་རས་བུད་ལ་བྱི་དོར་སྤྱན་གཟིགས་མཆོད་བཤམས་བསྒྲིགས་ཤིང་བདུད་རྩི་ལྔའི་ཕྱི་ཁྲུས་དང་ནང་ཁྲུས་དྲིལ་ཕྱིས་བཅས་ལག་ལེན་བཞིན་བྱས། མགོན་ཁང་གཏོར་བསྔོས་གྲུབ་འཕྲལ་ལྷ་ཁང་དུ་འཚོགས་ཏེ། ཆོས་སྤྱོད་སེམས་བརྩེ་མ། ཐུབ་བསྟོད། བྱང་སེམས་གཉིས། གནས་བརྟན། མར་མི་དྭགས་གསུམ། ཞྭ་དམར་ནག་སི་ཏུ་རྣམས་ཀྱི་སྐྱེ་ཕྲེང་གསོལ་འདེབས་ཙམ་བཅས་པའི་ཆོས་སྤྱོད་མདོར་བསྡུས་སྔོན་དུ་འགྲོ་བའི། མི་ལའི་བླ་སྒྲུབ་ཡེ་ཤེས་དཔལ་འབར་ཚོགས་མཆོད་བཅས་བཏང་ཞིང་། རྒྱང་འབོད་ཀྱི་གསོལ་འདེབས་བསྙེན་པ་


LT38_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འགྲུབ་བྱ། དེ་ནས་སྔོན་འགྲོ་དང་རླུང་བུམ་ཅན་གཏུམ་མོའི་རྣལ་འབྱོར་ལ་གནས་པས་རས་བུད་བྱས་ཏེ་བཀའ་བརྒྱུད་མགུར་མཚོ་ཁོག་དབུབ་བཅས་བཏང་། ཐོ་རངས་འཁྲུལ་འཁོར་ཚང་བར་རྒྱགས། ཚེས་བཅོ་ལྔ་མངའ་བདག་མར་པའི་སྐུ་མཆོད་ལ་སྔ་དྲོ་ཚོགས་ཐེངས་གཉིས་གསོ་སྦྱོང་ཚོགས་བསགས་རྒྱས་པ་དང་དགྱེས་རྡོར་རྒྱུད་མཆོད། ཕྱི་དྲོ་མར་པའི་བླ་སྒྲུབ་ཕྱི་ནང་གསང་གསུམ་བདག་འཇུག་ཚོགས་འཁོར་བཅས་བཏང་། དེའི་ཉེར་ལྔའི་དུས་མཆོད་སྐབས་རྗེ་བདུད་འདུལ་རྡོ་རྗེའི་དུས་ཆེན་ལ་སྐུ་བསྟོད་གསོལ་འདེབས། དབོ་ཟླའི་ཚེས་གཉིས་ཉིན་ཨོ་རྒྱན་གཏེར་བདག་གླིང་པའི་སྐུ་མཆོད་ལ་རིག་འཛིན་ཐུགས་ཐིག་གི་ཚོགས་སྐོང་གསང་སྙིང་རྒྱུད་མཆོད། དེའི་ཉེར་ལྔའི་དུས་མཆོད་འབྲེལ་བར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་སྐུ་མཆོད་ལ་དེ་ཉིད་ཀྱི་སྐུ་བསྟོད་གསོལ་འདེབས་དང་། བདེ་མཆོག་དུས་མཆོད་དཀྱུས་མ་བཞག་ནས་རྒྱུད་བཀླགས་པའི་ཆོ་ག་དང་ལྡན་པས་བདེ་མཆོག་རྒྱུད་མཆོད་ཚོགས་བཅས་བྱ། ཚེས་ཉེར་བརྒྱད་ལ་ཇོ་ནང་རྗེ་བཙུན་ཆེན་པོའི་སྐུ་མཆོད་འབྲེལ་པར་ཚེས་ཉེར་དྲུག་ནས་འགོ་བརྩམས་ཤངས་ལུགས་རྒྱུད་སྡེ་ལྔའི་སྒྲུབ་མཆོད་ཉིན་གསུམ་བྱ། ནག་པ་ཟླ་བའི་ཉ་ལ་རྒྱུད་བཀླག་པའི་ཆོ་ག་དང་ལྡན་པས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་མཆོད་ཚོགས་འཁོར་དང་བཅས་པ་ལ་ཉིན་འཚོགས་གཅིག །ས་ག་ཟླ་བའི་ཡར་ཚེས་ལ་སྒར་བསངས་


LT38_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་གཉིས་ཀའམ་གང་རུང་གི་ལྷ་བསངས་རྒྱགས་བརྔན་རྒྱས་པ། ཟླ་བ་དྲུག་པའི་ཚེས་བཅུ་བཞི་ལ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་དང་། བཅོ་ལྔ་མཉམ་མེད་དྭགས་པོ་ལྷ་རྗེའི་དུས་ཆེན་ཡིན་ཀྱང་བཅོ་ལྔ་ལ་དུས་མཆོད་ཡོད་སྟབས་བཅུ་བཞི་ཉིན་བཀའ་བརྒྱུད་མགུར་མཚོ་དང་འབྲེལ་བའི་ཚོགས་མཆོད། བཅོ་ལྔའི་དུས་མཆོད་དྭགས་པོ་རིན་པོ་ཆེའི་སྐུ་བསྟོད་གསོལ་འདེབས། ཟླ་བ་དགུ་པའི་བཅུ་བཞིར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་མཆོད་ལ་ཤངས་ལུགས་བླ་མཆོད་དང་འབྲེལ་བའི་ཚོགས་འཁོར། བརྒྱུད་པའི་རྣམ་ཐར་གསོལ་འདེབས་བཅས། ཟླ་བ་བཅུ་པའི་ཚེས་དྲུག་ལ་དུས་གསུམ་སངས་རྒྱས་དོལ་པོ་པའི་སྐུ་མཆོད་ལ་ཇོ་ནང་ཡབ་སྲས་རྣམས་ཀྱི་གསོལ་འདེབས་དང་། ཟླ་བ་བཅུ་གཅིག་པའི་མཇུག་ཏུ་མགོན་ཁད་ཕྱི་ཁྱམས་ཀྱི་རྟག་གཏོར་བརྗེ་བ་དང་འབྲེལ་བར་གསོལ་ཀ་འཕར་མ་བཏང་དགོས་པས། དེའང་ཉི་ཤུ་བཞི་ལྔ་སྐོར་གཏོར་མ་གསར་པ་བཅའ། ཉེར་དྲུག་དགོང་མོར་རྒྱུན་གསོལ་དང་འབྲེལ་བར་གཏོར་མ་རྙིང་པ་ཡང་ཐོག་ཏུ་འབུལ། དེ་འཕྲལ་གསར་བ་སླར་བཀོད་ནས་བྱིན་རླབས་བྱ། ཉེར་བདུན་ནས་ཉིན་གསུམ་མམ་ལྔ་ལ། མྱུར་མཛད་ཡེ་ཤེས་མགོན་པོ། བེར་ཅན་ལྕམ་དྲལ་འཁོར་ལྔ་རྗེས་འབྲངས་བཅས་མགོན་ཕྲིན་སོགས་ཀྱི་གཞུང་རྒྱས་པར་བསྲང་བ་དང་། རྙིང་མའི་དངོས་གྲུབ་རོལ་མཚོ། གཏེར་གསར་དགོས་རིགས་ཀྱི་གསོལ་སྐོང་རེ་རེ་ནས་བརྒྱ་རྩ་ཡར་བརྒལ་གྱི་གྲངས་འགྲོ་ངེས་བྱ། ཟླ་བ་བཅུ་གཉིས་པའི་


LT38_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་བཟང་པོའི་སྐུ་མཆོད་སྙིང་ཐིག་བླ་མཆོད་ཚོགས་འཁོར་བཅས། དེའི་ཚེས་ཉེར་བཞི་ལ་གཏོར་མ་བཅའ་བཤམས་གཞུང་ལྡན་སོགས་སྟ་གོན་བྱས་ཏེ། ཉེར་ལྔ་ནས་ཡར་ཚེས་གཉིས་ཀྱི་ནང་མོ་བར་མྱུར་མཛད་ཡེ་ཤེས་མགོན་པོའི་གཏོར་སྒྲུབ་བསྙེན་རྒྱུན་བཅས་ཞག་བདུན་ལ་བྱ་དགོས་པའི་ལག་ལེན་འདོན་འགྲིགས་ཟུར་གསལ་ལྟར་ཆད་ལྷག་ནོར་འཁྲུལ་མེད་པ་དང་། ལས་རྡོར་གྱིས་ཕྱག་ལེན་མ་ནོར་ཞིང་གཙང་སྦྲ་ཤིན་ཏུ་ཐོན་པ་དང་། གཏོར་ཕྱེ་ཆང་ཕུད་འབྲུ་སྣ་དམ་རྫས་སོགས་བླ་བྲང་དང་སྒྲུབ་བཞུགས་རྣམས་མ་གཏོགས་གཞན་སུ་ཡང་མ་འདྲེས་པ་དང་། སྔགས་སྒྲ་ཧ་ཅང་ཆེ་བའི་སྒྲུབ་ཁང་ཕྱི་རོལ་ཏུ་ཐོས་པ་དང་། ཧ་ཅང་དམའ་བའི་དྲུང་ནས་ཀྱང་མི་ཐོས་པ་དང་། འཚོགས་ཐེངས་སོགས་ཀྱི་སྐབས་སུ་རྒྱབ་ནས་བཟླ་བ་དང་། སྔགས་རྒྱུན་མཁན་ཕན་ཚུན་གཏམ་ལབ་པ་དང་། གཉིད་ཡུར་བས་བར་མཚམས་བཅད་པ་ནང་འཐབ་འཁོན་འཛིངས་སོགས་གཏན་ནས་བྱ་མི་རུང་ཞིང་། རྒྱངས་ནས་མི་ཐོས་ཤིང་དྲུང་ནས་ཐོས་ངེས་ཀྱི་སྐད་མཐོ་དམའ་རན་པ་དང་། དལ་བྲེལ་སྙོམས་ལ་ཐོག་མ་ནས་ཁོང་ཀློད་པས་རིམ་གྱིས་ངལ་དུབ་ཏུའང་མི་འགྱུར་བའི་ཛབྲ་དབྱངས་ཚུལ་དུ་བཟླ། ཚེས་གཉིས་ནང་མོ་ཐོར་ཐུན་མཇུག་ཏུ་སྤོས་བསུ་སེར་སྤྲེང་བཅས་ཁང་སྟེང་དུ་གཏོར་མ་བཏེགས་སྐབས་ཐུན་པ་རྣམས་མ་གཏོགས་སྒྲུབ་པོ་གཅིག་ཀྱང་རྒྱབ་ཏུ་མི་འབུད་པར་འདོན་བྱ་རྣམས་


LT38_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ཁང་ནས་བྱ། སླར་རྗེས་ཆོག་གྲུབ་འཕྲལ་ཚང་མ་ལྷ་ཁང་དུ་འཚོགས་ནས་ཚོགས་བསགས་གསོ་སྦྱོང་རྒྱས་པར་བཏང་དགོས་སོ། །ཟླ་རེ་བཞིན་གྱི་དུས་མཆོད་འདོན་བྱའང་ཚེས་བདུན་བྱུང་ངོ་ཅོག་ལ་ཁྱབ་བདག་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་སྐུ་མཆོད་དུ་སྨིན་གླིང་ལུགས་ཀྱི་བཀའ་གཏེར་ཟུང་འཇུག་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་དམིགས་བསལ་ཟླ་ལྔ་པའི་ཚེས་བདུན་ལ་རྣམ་ཐར་གསོལ་འདེབས་རྒྱས་པ་དང་མཆོད་པ་རྒྱས་པ་དགོས། ཚེས་བརྒྱད་ལ་སྒྲོལ་མ་རྣལ་འབྱོར་མའི་སྒྲུབ་མཆོད་དམ་ཇོ་བོ་ལུགས་དང་གཏེར་གསར་རེས་མོས་ཀྱི་སྒྲོལ་མ་མཎྜལ་བཞི་ཆོག །ཚེས་བཅུ་ཐམས་ཅད་ལ་བླ་མ་དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་ཚོགས་སྐོང་བཀའ་སྲུང་གཏོར་འབུལ་བཅས་པ། སྲོལ་གཉིས་རེས་མོས་ཀྱི་བི་མ་ལའི་བླ་སྒྲུབ་ཚོགས་མཆོད་བཅས་དང་། གཏེར་གསར་ཐུགས་སྒྲུབ་པདྨའི་སྙིང་པོའི་རྒྱུད་བཀླག །དམིགས་བསལ་འབུམ་འགྱུར་ཚེས་བཅུ་ལ་དཀོན་མཆོག་སྤྱི་འདུས་ཀྱི་ཚོགས་བརྒྱ། ཟླ་བ་ལྔ་པའི་ཚེས་བཅུ་ལ་ཆོས་དབང་བླ་མ་གསང་འདུས་ཀྱི་ཚོགས། རྩ་གསུམ་སྤྱི་སྐོང་བཅས་བཏང་། ཚེས་བཅོ་ལྔ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་མཆོད་ཆོག །ཉེར་ལྔ་ཤངས་ལུགས་བདེ་མཆོག་ལྷ་ལྔའི་སྒྲུབ་མཆོད་དང་མཁའ་སྤྱོད་དཀར་དམར་རེས་མོས་ཀྱི་མཆོད་ཆོག །ཉེར་དགུར་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་གཞུང་ཟུར་འདེབས་སྦྱར་བའི་ཚོགས་ཐེངས་གཅིག །བེར་ཅན་མཚལ་མ་


LT38_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་སྐོང་བཅས་འཚོགས་ཐེངས་གཅིག །དམ་ཅན་སྤྱི་གཏོར་ལ་གཏེར་གསར་མྱུར་མཛད་ཡེ་ཤེས་མགོན་པོ། སྔགས་སྲུང་མ། སྲིད་རྒྱལ་མ། དུར་ཁྲོད་མ་མོ། ཚེ་རིང་མ་རྣམས་སྦྱར་བ་དང་རྒྱུན་གྱི་སྲུང་ཟློག་ཆགས་མེད་རིགས་བཅས་འཚོགས་ཐེངས་གསུམ་བྱ། གནམ་གང་ལ་དཔལ་ཆེན་ཡང་དག་ལྷ་དགུའི་སྒྲུབ་མཆོད། སེམས་སྡེའི་ཀུན་བཟང་དོན་ཕྲིན། རྒྱུད་བཀླག་པའི་ཆོ་ག་དང་ལྡན་པས་སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་བཀླགས་ཤིང་རྒྱུད་གཏོར་འབུལ། སྟོན་དགུན་གྱི་ཟླ་བ་དྲུག་པོར་ཉི་མ་ཐུང་བས་གསང་སྙིང་འདོན་ལོང་མེད་ན། ཀློག་ཐབས་དང་ལྡན་པས་འཇམ་དཔལ་མཚན་བརྗོད་ཚར་རེ་བཀླགས་པར་བྱ་དགོས། དེ་ནས་དགུ་གསོལ་མ་གཏོགས་པའི་དུས་མཚོད་ཐམས་ཅད་འཚོགས་ཐེངས་གཉིས་རེ་ཡིན་ཅིང་། ཚེས་བཅུ་དང་མཎྜལ་བཞི་ཆོག་སྔ་དྲོ། སྒྲུབ་མཆོད་རིགས་གཞན་ཐམས་ཅད་ཕྱི་དྲོ་ལ་འཚོགས། སྨོན་ལམ་རིགས་ཟླ་བ་གཅིག་གི་ཁོངས་སུ་ཆ་བསྒོ་ནས་རྫོགས་པར་བྱ་དགོས། དེའང་ཚེས་བདུན་ལ་ཚིག་བདུན་གསོལ་འདེབས་ཆོས་དབང་ལུགས། སྨིན་གཏེར་རྣམ་ཐར་གསོལ་འདེབས། རྗེའི་གསོལ་འདེབས་པདྨའི་ལུང་ཟིན་འཕྲོས་རྡོར་སེམས་བརྒྱུད་འདེབས་ལ་འཇུག་ཅིང་བདག་མདུན་བུམ་སྒྲུབ་སྐོང་ཆོག་བདག་འཇུག་ཚོགས་འཁོར་ཆ་གསུམ་བཅས་ཚང་བར་བཏང་། བཀའ་སྲུང་གཏོར་འབུལ་དང་དགོང་མོར་མགོན་ཁང་ནས་ཡོད་སྟབས་འདིར་མི་དགོས། མཐར་བཟང་པོ་


LT38_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། བྱམས་པའི་སྨོན་ལམ་གདབ། ཚེས་བརྒྱད་ལ་གནས་བརྟན་ཕྱག་མཆོད། རྗེའི་གསོལ་འདེབས་རྒྱལ་བ་ཡོངས་ཀྱི་འཕྲོས་མཎྜལ་ཆོ་ག་དངོས་ཚང་བར་བཏང་བའི་མཐར་སྤྱོད་འཇུག་སྨོན་ལམ་གདབ། ཚེས་བཅུར་ཚིག་བདུན་གསོལ་འདེབས་བདེ་གླིང་ལུགས། པདྨས་ལུང་ཟིན་ནས་བརྒྱུད་འདེབས་དུས་གསུམ་སངས་རྒྱས་ལ་འཇུག་ཅིང་། བཀའ་སྲུང་གཏོར་འབུལ་སྐོང་བ་བཅས་ཆགས་མེད་ཞབས་ཀྱིས་མཛད་པ་སྦྱར། པད་སྙིང་རྒྱུད་དང་བི་མ་ལའི་བླ་སྒྲུབ་གྲུབ་ནས་བདེ་སྨོན་ཤེས་བྱ་མ་བཏོན། ཚེས་བཅོ་ལྔར་ཀུན་མཁྱེན་རྔོ་ནང་པ་ཡབ་སྲས་ཀྱི་གསོལ་འདེབས་བསྡུས་པ། རྒྱལ་བའི་མདུན་ན། ཀུན་མཁྱེན་ཆོས་རྗེ། བདེ་ཆེན་ཟབ་གསལ། རྒྱལ་བ་ཡོངས་ཀྱི་བཅས་སོང་ནས་ནང་མཆོད་བྱིན་རླབས་ནས་བརྩམས། མཆོད་ཆོག་དང་ལྷ་དགུའི་སྒྲུབ་ཐབས་ལྟོ་སྦྱར་བའི་སྒྲུབ་མཆོད་གཏོར་འབུལ་ཚོགས་འཁོར་བཅས་རྒྱས་པར་གྲུབ་ནས་དོལ་པོའི་བདེ་སྨོན། ན་མོ་ལོ་ཀེ་ཤྭ་རཱ་སོགས་སྦྱར། ཉེར་ལྔར་ཛེ་ནང་རྗེ་བཙུན་ཆེན་པོའི་རྣམ་ཐར་གསོལ་འདེབས་ཞལ་གསུང་མ་དང་ཁ་སྐོང་། པདྨས་ལུང་ཟིན་བཅས་ཀྱི་འཕྲོས་སུ་བདེ་མཆོག་སྒྲུབ་མཆོད་བདག་འཇུག་ཚོགས་འཁོར་སོགས་རྒྱས་པར་བྱ་ཞིང་། མཁའ་སྤྱོད་དཀར་དམར་ལ་ཚོགས་བཀྱེབ་མ་གྲུབ་ན་ཚོགས་མཆོད་ཙམ་བྱས་ནས་མཐར་ཕྱག་ཆེན་སྨོན་ལམ་གདབ། གནམ་གང་ལ་ཚིག་བདུན་གསོལ་འདེབས་ཆོས་དབང་ལུགས། སྨིན་གཏེར་སྐྱེས་རབས་གསོལ་འདེབས། རྒྱལ་བ་ཡོངས་ཀྱི་འཕྲོས་


LT38_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བརྒྱུད་འདེབས་ནས་བརྩམས་བཟླས་པ་ཚོགས་འཁོར་རྒྱས་པར་བྱ། རྒྱུད་བཀླགས་པ་དང་ཀུན་བཟང་དོན་ཕྲིན་མཐར་བྱང་གཏེར་ཀུན་བཟང་སྨོན་ལམ་གདབ་བོ། །ཟླ་བ་ཡར་མར་ངོ་གཉིས་ལ་སོ་ཐར་གསོ་སྦྱོང་མདོ་བཀླག་པ་བཅས་མ་ཆགས་པར་འདིར་བཞུགས་དགེ་སློང་ཐམས་ཅད་གདིང་ཆོས་བཅས་འདུས་པ་དང་། གཎྜི་བརྡུང་བ་ནས་བསྔོ་སྨོན་རྫོགས་ཀྱི་བར་གང་དྲན་བྱུང་རྒྱལ་གཏན་ནས་མི་བྱ་བར་ཀུན་སྤྱོད་ཚུལ་ལྡན་གྱིས་བསྒྲུབ་དགོས་སོ། །གསུམ་པ་ཉིན་རེ་བཞིན་ཐུན་བཞིའི་རྣལ་འབྱོར་ཁྲིགས་ཆགས་སུ་བྱ་དགོས་པ་ནི། སྔོན་འགྲོ། ཤངས་ཆོས། སྦྱོར་དྲུག །རྫོགས་ཆེན་བཞི་པོ་སོ་སོའི་ཉམས་ལེན་གྱི་སྐབས་དང་བསྟུན། མཉམ་བཞག་ཏིང་འཛིན་དང་། རྗེས་ཐོབ་ལྡང་ཉལ་སོགས་སྤྱོད་ལམ་རྣམ་པ་བཞིར་ལམ་ཁྱེར་གྱི་དྲན་ཤེས་བརྟེན་ཏེ་ཐུན་བཞིའི་རྣལ་འབྱོར་སྲང་དུ་གཞུག་དགོས་ཤིང་། དེའི་ཚུལ་ནི་ཁྲིད་ཡིག་སོ་སོར་གསལ་བ་ལྟར་ལ། སྤྱིར་བཏང་རང་རེ་ཐམས་ཅད་སྔགས་བླ་མེད་ཀྱི་རྣལ་འབྱོར་པ་ཡིན་པའི་རྩིས་དགོས་པ་དང་། བོད་འབངས་སྤྱི་དང་ལྷག་པར་ཀར་རྙིང་གི་རྗེས་འཇུག་ཐམས་ཅད་ཀྱི་འདི་ཕྱིའི་རེ་བའི་ཕུག་སྙིགས་འགྲོའི་སྐྱབས་གཅིག་སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཡིན་པ་གཞིར་བྱས་ནས། ཐོ་རངས་ལྡང་བྱའི་རྣལ་འབྱོར་བསྐྱེད་རྫོགས་སྐབས་བསྟུན་གྱིས་ལྡངས་ཏེ་རླུང་རོ་ལན་གསུམ་བསལ། ལུས་གནད་བསྲང་ལ་མི་རྟོག་པའི་ངང་ལ་ཅི་གནས་སུ་བཞག་སྟེ་ཤེས་


LT38_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣལ་དུ་དབབ། རྩ་བའི་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་བདུད་རྩི་མྱོང་། དེ་ནས་བདུད་རྩི་རིལ་བུ་དང་ཆོས་སྨན་སོགས་ཡོད་ན་ལྕེ་ལ་བཞག་ཀྱང་ཆོག་ཅིང་། མེད་ན་དེ་དག་གི་ཕབ་རྒྱུན་བཏབ་པའི་བདུད་རྩི་ཀ་པཱ་ལ་ཉེ་ལོགས་སུ་བཞག་ལ་བྱིན་རླབས་ཁ་གསོས་རྒྱས་བསྡུས་གང་རུང་ངམ། མི་འགྲུབ་ན་ཨོཾ་ཨཱཿཧཱུྃ་ཧོཿལན་གསུམ་གྱིས་དམ་ཡེ་གཉིས་མེད་ཀྱི་བདུད་རྩིར་མོས་ལ་གཡོན་པའི་མཐེབ་སྲིན་གྱིས་མྱོང་། དེ་ནས་ཤེས་ཤིང་སྤྲོ་ན་བླ་མ་དགོངས་པ་འདུས་པའི་བཟླས་བརྗོད་ནུས་པ་སྟོབས་བསྐྱེད་དམ། མི་ནུས་ན་གར་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒོམ་དོན་དང་འབྲེལ་བར་དབྱངས་གསལ་ལན་གསུམ་སོགས་ཀྱིས་ངག་བྱིན་གྱིས་བརླབ། །སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་རྟེན་བསྐྱེད་སྔོན་དུ་འགྲོ་བས་གསོལ་འདེབས་ལེའུ་བདུན་མ་ལས། བླ་མ་སྐུ་གསུམ་དང་། ཉི་མ་ལྷོ་ནུབ་མ་སྐད་གཟེངས་བསྟོད་དེ་བཏོན་ལ། བཞེངས་ཤིག་པདྨ་ལ་ཌ*ཌཱ་དྲི*་ཀྱང་བཀྲོལ་མཐར་དབང་ལེན་ཞུ་བསྟིམ་བྱ་བ་ནི་རྟེན་བསྐྱེད་དང་འབྲེལ་བའི་གསོལ་འདེབས་ཐམས་ཅད་ལ་འགྲེ། རྟེན་བསྐྱེད་འདི་སྨིན་གཏེར་ཐོག་མ་རིག་འཛིན་ཐུགས་ཐིག་གི་དགོངས་དོན་བསྒྲིལ་བ་ཡིན་པ་དང་། ཁྲིད་རྒྱུན་བར་མ་ཆད་ཡོད་པས་སྒྲུབ་པ་ལ་ཞུགས་མ་ཐག་པའི་སྐབས་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོའི་ཡིག་ཆ་ལྟར་ཁྲིད་ལུང་ཡང་བྱ་དགོས། དེ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཁྱུགས་ཙམ་དང་། རྨི་ལམ་


LT38_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབས་པའི་སྐབས་སོགས་སུ་སྲུང་འཁོར་ཡང་བཟླས་སྒོམ་བྱས་ནས། ཕྱག་ཆེན་སྔོན་འགྲོ། བསྙེན་སྒྲུབ་སྐབས་བདག་བསྐྱེད། རྫོགས་རིམ་གཏུམ་མོ་སོགས་སོ་སོའི་སྐབས་བསྟུན་གྱི་དགེ་སྦྱོར་དངོས་གཞི་ལ་འཇུག །ནམ་ལངས་པར་ཉེ་བ་ན་ཐུན་གྲོལ་ནས་གསང་ཐིག་སྐོར་ལས་རྡོར་སེམས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གྱིས་ཡིག་བརྒྱ་ཉེར་གཅིག །སཏ་ཕྲེང་སྐོར་ཙམ་དང་། བུམ་པ་བཅུད་ལྡན་སྔ་ཚགས་བྱས་པ་ལ་བུམ་བཟླས་གང་འགྲུབ་མཐར་དབང་ལེན་བྱ། གྲུབ་ན་དེ་མཐར་ཚེ་སྒྲུབ་སྒོམ་བཟླས་ཀྱང་སྦྱར། ནམ་ལངས་པ་དང་ཆབ་གཏོར་འབྲིང་བསྡུས་གང་འགྲུབ་བཏང་། འདིའང་དགོང་མོ་ནས་བཤམས་པ་དང་། འབགས་བཙོགས་ཀྱིས་གོས་པ་སོགས་སླ་ཆོས་གང་བྱུང་བྱས་ན་ཕན་ཡོན་ལས་ཉེས་དམིགས་ཆེ་བས། དམིགས་རིམ་ཕྱག་ལེན་ལེགས་པར་བསླབ་ལ་ཚུལ་བཞིན་བྱ་དགོས། ཐུན་གྲོལ་འཕྲལ་དཔལ་ཆེན་ལྷ་ཁང་དུ་འཚོགས་ཏེ་ཚིག་བདུན་གསོལ་འདེབས། སྤྲོས་བྲལ་བདེ་ཆེན་མ་དང་ཕྱག་འཚལ་ཉེར་གཅིག །བླ་མ་སངས་རྒྱས་རྗེས་དྲན་གྱི་ཞར་བྱུང་ངེས་དོན་སྙིང་པོའི་ལྟ་བ་བསྐྱང་བ་དང་། ཕུང་པོ་གསུམ་པའི་མདོ་དང་བླ་མ་རྡོར་འཛིན་མས་ཉིན་ཞག་གཅིག་གི་ཉེས་བྱས་རྣམས་བཤགས་ཤིང་། ཞི་གནས་གསོ་སྦྱོང་། བྱང་སྡོམ་ལེན་པ། སྔགས་ཀྱི་སྡོམ་བཟུང་རྣམས་ཀྱི་ཞར་བྱུང་ཚོགས་བསགས་སྙིང་པོ་བསྡུས་པ་ཐར་པའི་ཐེམ་སྐས་གཤམ་གྱི་ཟིན་ལྟར་བྱ། དེ་ནས་ཞོག་


LT38_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་ཐོག་མ་བསྟན་པ་རྒྱ་མཚོའི་རྩ་བ་ལ་མི་བྱ་བའི་དམ་བཅའ་བསྒྱུར་ཏེ་ཚིག་རྗེས་སུ་དོན་དྲན་པར་བྱས་ལ་དགེ་སྦྱོར་དངོས་གཞི་སོ་སོའི་སྐབས་བསྟུན་བྱ། ཉིན་གུང་དཀོན་མཆོག་རྗེས་དྲན་སྔོན་དུ་འགྲོ་བའི་གཙང་སྦྲ་ཐོན་པས་ཕུད་དང་འཕྲོག་མའི་ཆང་བུ་བཞག །གུང་ཚིགས་ལ་ཟས་ཀྱི་རྣལ་འབྱོར་གྲོལ་ཏིག་དང་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་གསུང་ཟུང་འབྲེལ་བས་ནང་གི་ཚེགས་འཁོར་གྱི་ལོངས་སྤྱོད་མཐར་ལྷག་མའི་ཆངས་བུ་བསྔོས་ཏེ་ཡོན་སྦྱོང་བའི་གཟུངས་དང་མདོ་བསྔོ་བྱས་ལ་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་བར་ཆད་ལམ་སེལ་བཏང་། གཞན་ཡང་འཇམ་དཔལ་མཚན་བརྗོད་དང་ཤེར་ཕྱིན་སྡུད་པ་སོགས་མདོ་རྒྱུད་ཟབ་མོ་བཀླག་པའམ། བསྙེན་སྒྲུབས་ཀྱི་སྐབས་རྣམས་སུ་གྲངས་ལ་མི་བརྩི་བའི་སྔགས་བཟླས་ཤུབ་བུ་མི་འཆད་པར་བྱ། ཕྱི་ཐུན་གྱི་ཐོག་མར་གསང་ཐིག་ཡང་དག་ཕྱག་རྒྱ་གཅིག་པའི་སྒོམ་བཟླས་ཁྱུགས་ཙམ་དང་གཏོར་འབུལ་དབང་ལེན་བཅས་བྱ་ཞིང་ཐུན་གང་ཡིན་ལ་འཇུག །ཐུན་གྲོལ་འཕྲལ་མགོན་ཁང་བསིལ་བ་ཚལ་དུ་རྔ་བརྡ་དང་བསྟུན་ནས་འཚོགས་ཏེ། ཚིག་བདུན་ཐུང་བ། བདེ་ཆེན་ཟབ་གསལ། གདོད་ནས་རྣམ་དག །དུས་གསུམ་རྒྱལ་ཀུན་རྣམས་སྔོན་དུ་འགྲོ་བས་ཤངས་ལུགས་རྒྱུད་སྡེ་ལྔ་ལུས་དཀྱིལ་གྱི་བདག་བསྐྱེད་ལ་གཙོ་བོ་བརྒྱ་རྩ་བརྒྱད་གཞན་རྣམས་ལྔ་བཅུ་རེ་ཙམ་གྱི་བཟླས་པ་བསྡུ་ལྡངས་ནས་གཏོར་འབུལ་བཅས་གྲུབ་ནས། མྱུར་


LT38_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་ཕྲིན་ལས་གཏེར་མཛོད་ལ་བསྐྱེད་ཆོག་བསྡུས་པ་ཚིགས་བཅད་མ་སྦྱར་བ་དང་། བླ་མགོན་དབྱེར་མེད། དམ་ཚིག་གྲིབ་སེལ། མཁའ་འགྲོ་དབང་སྡུད་རྣམས་དང་བཅས་པའི་བསྙེན་བཟླས་གཏོར་འབུལ་བྱ། དེའང་གྲིབ་སེལ་ཡིག་བརྒྱ་ཉེར་གཅིག །གཞན་རྣམས་བརྒྱ་རྩ་བརྒྱད་རེ་འགྲོ་ངེས་བཟླ། དེ་ནས་རྡོ་རྗེ་བར་ཅན་ལྕམ་དྲལ་བདག་སྒོམ་བཟླས་པ་བརྒྱ་རྩ་འཁོར་ལྔ་སོགས་ཀྱི་གཏོར་འབུལ་སྔགས་བསྔོས་དང་བཅས་པ་རྗེ་བཅུ་བཞི་པའི་གསུང་ལྟར་བྱ། དེ་ནས་སྨིན་ལུགས་དམ་ཅན་སྤྱི་གཏོར་གྱི་ཁོངས་སུ་སྔགས་སྲུང་མ་དང་དུར་ཁྲོད་མ་མོའི་ཕྲིན་ལས་སྐོང་བ་དང་བཅས་པ་སྦྱར་ཏེ་གཏོར་འབུལ་གྲུབ་ནས། ཆོས་སྒྲུབ་པའི་བར་ཆད་སྤྱི་དང་བྱེ་བྲག་པ་ཐམས་ཅད་ཟློག་པའི་ཆེད་དུ། ཤེར་སྙིང་བདུད་ཟློག །སེང་གདོང་མ། ཡང་ཟློག །ལོ་ཀྟྲི་རྣམས་ཀྱི་སྒོམ་བཟླས་མདོར་བསྡུས་དང་འབྲེལ་པའི་ཐལ་རྡེབ། སྲི་ཟློག་འཁོར་ལོ་འབར་བ་གཏེར་གཞུང་དང་སྔགས་བདུན་ཙམ་དུས་མིན་འཆི་ཟློག་གསོལ་འདེབས། འཇམ་མགོན་བླ་མ་པདྨ་གར་དབང་གི་ཞབས་བརྟན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པ་འཇིག་རྟེན་གསུམ་མགོན་མ་ཆགས་མེད་དགོས། རྒྱབ་ཆོས་ཐེམས་མེད་ནས་འབྱུང་བའི་བསྔོ་སྨོན་གྱི་རྒྱས་གདབ། དགོང་ཐུན་གྱི་ཐོག་མར་མེ་བསུར་མདོར་བསྡུས་ཙམ་དང་། རྟེན་བསྐྱེད་བཅས་ལྷོ་ནུབ་རྔ་ཡབ་མའི་གསོལ་


LT38_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་དབང་ལེན་ཞུ་བསྟིམས་བྱས་ཏེ་དངོས་གཞི་སོ་སོའི་ཐུན་བཟུང་། སྲོད་ལ་ཐུན་གྲོལ་བ་ན་གསང་ཐིག་རྡོ་རྗེ་ཕུར་པའི་སྒོམ་བཟླས་གཏོར་འབུལ་གྲུབ་ན་དབང་ལེན་ཀྱང་བྱ། དབང་ལེན་གསུམ་པོ་བྲེལ་བ་ཆེ་བའི་སྐབས་ལྟ་བུར་མ་འགྲུབ་ནའང་སྒོམ་བཟླས་ནི་ཆག་ཏུ་མི་རུང་། རྟེན་བསྐྱེད་སྔོན་དུ་འགྲོ་བའི་གསོལ་འདེབས་སངས་རྒྱས་བསྟན་པ་དང་ནུབ་ཕྱོགས་བདེ་ཆེན་མ་བཏང་ལ་དབང་ལེན་ཞུ་བསྟིམས་མཐར་ལུས་མཆོད་སྦྱིན་མདོར་བསྡུས་བྱ། སྔ་ཕྱི་ནམ་བདེར་བསྟན་པ་རྒྱ་མཚོའི་རྩ་ཚིག་བཤགས་ཚིག་སུ་བསྒྱུར་བ་དང་ལྟུང་བཤགས་སོགས་བཏོན་ལ་སྦྱོར་དྲུག་སོར་བསམ་དང་རྫོགས་ཆེན་འོད་གསལ་དངོས་གཞིའི་སྐབས་མིན་པའི་གཞན་རྣམས་སུ་ཕྱག་ཀྱང་ཅི་འགྲུབ་འཚལ། སྤྱི་ལ་འོད་དཔག་མེད་ཀྱི་ཉལ་འཕོ་དང་ཆོས་དྲུག་ཕྱག་རྫོགས་སོ་སོའི་སྐབས་སྦྱར་ཉལ་བའི་རྣལ་འབྱོར་གྱི་གཉིད་ཀྱང་ཐ་མལ་དུ་མ་ཤོར་བར་ལམ་དུ་བསྐྱུར། སླར་ཐོ་རངས་ལྡང་བའི་རྣལ་འབྱོར་ལ་འཇུག་པ་སོགས་ཉིན་གཅིག་བཞིན་ཐང་ལྷོད་ཆགས་འཁྲི་མ་སོང་བར་བསྟར་ཆགས་སུ་འབད་དགོས། གཏུམ་མོ་ལ་འཇུག་ནས་བཟུང་སྒྲུབ་པ་ནམ་གྲོལ་གྱི་བར་དུ་དུས་མཆོད་རྣམས་དང་། འདོན་བྱ་འཕར་མ། འོད་གསལ་སོར་བསམ། ཐོད་རྒལ་རྣམས་སྦྱངས་པའི་སྐབས་མ་ཡིན་པར་དུས་རྒྱུན་ཏུ་འཕྲུལ་འཁོར་ཡང་ནཱ་རོ་དང་ནི་གུ་རེས་མོས་ཀྱིས་རྒྱགས་དགོས། སྦྱོར་


LT38_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་འཕྲུལ་འཁོར་ནི་རྐང་གྲངས་མང་བ་དང་ཡུན་ཐུང་བས་ལེགས་པར་རྐང་ཟིན་པ་མི་འོང་སྟབས་རེ་ཞིག་བཏང་སྙོམས་སུ་བཞག་པའོ། །བཞི་པ་མགོན་ཁང་སྒྲུབ་པ་པོའི་ཉམས་ལེན་དང་འདོན་བྱའི་སྐོར་ནི། དང་པོ་ལོ་གཉིས་ལ་ཨོ་རྒྱན་ལས་འཕྲོ་གླིང་པའི་ཟབ་ཆོས་བླ་མ་དཀོན་མཆོག་སྤྱི་འདུས་ཀྱི་བསྐྱེད་རྫོགས་མཐར་ཕྱིན་པ་དགོས་ཏེ། ཐོག་མར་བྱིན་རླབས་བླ་མའི་རྣལ་འབྱོར་ཞག་གསུམ་ཙམ། ཐུན་མོངས་སྔོན་འགྲོ་བཞི་སྦྱོར་སངས་གླིང་ཡང་དེ་ལྟར་ཞག་གསུམ་རེ་སྦྱང་། དེ་ཁྲིད་ཆེན་གུ་རུའི་དགོངས་རྒྱན་ལྟར་སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་ཆུང་བ་བཅས་འབུམ་ཕྲག་རེ་རེ་ཟླ་བ་ལྔའི་ཁོངས་སུ་འགྲོ་བར་བྱ། དེ་ལ་བསྙེན་ཡིག་པདྨའི་ཞལ་ལུང་དང་སྤྲགས་ཏེ་ཚིག་བདུན་གསོལ་འདེབས། དེ་འབྲེལ་བཛྲ་གུ་རུའི་བཟླས་པ་འབུམ་ཕྲག་རེ། ཕྱི་སྒྲུབ་ཐོད་ཕྲེང་རྩལ་འབུམ་ཕྲག་གསུམ་མམ་བཞི། དངོས་གཞི་ནང་སྒྲུབ་ཟླ་བ་གསུམ་ལ་འབུམ་ཕྲག་བཅུ་གཉིས་ཡན་ཆད་གང་འགྲུབ། གསང་སྒྲུབ་དྲག་པོ་འབུམ་ཕྲག་བཞི། ཡང་གསང་སེང་གདོང་མ་འབུམ་ཕྲག་གསུམ། ཕྲིན་ལས་བཞི་སྒྲུབ་སོ་སོར་ཞག་གསུམ་རེ་ཙམ། ཚེ་སྒྲུབ་བདུན་གསུམ་མམ་ཟླ་གཅིག་ལོངས་སྐབས་དང་སྦྱར་ལ། ཁ་སྐོང་སྦྱིན་སྲེག་ཞི་བཟླས་ཀྱི་བཅུ་ཆ་བཅས་འགྲུབ་པར་བྱས་ནས། བསྐྱེད་རིམ་རྗེས་འབྲེལ་


LT38_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་དང་ཨ་ཏིའི་རྣལ་འབྱོར་ཞག་གྲངས་ཉུང་ཙམ་རེ། དེ་ནས་རྫོགས་རིམ་ཁྲིད་ཡིག་ཁམས་གསུམ་ཡོངས་གྲོལ་ལྟར་ཁྲིད་རྐང་སོ་སོར་ལོ་གཅིག་གི་ཞག་གྲངས་ཆ་བགོས་ནས་སོ་སོར་རྟགས་ཐོན་ཏུ་སྦྱང་། དེའང་མ་ཧཱ་ཡོ་གའི་བསྐྱེད་རིམ་དང་འབྲེལ་བ་དང་། ཨ་ནུ་ཡོ་གའི་རྩ་རླུང་དང་འབྲེལ་བ་རྣམས་ཞག་གྲངས་ཉུང་ངུར་ཅི་རིགས་སྦྱང་བས་ཆོག་ཅིང་། ཨ་ཏི་རྫོགས་ཆེན་སྔོན་འགྲོ་ཐུན་མིན་རྣམས་དང་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཟླ་གྲངས་ཁ་ཤས་ལ་མྱོང་བའི་སྣེ་ཟིན་ཏུ་སྒོམ་དགོས་ཤིང་། མཐར་འཕོ་བའང་རྟགས་ཐོན་ཏུ་སྦྱང་། དེ་དག་སོ་སོའི་ཁྲིད་ཡིག་ཆ་ལག་གཞུང་བོད་བཅས་པའི་བཀླག་ལུང་དངོས་གཞིའི་ཐོག་མར་བྱིན་རླབས་དབང་བསྐུར་ཞི་དྲག་སེང་གསུམ་ཚེ་དབང་བཀའ་གཏད་བཅས་ནོད་དགོས། ལོ་ཕྱི་མ་ཙམ་དུ་དབང་ལུང་ཁྲིད་ཀ་ལེགས་པར་ནོས་ཏེ་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་གཞི་བྱས། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་བསྙེན་ཡིག་ཆེན་མོས་ཁོག་དབུབ། གསལ་བྱེད་ཏིལ་མར་སྒྲོན་མེར་བཤད་ཚོད་ལག་ལེན་ཏུ་བསྟར་ནས་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་བསྙེན་པ། ཞི་བར་བསྙེན་པ་བདུན་ཕྲག་གཉིས་ཙམ། ཁྲོ་བོར་སྒྲུབ་པ་ཟླ་བ་དྲུག་པ་ཕན་ཆོད་ལོ་གཅིག་ཚུན་གང་འགྲུབ་ལོངས་ཁྱབ་དང་བསྟུན། མཐར་ཁ་སྐོང་ཞི་བའི་སྲེགས་བླུགས་ཀྱང་བྱ། མགོན་བླ་སྒྲུབ་བར་དུ་སྡོད་


LT38_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་གཏེར་གསར་ཚེ་བདག་བསྙེན་མཚམས་ཟླ་བ་གསུམ་ཡན་ཞི་དྲག་སོ་སོའི་བསྙེན་ཚད་འཁྱོལ་བ་དང་། ད་རུང་འགྲུབ་ན་ཕུར་པ་དང་རྟ་མགྲིན་ནག་པོའི་བསྙེན་ཚད་ཀྱང་འགྲུབ་པར་བྱའོ། །ལོ་མཆོད་དང་ཟླ་དུས་ཀྱི་མཆོད་པའི་འདོན་བྱའི་རིགས་རྣམས་སྒྲུབ་པ་སྤྱིའི་གྲལ་དུ་ཞུགས་དགོས་པ་དང་། ཉིན་བཞིན་རྒྱུན་གྱི་འདོན་སྒོམ་ཐམས་ཅད་ཀྱང་གོང་སྨོས་སྒྲུབ་པ་སྤྱི་རྣམས་དང་ཁྱད་པར་མེད་པ་མ་ཆད་པར་བྱ་དགོས་ལ། ཁྱད་པར་ལྷག་པོར་བྱ་རྒྱུ་ཐོར་ཐུན་སྒྲོལ་དཀར་བཟླས་སྒོམ་གྱི་རྗེས་སུ་བླ་མ་དཀོན་མཆོག་སྤྱི་འདུས་ཞི་བའི་ལས་བྱང་བཟླས་པ་ཚེ་སྒྲུབ་ལྕགས་ཀྱི་རི་བོ་བཅས། ནམ་ལངས་རི་བོ་བསང་མཆོད་དང་དགེ་ལེགས་སྤྲིན་ཕུང་ལྟ་བུའི་ལྷ་བསང་ཉུང་ངུ། གུང་ཐུན་མཇུག་ཏུ་གཏེར་གསར་ཕྱག་དྲུག་པའི་ཕྲིན་ལས་བཟླས་པ་གསོལ་སྐོང་བཅས། སེར་པོ་སྐོར་གསུམ་དང་ལྷ་མོ་དཔལ་གྱི་གཏོར་འབུལ། གཏེར་གསར་ཚེ་རིང་མའི་ལས་བྱང་བཟླས་པ་གཏོར་འབུལ་སྐོང་བ་རྣམས་བྱ་ཞིང་། སངས་རྒྱས་བསྟན་སྲུང་སོགས་ཀྱིས་མཇུག་བསྡུ། སྲོད་ཐུན་མཇུག་ཏུ་དྲག་སེང་དང་ཕྲིན་ལས་བཟླས་པ། སྤྱི་འདུས་ཚོགས་སྐོང་ཆགས་མེད་དུ་བྱ། ཚེས་བཅོ་ལྔ་གཏེར་གསར་རྣམ་སྲས། ཉེར་བརྒྱད་ལ་མ་མོ་མངོན་རྫོགས་རྒྱལ་པོའི་ཕྲིན་ལས་བཟླས་པ་གཏོར་འབུལ་རྣམས་ཀྱང་བྱ་དགོས། ལོ་རེ་བཞིན་ཟླ་བ་བཞི་པའི་ནང་ཀླུ་ཐེབས་དང་བསྟུན་མགོན་བླ་དང་ཞབས་བརྟན་


LT38_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་བླ་གཉིས་པོ་རེས་མོས་ཀྱིས་ཉིན་གཉིས་ལ་ཀླུ་རྟེན་རྩར་ཀླུ་ཆོག་གདེངས་ཅན་འདོད་འཇོ་དང་། གནམ་ཆོས་ཀླུ་ཆེན་བརྒྱད་མཆོད། ཆགས་མེད་གསུང་ཡུལ་གྱི་ཆུ་མིག་ཀླུ་མཆོད། ཀླུ་བསངས་དང་ཀླུའི་སྤང་སྐོང་། ཀླུ་གཏོར་རིགས་གྲངས་གསོག་བྱ། ཟླ་བ་ལྔ་པའི་ཡར་ཚེས་བཅུ་དང་བཅུ་གཅིག་གཏེར་ཆེན་རིན་པོ་ཆེས་སྒྲུབ་གནས་ཀྱི་གཡས་རོལ་ནས་ཟབ་གཏེར་སྤྱན་དྲངས་པའི་དུས་མཆོད་ལ་མ་གོན་བླ་གཞིར་བྱས། ཞབས་བརྟན་སྒྲུབ་བླ་གཉིས་རེས་མོས་བྱོན་ཏེ་སློབ་དཔོན་རྣམ་གསུམ་གྱི་སྒྲུབ་ཕུག་གསུམ། མཚོ་རྒྱལ་བཻ་རོ་ནམ་སྙིང་བཅས་པའི་སྒྲུབ་ཕུག་དྲུག་ལ་གཏེར་གསར་ཐུགས་སྒྲུབ་རྣམ་གཉིས། བི་མའི་བླ་སྒྲུབ། ཤེལ་ཕུག་བཀའ་བརྒྱད་རྫོང་འཕྲང་མ། ཡང་དག་ནམ་མཛོད་མ་སོགས་ཀྱི་ཕྲིན་ལས་དང་འབྲེལ་བར་ཚོགས་བརྒྱ་གཉིས་གསུམ་གང་འགྲུབ་ཉིན་གཉིས་སུ་བསྒྲུབ་དགོས་པའི་མཆོད་ཆས་གསོལ་ཆས་སོགས་བླ་བྲང་ནས་གསར་དུ་དགོས་རྒྱུ་དང་། ཀླུ་མཆོད་ལ་གྲོགས་དན་སྒྲུབ་གཉེར་ནས་ཐེངས་དགོས། ཚོགས་བརྒྱ་ཉིན་གཉིས་ལ་ཞབས་འདེགས་པ་དགོན་ནས་བཏང་འོང་དགོས་པ་ཡིན་ནོ། །ལྔ་པ་སྤྱིའི་ཀུན་སྤྱོད་བླང་དོར་གྱི་བཅའ་ཁྲིམས་ནི། རྡོར་སློབ་ནས་སྒྲུབ་ཁང་འདིར་མཁོ་ཚད་ཀྱི་དབང་བསྐུར། ཁྲིད་ལུང་། འདོན་འགྲིགས། བཤམས་བཀོད། དབྱངས་རོལ་སོགས་འཆད་སྤེལ་བསླབ་སྟོན་


LT38_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཕེར་ངེས་བྱ་བའི་ཐོག་མར་མི་ཤེས་པ་རྣམས་ལ་བསླབ། བར་དུ་མི་རེད་པ་ཐམས་ཅད་བཏང་སྙོམས་སུ་མི་བཞག་ཅིང་ཁོང་ཁྲོ་མི་བསླང་བར་རྒྱུ་མཚན་དལ་བུས་བཤད་ནས་འཕྲལ་འཕྲལ་བཅོས། མཐར་མི་ཉན་པ་ཚབ་ཆེན་བྱུང་ན་མང་ཇ་བརྒྱ་ཕྱག་གིས་མཚོན་པའི་ཆད་པ་འོས་འཚམས་བཅད། ཐམས་ཅད་ལ་ངོ་ཆེ་ཆུང་དང་ཕྱོགས་ལྷུང་གི་མཐོ་དམན་དྲག་ཞན་ཉམ་ཆེ་ཆུང་གི་དབང་དུ་མི་བཏང་བར་གཅིག་དང་འདྲ་བར་བསྐྱང་། ཇ་མར་གྱི་ཕོག་དང་མང་ཇ་སོགས་དགེ་འདུན་གྱི་ཞལ་དུ་ཐེངས་ངེས་ལས་ཆུད་ཟོས་ཕྲན་བུ་ཙམ་མ་སོང་བ་དང་། སྤྱིར་དཀོར་དང་སྒོས་ཀྱི་རྒྱེབ་ཆོག་ཆེ་ཕྲ་ཅི་བྱུང་ཡང་འདི་ཕྱི་ཐུབ་ངེས་ཀྱི་རིན་ཐང་དྲང་པོར་བཅད་པ་དང་། ཐོབ་སྐལ་འདྲ་མཉམ་དུ་བསྒོ། ལོ་གཅིག་གི་ལྷ་ཕོག་ཀྱང་ཟླ་བ་རེ་རེ་བཞིན་ཆ་བསྒོ་ནས་མཆོད་གཡོགས་པའི་ལག་ཏུ་སྤྲད་པ་དང་། མར་མེ་ཚེ་འབར་རྒྱུན་མི་འཆད་པ་དང་། ལྷ་ཁང་གཞན་རྣམས་ཀྱི་ནུབ་དེའི་མཆོད་མེའང་ཐེངས་མ་ཐེངས་བརྟགས། དབྱར་ཁ་ལྷ་ཁང་སྒྲུབ་ཁང་གི་ཐིག་ཚག །དགུན་ཁ་བ་བསྡུ་ཕྱགས། དུས་རྒྱུན་སྒོ་ཕྱི་ནང་ཐལ་བ་བསྡུ་ཕྱགས་རྣམས་ཀྱང་དགོས་ངེས་ཀྱི་སྐབས་དེར་མ་བྱས་མི་ཆོག་པའི་འཕྲལ་འཕྲལ་བཀོད་པ་ཐེངས་དགོས། ལྷ་ཁང་དུ་བྱི་བའི་གནོད་པ་ལའང་དེ་འཕྲལ་ཐབས་ཅི་དྲག་གིས་བཅོས་པ་ལས་བཏང་སྙོམས་སུ་མི་འཇོག་པ་སོགས་གཤམ་གསལ་


LT38_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་དགོས་རྣམས་གཙོ་བོར་གྱུར་པའི་ལྷ་ཁང་འདིའི་རྟེན་དང་བརྟེན་པར་བཅས་པའི་ཚགས་དོན་ཁུར་ལེན་གྱི་གཙོ་བོ་རྡོར་སློབ་བླ་མ་ནས་མཛད་དགོས། བླ་མ་རང་གི་བྱ་བ་ཐོངས་མི་ཐེངས་པའི་ལོ་རེ་བཞིན་གྱི་ཐིགས་པ། བད་ཡང་བཟོ། ཐུག་གསོས། ཁ་སྨྲ་ཞལ་ལྕེ་བྱུང་བ་སོགས་བླ་བྲང་སྐུ་མཆེད་གཉེར་ཆོས་རྣམས་ལ་ཞུ་བསྐུལ་ཐོག་ཐུགས་རྩ་རྗེས་འཛིན་འཕྲལ་མར་གནང་རྒྱུ་ཞྭ་དམར་ནག་ལྷན་རྒྱས་བཀའ་ཐཾ་ཆོས་སྲུང་གཉེར་གཏད་བཅས་འདྲ་གཅིག་འདི་ག་དང་འདྲ་གཅིག་གཉེར་ཚང་དུ་བཞུགས་པ་ལྟར་ལགས། སྒྲུབ་པ་སྤྱི་རྣམས་ཀྱིས་སྣམ་སྦྱར། ཆོས་གོས། མཐང་ཤམ། གདིང་བཅས་མེད་ཐབས་མེད་ཅིང་། འཛོམ་ན་གུང་ཚིག་སྣོད་ལྷུང་བཟེད་ཀྱང་འཆང་པ་དང་། ཨང་རག་དང་སྒོམ་ཐག །འཇོམ་ན་སྒོམ་ཞྭའང་འཚག །གཏུམ་མོ་ལ་སླེབས་ཕྱིན་ཆད་ཤ་འབྱར་གྱི་གོན་པ་གཏན་ནས་གོན་སྲོལ་མེད་པས་ཐོག་མ་ནས་ཕྱིང་འགགས་སོགས་ཚག་བྱ། འདོན་བྱ་རྣམས་ཀྱང་བྱང་འདྲེན་རྡོར་སློབ་བླ་མས་གྲུབ་ན་ལེགས། མ་ལྕོགས་ན་སྐང་འདོན་བཟང་བ་རེ་བཟོ། ཐུན་བརྡ་སྒྲུབ་པ་དུ་ཡོད། མགོན་བླ། ཞབས་བརྟན་མཚམས་པ་གཉིས་བཅས་ནས་རེས་མོས་བསྐོར། མགོན་ཁང་གི་མཆོད་བཤམ། གཏོར་བཅའ། ཕྱི་ནང་ཚགས་དོན་སོགས་མགོན་བླ་ཁོ་ནས་བྱ་དགོས། རྩིས་སྤྲོད་ལོ་


LT38_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗེ་མཚམས་སུ་སྐུ་མཆེད་རེ་དང་འདི་གའི་རྡོར་སློབ་བཅས་ནས་ཞི་བ་ཆ་མཛད་དགོས། ཁང་སྟེང་གི་མཆོད་གཡོག་སྒྲུབ་པ་གཞུང་རྣམས་རེས་སྐོར་གྱི་རྩིས་སྤྲོད་ལེན་སྐབས་རྟེན་གསུམ། མཆོད་ཆ། རོལ་མོ། གཏོར་མ་སོགས་མཆོད་བཤམས། སྒམ་དང་ཤུབས་སོགས་ཕྱི་སྣོད། སྙན་ཤལ་ཚུན་དེབས་ཡིག་ཏུ་ཡོད་ཚད་ཀྱི་ཆེ་ཕྲ་ཐམས་ཅད་རྡོར་སློབ་ནས་ཞིབ་ཤེར་སྤྲོད་ལེན་ཟེར་བརྗོད་མེད་པར་བྱེད་ཐོག །རྩ་བ་ཆེ་ཆུང་དང་རྒྱུ་རྩ་བཟང་ངན་མ་ལྟོས་ཚང་མིན་རེད་ན་དེ་མཚུངས་མཇལ་དགོས་པ་དང་། ཆག་གྲུག་བྱུང་ན་ཡང་བཟོ་ཡང་བཅོས་བྱ་དགོས་པ་དང་། རོལ་མོ་སོགས་བཅགས་ན་རྐང་མཇལ་དགོས། སྒྲུབ་མཆོད་དུས་མཆོད་རྒྱུན་མཆོད་རིགས་ཀྱི་ལྷ་ཕོག་ལག་ཐོག་གང་བྱུང་ཐམས་ཅད་ཕབ་འཕྲི་ཕྲན་བུ་ཙམ་ཡང་མ་སོང་བར་མཆོད་ཆས་སུ་ཐེངས་ངེས་དང་། ལྷ་ཁང་ཕྱི་ནང་གི་ཐལ་བ་བསྡུ་ཕྱགས། བདུན་ཚར་ཐམས་ཅད་ནངས་རེ་བཞིན་ཕྱི་ཞིང་མཆོད་ཆས་གཞན་རྣམས་ཀྱང་སྐབས་སྐབས་སུ་ཕྱི་བརྡར་ལེགས་པར་བྱ་དགོས་ཤིང་། མཆོད་ཆུ་རྙིང་པ་འཐུང་ཆུ་དང་འགྲོ་ལམ་སོགས་མི་གཙང་བའི་གནས་སུ་མི་འདོར་བར་གཙང་སར་འདར་རྒྱུ་བསྐུར། ཞལ་ཟས་རྙིང་པ་ཐམས་ཅད་བསགས་ནས་རྒྱུན་བསང་གི་ཤུག་པ་ཉོ་སྤྱད་སྒྲུབ་གཉེར་ལ་སྤྲད་དགོས། ལོ་རེ་བཞིན་སྒྲུབ་པ་ཚང་མའི་སྤྱི་སོ་ནས་


LT38_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་བག་གཉིས་ཕྱུངས་བའི་གཅིག་གིས་སྒྲུབ་ཁང་ལ་རྒྱེབ་རྒྱུའི་དཀར་རྩི་ཉོ། གཅིག་གིས་ཨ་ལོ་དཔལ་འབྱོར་སྒང་རྒྱབ་ཀྱི་ཤུག་པ་ལྟ་བུ་དྲི་བཟང་ཡོད་ངེས། སྤང་སྤོས་སོགས་དྲི་ལྡན་གྱི་སྤོས་ཉོ་ནས་ཤིན་ཏུ་ཞིབ་པར་བརྡུངས་ནས་ཆང་བཟང་པོར་བསྙལ། ལངས་པ་དང་བསྐམ་ནས་ལྷ་ཁང་མགོན་ཁང་རྣམས་སུ་རྒྱུན་མཆོད་དུས་མཆོད་ལ་བདུག་པའི་འགོ་ལུང་རྡོར་སློབ། ཚག་དོན་སྒྲུབ་གཉེར་ནས་དགོས་པ་དང་། རྒྱུན་གྱི་གཏོར་མཆོད་སོགས་མཆོད་གཡོག་རེས་མོས་གང་ཕོག་དེས་ཐུབ་དགོས་ཤིང་། དམིགས་བསལ་བཅའ་རྒྱུ་ཆེ་རིགས་ཡོད་སྐབས་ལག་བདེ་ཐམས་ཅད་རུབ་དགོས། ཟླ་བཞིའི་དུས་ཆེན་དང་དམིགས་བསལ་དགོས་པ་ཡོད་སྐབས་འཕན་དང་རྒྱལ་མཚན་སོགས་བཤམས་བཀོད་གསར་བ་བྱ་ཞིང་རྙིང་པ་རྣམས་བསྡུ། དུས་ཆེན་ཡོལ་འཕྲལ་གསར་པ་བསྡུ་ཞིང་རྒྱུན་བཤམས་བཀོད་པ་སོགས་འཕྲལ་འཕྲལ་དགོས་རིགས་ཉིན་གུང་བར་ལ་སྒྲུབ་པ་ཚང་མས་བྱ་དགོས། དཀྱིལ་འཁོར་སྒྲུབ་མཆོད་ཀྱི་ཆས་སོགས་སྐབས་ཐོག་གང་མཁོ་ཚུར་ལེན། མཁོ་ཆོད་འཕྲལ་རང་མལ་དུ་བཞག་ལུགས་སོགས་ལག་བྱད་གཙང་བ་ལས་གར་ཐུག་ཏུ་འཕེན་རྒྱངས་བསྐྱུར་བའི་རིགས་བྱ་མི་ཆོག །གཏོར་ཚོགས་འབུལ་བ་སོགས་ལང་འདུག་དགོས་དངོས་གསལ་གྱི་སྐབས་མ་གཏོགས་ནམ་འདོད་དུས་འགྲོ་འདུག་མང་པོ་དང་འདོན་པ་ཆགས་


LT38_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རིགས་གཏན་ནས་མི་བྱེད། །བྱང་འདྲེན་པ་ནས་སྤྱིར་འདོན་པ་ཧ་ཅང་དལ་ཆེན་འཚོགས་ཐེངས་རིང་ཞིང་ཉི་མ་དང་ཁམས་ཀྱིས་མི་ལྕོགས། བྲེལ་ཆེ་ན་སུས་ཀྱང་འདོན་སྒོམ་བྱ་ལོངས་མེད་པས་ཀོ་ཅིའང་མི་ཆོད་པར་འགྱུར་བས་དལ་བྲེལ་རན་པ་དང་། ཉི་མ་རིང་སྐབས་དབྱངས་གདངས་དང་བཟླས་པའི་རིགས་ཀྱང་ཅུང་ཡུན་རིང་བ། ཉི་མ་ཐུང་སྐབས་དབྱངས་གདངས་མེད་ཅིང་བཟླས་ཡུན་ཐུང་ངེ་བ་བྱ། ཞོག་འཚོགས་གསོ་སྦྱོང་དང་དགོང་འཚོགས་གཏོར་བསྔོས་རྣམས་ཀྱང་འདོན་ལོངས་སྒོམ་ལོངས་ཡོད་ངེས་ལས་ཚིག་གར་སོང་ཙམ་ཡང་མི་ཤེས་པའི་བྲེལ་འདོན་ཆེན་པོ་གཏན་ནས་མི་བྱ། མང་འཚོགས་ཐམས་ཅད་ཀྱི་སྐབས་སུ་དབུ་མཛད་ཁོ་ན་ལ་ཁག་མི་བཀལ་བར་འདིར་བཞུགས་ཐམས་ཅད་སྒྲུབ་བླ་འདྲ་མཉམ་དང་འདོན་བྱ་རྣམས་རང་དོན་ཡིན་སྟབས་སུས་ཀྱང་འདོན་པའི་ཤུགས་ལེན་པ་དང་། སྒོམ་དོན་ལ་མི་གཡེལ་བ་དགོས། ཁྲིད་ཡིག་དང་འདོན་བྱའི་དཔེ་ཕལ་མོ་ཆེ་སྤར་འཁོད་ཡོད་པས་མི་འཛོམ་དོན་མེད་པ་དང་། འདོན་འགྲིགས་ལག་ལེན་མི་ཤེས་མི་ཐུབ་པའི་དཀའ་ལས་ཅན་གང་ཡང་མེད་པས་སྔ་ཐོག་ནས་དཔེ་ཆ་མཁོ་ཚད་ཚགས་སུ་ཚུད་པ་དང་། འདོན་འགྲིགས་ལག་ལེན་ཤེས་ངེས་པ་ལས། དཔེ་ཆ་མེད་ཟེར་པ་དང་འདོན་འགྲིགས་མི་ཤེས་ཟེར་བ་སོགས་སུས་ཀྱང་བྱེད་མི་ཆོག །སྐད་ཡོད་བློ་གསལ་བ་བྱུང་ན་བྱང་འདྲེན་རིང་བརྐོས་བྱེད་དུས་མཆོད་གཡོག་ཁུར་ཐང་མི་དགོས། ཐུན་རྔའི་རེས་ཁུར་


LT38_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱང་འཚོགས་པ་ཡོད་སྐབས་ཐུན་རྔ་མཆོད་གཡོགས་ནས་བསྔམས་གྲོལ་བྱེད་དགོས། སྐད་ཡོད་བློ་གསལ་མེད་ན་བྱང་འདྲེན་ཀྱང་རེས་མོས་བསྐོར་དགོས། ཚོགས་པ་ཡོད་སྐབས་ཚོགས་བརྡ་བཏང་མ་ཐག་འདུས། ལྷཾ་སྒོ་ཁང་དུ་ཕུད་པ་ལས་ལྷ་ཁང་ནང་དུ་ལྷཾ་གྱོན་མི་ཆོག །ཚོགས་རྗེས་སླེབས་མིན་བྱུང་ན་ཕྱག་འབུལ་སོགས་དགོན་ཆེན་གྱི་བཅའ་ཁྲིམས་ལྟར་དགོས། ཚོགས་ཐོག་ནས་ཕན་ཚུན་གཏམ་རྒོད། ཡར་མར་མིག་འགྲིམས་ལྟ་བ་གཉིད་ལུར་ཉལ་བསྙེས་རྐང་རྐྱང་མགོ་བཏུམས་སྣ་ཐ་འཐེན་པ་སོགས་མི་ཆོག་ཅིང་ལུས་གནད་བསྲངས་ལ་འདོན་སྒོམ་ལ་ཡིད་རྩེ་གཅིག་ཏུ་བྱ། མཆོད་གཡོགས་མ་གཏོགས་ཆབ་མ་བཏང་བར་དུ་སུའང་ལང་འདུག་མི་བྱ། ཐུན་རྡའམ་བསྡམ་སྐབས་ཀུན་གྱི་གོ་ཞིང་འགྲོ་སྡོད་ལོངས་ཡོད་པའི་རིང་བ་དང་། གྲོལ་སྐབས་ཡུན་ཐུང་བར་བརྡུང་། ཐོག་མར་མཚམས་ཐོ་བཞག་ནས་བཟུང་ཐོ་མ་བླངས་ཀྱི་བར་དུ་ལོ་མཇུག་མགོན་པོའི་བསྙེན་རྒྱུན་མཁན་བརྒྱད་པོ་དེ་མ་གཏོགས། གྲྭ་པ། མི་སྐྱ། ཁྱད་པར་བུད་མེད་རིགས་དྲག་ཞན་ཆེ་ཆུང་སུའང་མཚམས་ཐོ་ཚུན་ལ་བཙུད་མི་ཆོག །ཇ་ཁང་དུ་གྲྭ་བ་བཙུད་ན་མང་ཇ་བརྒྱ་ཕྱག །མི་སྐྱ་བཙུད་ན་སྙན་ཤལ་མང་མེ། ཇ་བག་གཅིག་གི་ཆད་པ། བུད་མེད་བཙུད་ན་སྐུ་མཆེད་རྣམས་མདུན་སྙན་ཞུ་ཕུལ་བའི་རྒྱུ་ལུས་གཉིས་ཀར་ཉེས་ཆད་དང་། ཚབ་ཆེན་གནས་ནས་དབྱུང་། བསྙེན་རྒྱུན་མཁན་ཐུན་དཔོན་སྒྲུབ་བླ་


LT38_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དགེ་སློང་དྲུག་དགོས་པ་དེ་རྣམས་ཀྱང་ཉེར་བཞིའི་ཉིན་ལར་བྱོན་སྤོས་ཆབ་བྱས་ནས་མགོན་ཁང་དུ་བཙུད། ཚེས་གཉིས་མར་བྱོན་པ་ལས་དེའི་སྔོན་རྗེས་ནམ་དུའང་བཙུད་པ་དང་འཛུལ་བ་སོགས་བྱེད་མི་ཆོག །དེ་བར་སྒྲུབ་པ་སུས་ཀྱང་རབ་གསལ་ནས་མགོ་འབུད་པ་དང་། ཉི་མཐོང་ནས་རྒྱབ་ཏུ་ལྟ་བ་སོགས་བྱེད་མི་ཆོག་ཅིང་བྱས་ན་ཚབ་ཆེ་ཆུང་དང་བསྟུན་པའི་བརྒྱ་ཕྱག་ནས་ཉེར་ལྔའི་བར་འཚལ་དགོས། ཐོ་བླངས་ཚར་བའི་སྒྲུབ་བར་ལའང་ལྷ་ཁང་སྟེང་ཤོང་མཇལ་མཁན་དོན་ཡོད་ངེས་རྡོར་སློབ་ནས་དགོངས་པ་གནང་བ་དམིགས་བསལ་མ་གཏོགས་གཞན་སུའང་ནང་དུ་མི་བཏང་བར་འོད་མཁན་རྣམས་འགྲི་མཁང་དུ་སྣ་ལེན་བྱེད་དགོས། སྒྲུབ་བཞུགས་ནད་འཚམ་མི་ཆེ་བ་བྱུང་ན་སྒྲུབ་གཉེར་ནས་གྲོགས་དན་བྱེད་པ་ལས་སྒྲུབ་པ་གཞན་དགེ་སྦྱོར་བཤོལ་མི་རུང་ཞིང་། ནད་ལྗི་ཚབ་ཆེན་བྱུང་ན་དེ་དང་སེམས་འདྲིས་པའི་བསམ་ཡོད་དབང་ཡོད་ཀྱིས་མ་དྲག་བར་དུ་ལྟ་རྟོག་དང་གྲོགས་དན་བྱེད་དགོས། གྲྭ་གཤགས་སོ་སོ་ལའང་མཆོད་པ་ཤམས། ཕྱི་དོར། མཎྜལ། གཏོར་མ་སོགས་གང་འབྱོར་དངོས་གཙང་བྱས་ན་རང་རང་གི་རྒྱུད་དག་ཅིང་ཚོགས་རྫོགས་པའི་རྟེན་འབྲེལ་ཡོད་པ་གཙང་སེང་ངེ་བ་བྱ། སོ་སོར་ཞལ་ཐང་སྐུ་བརྙན་སོགས་དེབ་ཡིག་ཏུ་ཕོགས་རིགས་ཞེ་མེད་ཀྱིས་གང་བྱུང་ཆུད་ཟོས་མི་བྱ་བར་སྒྲུབ་པ་བརྗེ་སྐབས་རྡོར་སློབ་ལ་རྩིས་འབུལ་དུས་མ་གོད་མ་ཉམས་པར་བྱ་དགོས་སོ། །


LT38_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མེ་ཙམ་ལས་མེ་བཞག་ལེན་མི་ཆོག་ཅིང་སྤོས་མེས་ཀྱང་ལྷ་ཁང་དང་ཡོ་བྱད་སྲེག་པའི་ལོ་རྒྱུས་མང་བས་ཁྱེར་ལུགས་ཚགས་ལུགས་ཤིན་ཏུ་སྟབས་གཟབ་དོ་དམ་བྱ་དགོས། སྟེང་ཤོད་ཀྱི་གྲལ་གདན་བུག་བརྡོལ་བྱུང་ན་རྡོར་སློབ་ནས་ཐུགས་རྩ་དེ་འཕྲལ་མཛད། སྒྲུབ་སྤྱི་ནས་རྒྱུ་རྩ་བྱུང་བའི་ལྷན་པ་དང་ཚེམས་དྲུབ་བྱ་བ་དང་། སྒྲུབ་ཐེབས་རེ་རེ་ལ་གྲལ་གདན་རེ་ཙམ་གེ་སར་བཞག་དགོས། གཏོར་སྒྲུབ་དང་ཚོགས་འཁོར་ལ་ཆང་ཕུད་ཕྲན་བུ་མ་གཏོགས་ཆང་རག་གི་རིགས་སྒྲུབ་ཁང་འདིའི་ནང་དུ་ཁྱེར་མི་ཆོག་ཅིང་། ཁྱེར་འཐུང་བྱེད་མཁན་བྱུང་ཚེ་ཚབ་ཆེན་དར། ཇ་བག །ཆུང་ན་མང་ཇ། བརྒྱ་ཕྱག་གི་ཆད་པ་ཡོད། སྒྲུབ་པ་རྣམས་སྤྱིར་ཕན་ཚུན་ཐོག་མ་ནས་མཛའ་ཆེ་བ་མི་བྱ། ཐ་མ་འཁོན་པའི་རྒྱུར་འོང་། འཁོན་ཏུ་བཟུང་དོན་མེད། རྡོ་རྗེ་མཆེད་ཀྱི་དམ་ཚིག་དང་འགལ། རྩེད་མོ་ཁ་མཚར་མི་རྩེ། རྩེད་སྣ་བྱུར་གྱིས་ཁྲིད་པ་ཡིན། ཕྱོགས་རིས་ཆགས་སྡང་མི་གླེང་། ཆོས་པའི་མཚངས་རྟགས་ངོམས་པ་འོང་། ངན་པའི་དོན་ལ་གཅིག་རྒྱབ་གཅིག་འདུག་མི་བྱ། གྲོགས་ངན་གྱི་བྱུར་ཆགས་དོན་མེད་ལ་འགོས་པ་ཡིན། ཐམས་ཅད་བླ་མའི་བཀའ་དང་དགོངས་པ་ལ་བསྟུན། སྒོ་ཕྱི་ནང་བྱོན་བཞུགས་སྐབས་ཐམས་ཅད་ལ་གཟན་ཆེན་དང་མི་འབྲལ། ཚོགས་ལ་ཤམ་ཐབས་མ་གྱོན་པར་མི་འགྲོ། ཁ་འཐབས་བྱས་ན་ཁ་སྔ་ནས་ཕྱག་བརྒྱ། ལན་སྤྲོད་


LT38_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ནས་ཕྱག་ལྔ་བཅུ་འཚལ་དགོས། ལག་འཛིངས་བྱས་ན་ལག་སྔ་ལ་བེར་ཀ་བཅོ་ལྔ། ཇ་བག་གི་ཆད་པ། ལན་ཟློག་མཁན་ལ་བེར་ཀ་བཅུ། ཇ་རྡུམ་གྱི་ཆད་པ་ཡོད། ངན་པའི་རྒྱབ་འཚོ་མི་དཔུང་གྲྭ་བསྡེབས། རྡོར་སློབ་ལ་འཐབས་འཛིངས་བྱེད་པ་བྱུང་ན་སྐུ་མཆེད་མདུན་སྙན་གསན་ཕུལ་བའི་ཆད་པ་བབ་འོས་ཐོག་ཚབ་ཆེན་སྒྲུབ་གྲལ་ནས་ཕུང་། རྡོར་སློབ་ཀྱི་བཀོད་པ་ལ་མི་ཉན་པ་དང་། ཁ་ལེན་རློག་ན་མང་ཇ། བརྒྱ་ཕྱག་འཚལ་དགོས། སྒྲུབ་གཉེར་གྱི་ཇ་བརྡ་བྱུང་འཕྲལ་རུང་ཁང་ནས་ཇ་བླངས་ལ་ཆབ་བསིལ་ཏེ་ཐུན་བརྡ་བཏང་སྐབས་གྲལ་མལ་དུ་ཞུགས་ནས་དགེ་སྦྱོར་ལ་འཇུག །ཐུན་བརྡ་བཅད་ཟིན་པ་ནས་ཐུན་མ་གྲོལ་བར་དུ་སྒྲུབ་པ་སུའང་རང་གཤག་གི་སྒོར་བུད་མི་ཆོག །བུད་ན་ཕྱག་ཉེར་ལྔ་འཚལ་དགོས། ཐུན་འོག་ཕར་འབོད་ཚུར་འབོད་ཀྱི་གཏམ་ལབས་པ་བྱུང་ན་ཕྱག་བཅུ་རེ་འཚལ་དགོས། ཐུན་བསྡམས་རྒྱབ་སྤྱི་སྒེར་སུ་ལ་གཏུགས་འགྲུལ་བྱེད་མཁན་བྱུང་ཡང་སྒྲུབ་གཉེར་ནས་སྣ་བླངས་ལ་ཐུན་མ་གྲོལ་བར་དུ་སྒྲུབ་གཡོགས་གཉིས་ཀྱང་སྒྲུབ་བླ་གང་གི་རྩར་ཡང་འགྲོ་མི་ཆོག །སོང་ན་ཕྱག་བཅུ་རེ་འཚལ་དགོས། མི་འགྲོ་ཀ་མེད་གཏུགས་འགྲུལ་མཁན་གནད་དོན་དང་བྲེལ་བ་ཆེན་པོ་ཡོད་མཁན་ཡིན་ན་ཐོག་མར་རྡོར་སློབ་ལ་ཞུ། དེས་བརྟག་དཔྱད་ཀྱིས་གནད་ཆེ་ངེས་རེད་ན་འགྲོ་ཆོག །ཐུན་བཅད་ཟིན་ནས་སྔོན་འགྲོ་སོགས་འདོན་བྱ་རྣམས་ཀྱི་སྐབས་ཕན་ཚུན་འདོན་སྒྲ་ཐེས་ངེས་འུར་དི་


LT38_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བ་དགོས་པ་དང་། ཆོས་དྲུག་འོད་གསལ་སོགས་ཀྱི་སྐབས་བསྒོམ་བྱ་ལ་སེམས་རྩེ་གཅིག་ཏུ་བརྩོན་པ་མ་གཏོགས། འདོན་དུས་གོ་རྒྱུ་མེད་པ་དང་། སྒོམ་དུས་འདོན་བཟླས་ཀྱི་འུར་སྒྲ་སོགས་སྤྱི་དང་མི་མཚུངས་པའི་བསམ་གཏན་གྱི་ཚེར་མའི་རིགས་སུས་ཀྱང་བྱེད་མི་ཆོག །འདོན་བྱའང་བཅའ་ཡིག་འདི་ནང་གང་འཁོད་མ་གཏོགས་རྡོར་སློབ་བླ་མ། བྱང་འདྲེན་དབུ་མཛད་སུས་ཀྱང་རང་འདོད་ཀྱི་ཕབ་འཕྲི་བྱས་ཚེ་ཡེ་ཤེས་མགོན་པོ་བསིལ་ཚལ་མེ་འབར་ལ་བཀའ་གཏད་དམོད་བཅོལ་ཞུས་ཡོད་ཅིང་། སྒྲུབ་པ་གཞན་ནས་ཀྱང་སྣ་ཟིན་སྤུ་ཟིན་བླུན་པོའི་རང་ལུགས་མང་པོ་འདོན་ཟློས་གཏན་ནས་བྱེད་མི་ཆོག །གལ་སྲིད་དབང་ལུང་དང་བསྙེན་སྒྲུབ་སོང་བའི་དམ་བཅའ་ཆགས་སུ་མི་རུང་བ་འདྲ་ཡོད་ན་ཐུན་བར་ནམ་བདེ་ལ་མ་ཆགས་པ་ཙམ་བྱེད་པ་ལས་དངོས་གཞི་ཕབ་འཕྲི་མི་ཆོག །ནད་ནུབ་ཀྱི་ཌ*ཌཱ་དྲི*་རྐང་གླིང་སོགས་ཀྱང་ཐུན་བརྡ་དང་བསྟུན་ཐམས་ཅད་ཀྱི་འབུད་དཀྲོལ་དགོས་པ་ལས། སྔ་ཕྱི་ཧ་ཅང་ཁྱད་ཆེ་བ་དང་། འགའ་རེས་འབུད་བཀྲོལ་བྱེད། འགའ་རེས་མི་བྱེད་པའི་གང་འདོད་མི་ཆོག །ཐུན་ཞབས་སུ་དཔེ་བལྟས་ཡིག་འདྲི་བཟོ་དྲུབ་སོགས་རྣམ་གཡེངས་ཀྱི་རིགས་གཏན་ནས་བྱེད་མི་ཆོག་ཅིང་། ལར་སྒྲུབ་པ་ལོ་གསུམ་གྱི་རིང་ལག་ལེན་ཤེས་མཁན་ཡོད་ཀྱང་ལྷ་ཁང་དང་དགེ་འདུན་སྤྱིའི་དོན་བྱ་བ་གལ་ཆེན་མཐུན་སྣང་དུ་གྲུབ་ཅིང་རྡོར་སློབ་ནས་དམིགས་བསལ་གནང་བ་


LT38_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་མ་གཏོགས་ལྷ་བྲིས། ཚན་དྲུབས། ཤིང་བཟོ་སོགས་གཏན་ནས་བྱ་མི་ཆོག་ཅིང་། གནས་སྐབས་ཉེར་མཁོའི་ཡི་གེ་ཕྲན་བུ་མི་འདྲི་ཀ་མེད་བྱུང་ན་ཐུན་པར་ཁོ་ན་ལ་འདྲི། ཐུན་འོག་ཏུ་ལག་ལས་བྱེད་ན་རྡོར་སློབ་ནས་འཕྲལ་དུ་མི་བྱེད་པའི་བཀོད་པ་ཐེངས་ངེས་དང་། དེ་ལ་ཉན་མིན་བྱུང་ན་ལག་ཆ་སྤྱི་རྫས་སུ་ལེན་དགོས། བློ་གྲོས་གསར་པའི་རིགས་ཀྱང་འདིར་སྒྲུབ་ལ་ཞུགས་པའི་ཚེ་གོང་སྨོས་དགོས་ངེས་དང་དམིགས་བསལ་སྡོམ་གསུམ་བསླབ་བྱའི་གཞུང་ཙམ་མ་གཏོགས་རིག་གནས་ཆེ་ཆུང་གཞུང་ལུགས་ཀྱི་རིགས་ལ་འཆད་ཉན་སྦྱང་རྩོལ་ལྟ་རྟོག་གཏན་ནས་བྱ་མི་ཆོག །སྤྱིར་ཐོས་བསམ་དང་བསླབ་སྤྱད་གནད་དོན་ཤིན་ཏུ་ཆེ་ཡང་སྒོམ་པ་ཉམས་ལེན་གཙོ་བོར་བྱེད་པའི་སྐབས་སུ་རྣམ་རྟོག་གི་འཆར་སྒོ་མང་ན་ཉམས་མྱོང་རྒྱུད་ལ་མི་སྐྱེ་བའི་གེགས་བྱེད་ཅིང་ཐོས་བསམ་མི་ཚེ་རིལ་པོར་བྱས་པ་ལས་གནད་དུ་སོང་བའི་ཉམས་ལེན་ཐུན་གཅིག་གིས་ས་ཆོད་ཆེབས་འདིར་ནི་ཉམས་ལེན་རྡོ་རུས་གཏུགས་པས་ཆོག །སྒྲུབ་མཆོད་དུས་མཆོད་ཞོག་།།།དོག་གྱི་རྒྱུན་འཚོགས་རྣམས་ལ་རྡོར་སློབ་གཙོར་བྱས་སྒྲུབ་པ་ཚང་མ། མགོན་བླ་ཞབས་བརྟེན་མཚམས་པ་གཉིས་བཅས་ཆགས་འཁྲི་མེད་པ་བྱོན་དགོས་ཤིང་། ནད་ངོས་གསལ་དང་། བྱ་བ་གལ་ཆེན་དམིགས་བསལ་ཕན་རེ་གཉིས་ཙམ་རྡོར་སློབ་ནས་དགོངས་ཁྲོལ་གནང་བ་མ་གཏོགས་འཚོགས་འཐེངས་གཅིག་ཀྱང་ཆགས་མི་ཆོག། མགོན་


LT38_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བླ་དང་ཞབས་བརྟེན་སྒྲུབ་བླ་གཉིས་ཀྱང་འདོན་བྱའི་ཁྱད་པར་མ་གཏོགས་བསྒྲིགས་ལམ་སྒྲུབ་པ་སྤྱི་དང་འདྲ་བ་དགོས་པ་དང་། མགོན་ཁང་བླ་མས་ཐུན་བསྡམས་གྲོལ་སྐབས་རྣམས་ཀྱི་འདོན་བྱ་དང་། ནང་མོའི་བསང་མཆོད་ལ་རྔམ་ཆད་པར་བརྡུང་དགོས། ཇ་མར་གྱི་ཕོག་གི་གཙོས་སྤྱི་རྫས་གང་ཡོད་རྡོར་སློབ་བླ་མ་ནས་གཟིགས་རྟོག་དང་། སྒྲུབ་གཉེར་ནས་ཚག་རྩ་བྱེད་པའི་ཁབ་གཅིག་གི་རྩ་བ་དྲོན་འཛར་ཆུད་ཟོས་སུ་མ་སོང་བར་ལྷའི་ཕོག་མི་ཕོག་ཐོབ་སྐལ་ཆེ་ཕྲ་གང་ཡོད་ལྷ་ཁང་རྣམས་དང་སྒྲུབ་བླ་སོ་སོའི་ཞལ་ཕྱག་ཏུ་ཐེངས་ངེས། དེའང་ཉེ་རིང་ཕྱོགས་ལྷུང་གི་ཕམ་རྒྱལ་དུ་མ་སོང་བར་དགོས། ལྷ་ཁང་གི་ཙཀ་བླ་བྲང་ནས་གནང་དགོས་ཤིང་། དཀར་རྩི་ཇ་བག་རིན་དང་། གོང་སྨོས་སྤོས་ཕྱེ་ཇ་བག་རིན་ལོ་རེ་བཞིན་སྤྱི་རྫས་ནས་འཇོག་དགོས། སྒྲུབ་གཉེར་ནས་འགྱེད་དང་དཀོར་སྐལ་ཕོག་སོགས་སྤྱི་རྫས་ཚགས་དོན། གསོལ་ཇ་གསོལ་ཐང་གཡོ་བསྐོལ། གསོལ་ཆུ་ལེན་པ། ནང་རེ་བཞིན་སྒོ་ཕྱི་ནང་གི་ཐལ་བ་སྡུད་ཕྱགས། ལྷ་ཁང་ཕན་ཚུན་ཁང་སྟེང་ཤོད་ཐམས་ཅད་ཀྱི་ཐིག་ཚགས་བཀྱག་བརྡུང་། ཝ་ཁ་བད་སྣེ་སོགས་ཕྱི་ནང་ཁར་ཚག་ལྟ་རྟོག །འགྲུལ་འགྲིམས་བྱུང་ཚད་ལ་དོན་རྩ་ཆེ་ཆུང་དང་བསྟུན་པའི་སྣེ་ལེན་དེ་ལུགས་ཀྱིས། ཐུན་བར་སྒྲུབ་པ་རྣམས་ལ་ཟེར་རྒྱུ་ཡོད་རིགས་ཕན་ཚུན་ཆ་ཕྲིན་གཏུགས་བདར་ལྷོད་མེད་དུ་བྱ་དགོས། ཉེ་ཁ་


LT38_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལྷུང་ཆེན་པོས་རང་གི་སྒོས་མཛའ་ལ་སྤྱི་རྫས་ཚུན་སྦྱིན་པའི་ངོ་ལེན་ཆེ་བ་དང་། སྤྱི་དོན་སྦྱིན་བདག་གལ་ཆེན་སེམས་ཕམ་དུ་བཏང་བ་སོགས་བྱས་ན་མགོན་ཁང་དུ་མདོ་གྲུབ་ཡོད། གསོལ་ཇ་ཞན་པ་དང་སྤྱི་རྒྱུ་སྒྲེར་སྤྱད་ཀྱིས་སྤྱི་རྫས་ཆུད་ཟོས་སུ་བཏང་དངོས་གསལ་བྱུང་ན་སྒྲུབ་པ་སྤྱི་སོ་ནས་རྒྱུ་མཚན་རྩད་གཅོད་ཐོག་དྲོན་འཛར་ཆེ་ཆུང་དང་བསྟུན་པའི་སྤྲོད་མཇལ་ལེན། ཇ་མར་ཕོག་གང་ཡོད་བྱ་སྐྱེས་སྨྱུག་སྒྲོན་གྱིས་གསོལ་ཇ་ཁོལ་གྲངས་སོང་ཞིང་སོ་སོར་ལེན་དུས་གྲང་མོ་མ་ཡིན་པ་གསོལ་ལོངས་དང་། རྒུང་ཚིགས་ལ་གསོལ་ཆས་བཟོ་རྒྱུ་གང་ཡོད་སྔ་དྲོའི་ཐུན་འོག་ཐབས་རྩོལ་ལྷོད་མེད་ཀྱིས་ཆས་ཀ་ཆུད་ཟོས་སུ་མ་སོང་བ་གསོལ་ལོ་ངེས་བྱེད་དགོས། སྒྲུབ་གཉེར་མི་གཅིག་ལས་མེད་སྟབས་འདོན་བྱ་འཕར་མ་དང་དགུན་ཀ་ཁ་བ་བསྡུ་དགོས་ལྟ་བུའི་བྲེལ་བ་ཆེ་སྐབས་སྒྲུབ་པ་རྣམས་ནས་གཡོ་བསྐོལ་དམིགས་བསལ་སོགས་དགོས་དགོས་སྣེ་མང་མི་མངགས། སྣོད་ཆ་འཕྲལ་དུ་སྤྱད་མི་དགོས་རིགས་ཚག་དོན་གང་ལེགས་དང་། འཕྲལ་མཁོ་རིགས་ཀྱང་སྤྱད་ཤེས་སྟབས་གཟབ་ཀྱིས་བཀྲུ་གྱམ། ཕྱི་བདར་ལག་གཙང་དུས་རྒྱུན་ཐེངས་དགོས། གཉེར་ཁང་ཕན་ཚུན་སྒམ་དང་སྒྲོ་སྣོད་སོགས་ཀྱང་རྐང་བརླག་ཏུ་སོང་ན་གཉེར་པ་རང་ནས་ཚབ་སྐྱིན་འོང་དགོས་ཤིང་། ཁྲོ་ཟངས་གཙོས་ཐབ་ཆས་རྣམས་ནི་དེ་མཚུངས་སྨོས་མ་དགོས། ཤིང་པ་ལ་བླ་བྲང་གི་ཁྲལ་མེད་པའི་འདི་གའི་ཞབས་ཕྱི་ཁོ་ན་ཡིན་སྟབས་ནམ་ཡང་འབུད་


LT38_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འདོང་ངེས་ཆགས་འཕྲི་མེད་པ་དང་། ཞར་བྱུང་དབྱར་ཀ་ལྷ་ཁང་སྟེང་ཤོད་ཀྱི་ཐིགས་ཚགས། དཀར་རྩི་བཀྱེ་བ། དགུན་ཁ་ཁ་བ་སྡུ་ཕྱགས། དགོན་ཐོག་ཏུ་དགོས་དོན་མངགས་བཏང་གི་འགྲོ་སྡོད་སོགས་ལོང་ཁོམས་གང་ཡོད་ཀྱི་སྒྲུབ་པ་དཔོན་སློབ་རྣམས་ལ་ཞབས་ཕྱི། སྒྲུབ་གཉེར་ལ་གྲོགས་དན་སོགས་ཁ་དྲིན་མེད་པ་བྱེད་དུས་ཇ་ཐུག་འཕར་མའི་སྐལ་པ་སྟེར་བ་དང་། གསོལ་རས་མཚོན་བྱེད་སོགས་ལེགས་སོའི་བདག་རྒྱན་དགོས། ལོ་མཇུག་མགོན་སྒྲུབ་ཞག་བདུན་ལ་སྒྲུབ་གཉེར་གྱི་གྲོགས་དན་རིང་སྡོད་དང་མཚན་ཐུན་ལངས་ངེས་དགོས་པས་ད་ཚེ་འབུད་ཤིང་ལག་འཐོགས་མི་འོང་བ་སྔ་ཚགས་དགོས། སྒྲུབ་གཡོག་གཉིས་ཀས་མགོ་བཟང་ལ་གཤམས་ངན་པ་དང་། ལན་རེ་ཡོད་ལ་ལན་རེ་མེད་པ་དང་། ཉམས་ཆུང་བརྙས་འོག་ཏུ་བཅུག་པ་ལས་མ་ཡིན་པར་སྒྲུབ་ཁང་འདིར་བཞུགས་ཚད་ལ་ཕྱོགས་མཉམ་གྱིས་ཞབས་འདེགས་ཐང་ལྷོད་མེད་པ་སྒྲུབ་དགོས། སྒྲུབ་པ་དཔོན་སློབ་སུ་ལའང་དྲང་པོའི་གཏམ་གྱི་བརྡབ་བསལ་མ་གཏོགས་ཁོང་ཁྲོ་ཞེ་སྡང་གི་ཁ་ངན་ཚིག་ངན་སྨྲ་བ་སོགས་བརྙས་ཆོས་གཏན་ནས་བྱེད་མི་ཆོག །རྡོར་སློབ་ལ་ཚིག་ངན་སློག་པ་སོགས་འོས་མིན་བྱས་ན་མང་ཇ་བརྒྱ་ཕྱག་རེ་ཆད་པ་བཅད། ངན་མགོ་བཙན་ཤེད། ཡ་མགོ་ཁྲམ་ཤེད་བཟུང་བའི་ཞབས་འདེགས་ལེགས་པོ་ནམ་ཡང་མི་སྒྲུབ་པ་དང་། དཔུང་ཤེད་ཀྱི་བྱ་བ་བརྩམས་ན་བླ་བྲང་དུ་ཞུ་བསྐུལ་


LT38_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཉེས་ཚབ་དང་བསྟུན་པའི་རྒྱུ་ལུས་ལ་ཉེས་པ་དང་། འདིར་སྡོད་མི་ཆོག་པའི་བརྗེ་དཀྲོལ་གྲུབ་མཚམས་ཚབ་ཆེན་མགོན་ཁང་དུ་མདོ་བྲུབ་དམོད་བཅོལ་གྱིས་ཚར་བཅད། གནས་ལམ་ནང་ཚུན་གྱི་ཉེ་སྒོར་ནས་རྩ་ཤིང་གཅོད་པ། བྱ་དང་རི་དྭགས་རྔན་པ་བྱུང་ན། རྒྱལ་བ་ཀརྨ་པ་ཡབ་སྲས། གཏེར་ཆེན་མཆོག་གྱུར་གླིང་པ་སོགས་གང་ཟག་སྐྱེས་ཆེན་མང་པོས་བཀའ་གཏད་ཕྲིན་བཅོལ་ལན་གྲངས་ཡོད་སྟབས་གཏན་ནས་མི་རུང་མི་ཤིས་པའི་རྫུན་ལབ་ནས་བཀག་སྲུང་ཐེངས་དགོས། དེའང་ཉན་འཇོག་མེད་པའི་རས་ཆོད་མཁན་བྱུང་ན། མགོན་ཁང་ནས་མདོ་བྲུབ་དམོད་བཅོལ། ཕྱག་བྲིས་དར་ནག་གི་གཡབ་མོ་རྡེབ་པ་སོགས་འཕྲལ་དུ་བྱ་དགོས། སྒྲུབ་པ་རྣམས་ནས་ཀྱང་སྒྲུབ་གཡོག་གཉིས་པོ་ཞིག་མངགས་རྒྱུ་ཡིན་སྙམ་པའི་རས་ཆོད་དང་། བབ་འོས་མེད་པའི་བསྙད་བརྐོ་བཙན་འདེད་མི་བྱ་བར་ཁོམས་ལྕོགས་དང་བསྟུན་པའི་ལས་ཀ་མངགས་གཞུག་དལ་བུས་སྒོ་ནས་བཅོལ། མདོར་ན་དཔོན་སློབ་ཐམས་ཅད་ཤེས་མེད་རང་འདོད་དང་། ཚེ་འདིའི་ལྟོ་རྒྱབ་གཙོར་བྱེད་པའི་དབང་དུ་མ་སོང་བར། གཙོ་བོར་དམ་པའི་ཆོས་གཤའ་མ་ཞིག་ཅི་འགྲུབ་ལ་བློ་ཕུག་གཏད་ཞར་བྱུང་འདི་གའི་རྟེན་བརྟེན་པ་བཀའ་བརྒྱུད་བསྟན་པའི་སྲོག་གཟེར་ཡིན་པས་ཆུད་ཟོས་རང་མལ་དུ་མི་བཏང་བར་བསམ་པ་ཕྱོགས་མཉམ་སྒོ་ནས་རང་རང་འདི་ཕྱིའི་གཏན་འདུན་མི་འཆུགས་ཤིང་། གཞན་གྱི་ཁྲེལ་དང་ངོ་ཚ་


LT38_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕོག་པར་ལོ་གསུམ་ཡང་ཡུན་ཐུང་ངུ་རེ་ཡིན་པས་མགོ་ཕྱོགས་ཐོན་བྱ་བ་མཐར་ལེགས་འབྱུང་བ་ལ་བློ་གཏོད་དགོས་པ་དང་། འདི་གའི་བཅའ་བསྒྲིགས་ཐམས་ཅད་ཀྱི་ནང་ནས་གལ་གནད་ཆེ་ཤོས། རང་རེ་ལ་སངས་རྒྱས་ཀྱི་མཛད་པ་དངོས་སུ་མཛད་པའི་སློབ་དཔོན་དགེ་བའི་བཤེས་གཉེན་ལ་ལུས་ངག་ཡིད་གསུམ་གྱི་མ་གུས་པ་ཅུང་ཟད་རེ་སྐྱེས་ནའང་ཚེ་འདིར་ན་ཚ་སོགས་འགལ་རྐྱེན་མང་། ཡོན་ཏན་སྣ་རེ་སྐྱེས་ཀྱང་རང་གཞན་གང་ལའང་ཕན་མི་ཐོགས་པ་སོགས་མི་འདོད་པ་ཐམས་ཅད་ཐོག་ཏུ་འབྱུང་ཞིང་། ཚེ་འཕོས་ནས་ཀྱང་སྲིད་པའི་སྡུག་བསྔལ་མི་བཟད་པ་དར་དྲག་ལ་ཡུན་རིང་བ་སྐྱེ་བ་དུ་མ་མྱོང་བར་འགྱུར་བས། སྒྲུབ་གྲྭ་འདིར་ཞུགས་པ་རྣམས་ཀྱིས་ཀྱང་གསུང་རབ་རྣམས་ནས་འབྱུང་བ་བཞིན། ལུས་ཀྱི་བླ་མ་ལ་མ་གུས་པ་སྤངས་ཏེ། གུས་པས་བཀུར་སྟི་རིམ་གྲོ་གོང་ནས་གོང་དུ་སྤེལ་བ་དང་། དག་གིས་བླ་མ་ལ་ཀུ་རེ་ཀྱལ་ཁའི་ཕྱིར་དུའང་སྐྱོན་བརྗོད་པ་སོགས་ཉེས་པ་སྤངས་ནས་དུས་དང་གནས་སྐབས་ཀུན་ཏུ་ཡོན་ཏན་དང་སྙན་པ་སྒྲོག་པ་སོགས་ངག་གི་གུས་པ་གོང་འཕེལ་དུ་སྤེལ། ཡིད་ཀྱིས་བླ་མའི་ཡོན་ཏན་དང་སྐུ་དྲིན་ཡང་ནས་ཡང་དུ་བསམས་ཏེ་མོས་གུས་ཚད་མེད་པ་གོང་ནས་གོང་དུ་སྤེལ་བ་སོགས། མདོར་ན་རྗེ་བཙུན་ནཱ་རོ་པ་དང་། རྗེ་བཙུན་མི་ལ་རས་པ་སོགས་རང་རེ་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་སྲོལ་ལྟར། བླ་མ་ལ་ལོག་ལྟ་ནམ་ཡང་མི་སྐྱེ་བ་དང་། །


LT38_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གང་ཡང་མི་ལྕོགས་པར་དུས་རྒྱུན་མོས་གུས་ཁོ་ན་ལ་ཉམས་ལེན་གྱི་མཐིལ་དུ་བྱེད་དགོས་ཤིང་། བླ་མས་ཆོས་གསུངས་པའི་སྐབས་སུའང་ཐམས་ཅད་ཀྱིས་མེ་ཆིལ་ལྷྭཾ་ཕུད། འདི་གའི་སྤྱི་ཁྲིམས་ཡིན་པས་སོ་སོ་ལ་མཎྜལ་རེ་རེ་ལ་མ་འཛོམ་ཐབས་མེད་ཅིང་དེ་ཉིད་ཚད་ལྡན་གྱིས་འབུལ། གསུང་ཆོས་ཆེ་ཕྲ་གང་བྱུང་ལ་ཡིད་གཏད་ནས་གུས་པ་ཆེན་པོས་ཉན་པ་དང་། ཁྱད་པར་དབང་དང་བྱིན་རླབས་ཐམས་ཅད་ལ་རྗེས་ཟློས་དག་ཅིང་དམིགས་པ་ཏིང་ངེ་འཛིན་སྣེ་གཅིག་ཀྱང་མ་ཆད་པ་དང་། ཁྲིད་དམིགས་ཐམས་ཅད་ཡིད་ལ་ཟིན་ངེས་བྱེད་ཅིང་། བློ་དམན་པས་ཚར་གཅིག་གིས་བསྒོམ་དོན་མི་ཤེས་ན་དེ་ཉིད་ཀྱིས་དམིགས་བསལ་ཟུར་དུ་བསྐྱལ་ནས་ཞུ། དམིགས་པ་སྣེ་རེ་ཟུང་ལ་སྒོམ་དོན་འཕྲོད་མིན་བྱུང་ན་དེ་ཐད་དོགས་སེལ་ཞུ། །གོ་དོན་གྱི་གནད་མ་འཕྲད་ཀྱང་སྒོམ་དོན་ལ་ཐེ་ཚོམ་མེད་པ་ཞིག་མ་བྱུང་ན་ཅི་ཡང་མི་ཕན་པས་འཕྲལ་འཕྲལ་ཞུ་གཏུགས་ཀྱིས་ཐེ་ཚོམ་ཆོད་ངེས་དགོས། བླ་མས་ཀྱང་ལོངས་ཁྱབ་བྱུང་ན་སྔོན་འགྲོ་ནས་མཇུག་རྫོགས་ཀྱི་བར་བསྒོམ་བྱ་རྣམས་ཡིད་ལ་ངེས་མིན་གྱིས་རྒྱུགས་ལེན། དེ་ཙམ་མ་ནུས་ན་ཆོས་དྲུག་གི་ཉམས་རྟགས། སོར་བསམ་གྱི་རྟགས་སྣང་ཕྱག་ཆེན་དང་ཁྲེགས་ཆོད་ཀྱི་སྐྱེ་ཚུལ། ཐོད་རྒལ་གྱི་འཆར་སྒོ་རྣམས་རེ་རེ་ནས་རྒྱུགས་འབུལ་དང་རྩིས་ལན་ཡང་ཡང་མཛད་པའི་མ་སྐྱེས་ན་སྐྱོན་བཅོས་པའི་སྐྱེ་ཐབས། མ་བྱུང་བྱུང་


LT38_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུ་སོགས་ལ་དེ་རིགས་བཤད་མི་ཆོག་པའི་མགོ་བཅའ། གེགས་སེལ་བོགས་འདོན་རྒྱུད་ཚོད་དང་མཚམས་པ། སྒོམ་ནུས་ཤིང་ཉམས་མྱོང་སྐྱེས་ན་རྒྱུན་བསྐྱང་བའི་གཟེངས་པ་སྟོད་སོགས་དང་། །གཞན་ཡང་རྣམ་ཀུན་ལེགས་སྤེལ་ཉེས་བསུབ་ཀྱི་བསླབ་སྟོན་གང་ཡང་བླ་སློབ་ཡིན་ནས་ཡིན་བཞིན་ཏུ་མཛད་པ་དང་། ནད་པའི་རིགས་བྱུང་ན་ཐོག་མ་ནས་ཇི་མི་སྙམ་དུ་མི་བཞག་པར་ཐབས་གང་དྲག་གི་བཀོད་ཁྱབ་སོགས་ཕན་ཆའི་རིགས་གང་ཅིར་གཡེལ་མེད་དུ་མཛད་དགོས་པ་ལགས། །དགེ་སློང་དགོན་པར་གནས་པའི་རི་ཆོས་ཀྱི་གདམས་པ་བདག་ཅག་གི་སྟོན་པ་རྒྱལ་བ་ཐུགས་རྗེ་ཅན་དེས་མཐའ་ཡས་པར་གསུངས་པ་ལས་མདོར་བསྡུས་རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུངས་དགེ་སློང་དགོན་པ་བས་དགོན་པའི་གནས་སུ་ཕྱིན་ནས་དགོན་པའི་ཆོས་སྤྱོད་པ་ན། སྤྱོད་པ་རྣམ་པ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་པར་བྱའོ། །བརྒྱད་གང་ཞེ་ན། ཕན་པའི་བྱམས་པ་དང་། བདེ་བའི་བྱམས་པ་དང་། ཁོང་ཁྲོ་བ་མེད་པའི་བྱམས་པ་དང་། ཡང་དག་པའི་བྱམས་པ་དང་། ཐ་དད་མེད་པའི་བྱམས་པ་དང་། རྗེས་སུ་མཐུན་པའི་བྱམས་པ་དང་། ཆོས་ཐམས་ཅད་ལ་སོ་སོར་རྟོགས་པའི་བྱམས་པ་དང་། ནམ་མཁའ་ལྟར་ཡོངས་སུ་དག་པའི་བྱམས་པ་སྟེ། འོད་སྲུངས། དེ་ལྟར་ཆོས་སྤྱོད་པ་རྣམ་པ་བརྒྱད་ཀྱིས་སེམས་ཅན་ལ་བྱམས་པའི་སེམས་བསྐྱེད་


LT38_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །འོད་སྲུངས། དགེ་སློང་དགོན་པ་བས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་འདི་ལྟར་ལམ་རིང་པོ་ནས་འདིར་འོངས་ཏེ། གཅིག་པུ་གྲོགས་མེད་པས། བདག་གི་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་སུ་ཡང་རྗེས་སུ་བསྟོད་ཅིར་སྨོད་པ་མེད་མོད་ཀྱིས། འོན་ཀྱང་ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་དང་སངས་རྒྱས་བཅོམ་ལྡན་འདས་དག་གིས་བསམ་པ་རྩེ་གཅིག་པ་ཤེས་ཤིང་མཁྱེན་པ་དག་ཡོད་དེ། དེ་དག་གི་དབང་དུ་གྱུར་པས་གནས་འདིར་དགོན་པའི་ཆོས་སྤྱོད་པ་ན། བདག་མི་དགེ་བའི་སེམས་སུ་མི་འགྱུར་བར་བྱའོ། །དེང་བདག་འདོད་པའི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་དང་། མི་དགེ་བའི་ཆོས་གཞན་ལ་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་ཀྱང་། རྟོག་པ་ཁོང་དུ་ཆུད་པར་བྱ་ཞིང་། འདུ་འཛི་མང་པོ་ལ་མངོན་པར་དགའ་བ་དག་དང་བྱེ་བྲག་མེད་པར་མི་བྱའོ། །གྲོང་དང་གྲོང་བརྡལ་ལ་བརྟེན་པ་དག་དང་བྱེ་བྲག་མེད་པར་ཡང་མི་བྱའོ། །གལ་ཏེ་དེ་དག་དང་འདྲ་ཞིང་བྱེ་བྲག་མེད་པར་གྱུར་ན། བདག་གིས་ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་བསླུས་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་ན་ཡང་དགྱེས་པར་མི་འགྱུར་རོ། །གལ་ཏེ་བདག་གིས་དགོན་པར་ཆོས་བཞིན་ཏུ་བྱས་པར་འགྱུར་ན། ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱིས་ཀྱང་བདག་ལ་འཕྱ་བར་མི་འགྱུར་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས་


LT38_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་བདག་ལ་དགྱེས་པར་འགྱུར་རོ། །སེམས་བསྐྱེད་པར་བྱའོ། །ཞེས་དང་། ཚུལ་ཁྲིམས་ཤིན་ཏུ་གཙང་མར་བསྲུང་ཞིང་འཚོ་བ་རྣམ་པར་དག་པས་བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བརྩོན་འགྲུས་གཡེལ་བ་མེད་པར་བརྩོན་དགོས་པར་གདམས་ཤིང་། ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞལ་ནས་ཀྱང་། ཨེ་མ་ད་ལྟ་སྙིགས་མའི་དུས་འདི་རུ། །སྒྲུབ་པ་ཉམས་སུ་ལེན་འདོད་སྐལ་ལྡན་ཀུན། །དེང་སང་འགྲོ་རྣམས་ཚེ་ཐུང་དར་གུད་ཆེ། །མང་པོ་བྱ་བའི་ལོངས་ཡོད་མ་ཡིན་པས། །ཐོས་པ་རྒྱ་ཆེན་བྱེད་པ་མ་བྱུང་ཀྱང་། །དང་བའི་དད་པ་འགྱུར་བ་མེད་པ་དང་། །འགྲོ་ལ་རྒྱུན་ཏུ་སྙིང་རྗེ་ཆེར་བསྐྱེད་ནས། །བརྩོན་འགྲུས་ཆེན་པོས་དབེན་པ་བསྟེན་བྱ་ཞིང་། །ཉེ་ལམ་རྒྱུད་སྡེ་མཆོག་ལས་གསུངས་པ་ལྟར། །བསྐྱེད་རིམ་མ་ནོར་རྩེ་གཅིག་བསྒོམ་པ་དང་། །རྩ་རླུང་བྱང་ཆུབ་སེམས་ཀྱི་གནད་རྣམས་ཀུན། །རྩེ་གཅིག་རྒྱུན་དུ་ཉམས་སུ་བླང་བར་བྱ། །བསམ་གཏན་བཞི་དང་ཚད་མེད་གཟུགས་མེད་ཀྱི། །ཏིང་ངེ་འཛིན་དག་སྒོམ་ཞིང་རྟོགས་བྱས་ནས། །དེ་ལ་མི་གནས་འདོད་པའི་ཁམས་ཞུགས་ཏེ། །སྒྱུ་མ་ལྟ་བུར་ཕ་རོལ་ཕྱིན་པ་དྲུག །ཇི་སྲིད་མ་རྫོགས་བར་དུ་སྦྱང་བར་བྱ། །མ་རིག་ལ་སོགས་རྟེན་ཅིང་འབྲེལ་འབྱུང་འདི། །གཉེན་པོས་མི་དགག་རང་སར་གྲོལ་བར་བྱ། །བདག་ཉིད་བདག་


LT38_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱག་རྒྱ་ཆེ་ཐོབ་ནས། །ཞི་བར་དགའ་བ་སྤངས་ནས་འགྲོ་བའི་དོན། །འཁོར་བ་མ་སྟོངས་བར་དུ་བསྒྲུབ་པར་བྱ། །ཚུལ་འདི་ལྟ་བུ་ཉམས་སུ་བླངས་བྱས་ནས། །ས་བཅུ་ལམ་ལྔ་བྱང་ཆུབ་ཕྱོགས་ཆོས་དང་། །སྤྱན་དང་མངོན་ཤེས་ཏིང་འཛིན་དཔག་མེད་དང་། །སྟོབས་དང་མི་འཛིགས་མ་འདྲེས་བཅོ་བརྒྱད་ཀུན། །དགེ་བའི་བཤེས་ལ་བརྟེན་ནས་རྫོགས་པར་འགྱུར། །ཅེས་གདམས་པར་མཛད་པ་སྙིང་གི་བདུད་རྩིར་བཟུང་བར་བྱའོ། །དབེན་པ་མ་བསྟེན་པའི་སྐྱོན་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་འདུ་འཛི་ལ་དགའ་བའི་ཉེས་དམིགས་ཉི་ཤུ་གསུངས་ཤིང་། ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་སྡེ་སོགས་ལས་འདུ་འཛིའི་ཉེས་པས་ངན་སོང་གསུམ་གྱི་འགྲོ་བ་གྲངས་མེད་པར་སྡུག་བསྔལ་མྱོང་བར་གསུངས་སོ། །དབེན་པ་བསྟེན་པའི་ཕན་ཡོན་ནི། འཕགས་པ་བྱམས་པས་སེང་གེའི་སྒྲ་སྒྲོགས་པའི་མདོ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་དང་། བདུག་པ་དང་། ཕྱེ་མར་དང་། སྤོས་ཀྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་ཕུལ་བ་བས་ནི། བྱང་ཆུབ་སེམས་དཔའ་འདུ་འཛིའི་གཏམ་གྱིས་འཇིགས་ཤིང་སྐྲག་པ་གཞན་ཞིག་ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་


LT38_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སེམས་ཅན་གྱི་དོན་མངོན་པར་སྒྲུབ་པ་ན་དགོན་པ་ལ་མངོན་པར་ཕྱོགས་ཏེ་གོམས་པ་བདུན་པོར་བར་བྱེད་པ་གང་ཡིན་པ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །འོད་སྲུངས་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་གྱལ་གའི་ཕྱིར་རམ། བརྗོད་པའི་ཕྱིར་དུ་དེ་སྐད་གསུངས་པ་མ་ཡིན་གྲང་སྙམ་ན། འོད་སྲུངས། ཁྱོད་ཀྱིས་དེ་ལྟར་མི་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ང་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །བཤད་ཉན་བྱས་པ་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ནི། ཡབ་སྲས་མཇལ་བའི་མདོ་ལས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ངེས་པར་བསྟན་པ་འདི་གང་གིས་བསྐལ་པ་བཅུའི་བར་དུ་ཉན་ནས། དེ་གཞན་ལ་བསྙད་པ་བས་གང་གིས་སེ་གོལ་གཏོགས་ཙམ་དུ་སྒོམ་ན། འདི་ཉིད་དེ་བས་ཆེས་བསོད་ནམས་མང་དུ་འཕེལ་ལོ། །ཞེས་གསུངས་པ་དང་། ཡང་ཏིང་ངེ་འཛིན་མཆོག་དམ་པ་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་པས་དགེ་སྦྱོང་གི་འབྲས་བུ་བཞི་མ་ཐོབ་ཀྱང་། མང་དུ་ཐོས་པ་ལས་ཁྲི་ཕྲག་སྟོང་གིས་འཕགས་སོ། །ཞེས་གསུངས་པ་དང་། མཆོད་པ་གཞན་ལས་ལྷག་པའི་ཚུལ་ནི། ཏིང་ངེ་འཛིན་དེ་ལས། ཇི་ལྟར་རབ་ཏུ་བྱུང་ནས་ཆོས་སྤྱོད་པས། །དེ་ལྟར་ཟས་དང་སྐོམ་དང་ཆོས་གོས་དང་། །མེ་ཏོག་དང་ནི་སྤོས་


LT38_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱུག་པ་ཡིས། །མི་མཆོག་རྒྱལ་བ་རིམ་གྲོ་བྱས་མ་ཡིན། །སུ་དག་བྱང་ཆུབ་ཏུ་ཡང་འདོད་མོད་ཀྱི། །སེམས་ཅན་དོན་ཕྱིར་འདུས་བྱས་ཡོངས་སྐྱོ་ནས། །དགོན་པར་བལྟས་ཏེ་གོམས་པ་བདུན་བོར་ན། །དེ་བས་བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་པས། གཞན་ཡང་དབེན་པར་གནས་པས་ཐེག་པ་གསུམ་གྱི་འབྲས་བུ་མྱུར་དུ་ཐོབ་ཅིང་། གལ་ཏེ་སྐལ་བ་དང་བརྩོན་འགྲུས་དམན་པས་ཚེ་འདི་ལ་མ་ཐོབ་ཀྱང་དེ་བཞིན་གཤེགས་པ་གསུམ་ཕན་ཆད་ལས་མི་འགྱང་བར་ཟག་པ་སྤང་བ་དང་། ཉོན་མོངས་པ་ཞི་ཞིང་སྤང་བར་འགྱུར་བ་སོགས་མཐའ་ཡས་པར་གསུངས་པས་དབེན་པ་བསྟེན་ཅིང་སྒྲུབ་པ་ཁོ་ན་ལ་ནན་ཏན་སྙིང་པོར་ལྷུར་ལེན་པར་བྱའོ། །གསུམ་པ་མཐར་བསྒྲུབས་པའི་འབྲས་བུའང་ཆུད་ཟོས་སུ་མ་སོང་བས་རང་མ་འགྱོད་པར་བྱ་དགོས་ཏེ། ཇི་ལྟར་ན་ད་རུང་རང་རེ་རྣམས་ཀྱིས་གྲུབ་པ་ཐོབ་པ་ལྟ་ཅི། དྲོད་ཀྱི་སྣེ་ཟིན་ཙམ་ཡང་མ་ཐོབ་པའི་སོ་སོའི་སྐྱེ་བོ་སངས་རྒྱས་གཞི་ནས་སྒྲུབ་དགོས་མཁན་ཡིན་པས། སྒྲུབ་ཁང་དུ་ལོ་གྲངས་ཚང་བླ་མིང་ཐོགས་པས་ཆོག་གོ་སྙམ་དུ་དད་ཟས་གཤིན་ཟས་ལ་བག་མེད་དུ་ལོངས་སྤྱད། སྒྲུབ་པ་ལ་ཆོག་ཤེས་བྱས་ན་དུད་འགྲོའི་བཤས་ཚོང་གི་ཁེ་བ་ལས་ཀྱང་ལོད་པར་འགྱུར་བས། ད་རེས་ཐར་པའི་ལམ་སྣེ་རྙེད་ཤོམ་བྱས་པ་བླ་མ་དང་དགེ་བའི་མཐུན་རྐྱེན་བཟང་པོའི་བཀའ་དྲིན་ཡིན་པ་ལ་ཡིན་པར་ཤེས་པས་ལས་འཕྲོ་བཟང་པོ་དེ་ཆུད་ཟོས་


LT38_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་བཏང་བར་ཇི་སྲིད་འཚོའི་བར་དུ་འདི་ནས་ཉམས་ལེན་བགྱིས་པའི་བསྐྱེད་རྫོགས་རྣམས་ནམ་ཡང་བཏང་སྙོམས་སུ་མ་བོར་བར། རབ་འཇིག་རྟེན་གྱི་ཞེན་འཁྲིས་བཅད་ནས་གཅིག་པུར་སྒྲུབ་པའི་ས་སྡེ་བཙུགས་ལ་འབྲས་བུ་མཐར་དབྱུང་། འབྲིང་ཆོས་མཐུན་གྱི་འཚོ་བ་མ་ཤོལ་ཙམ་ལ་བློ་གཏང་ནས་ཚེ་དང་སྒྲུབ་པ་སྙོམས་ཤིང་བླ་མ་དང་བསྟན་པའི་ཞབས་འདེགས་གཞན་ཕན་རང་འཁོས་གང་ཡོད་བསྒྲུབས། ཐ་མས་ཀྱང་ལོ་གསུམ་གྱི་སྒྲུབ་པ་ལྟོ་རྒྱབ་འཚོལ་བའི་ཟོང་དུ་འཚོང་ནས་རང་ཉིད་འདི་ཕྱི་གཉིས་མེད་དུ་མི་བྱ་བར་བསགས་སྦྱོང་ཉམས་ལེན་སྣེ་རེ་ལ་བློའི་གཏད་སོ་ཡོད་དེས་བྱ། སྤྱིར་སྒྲུབ་གྲྭ་འདིར་ཞུགས་ཕྱིན་ཆད་དགོན་ཡུལ་གར་སོང་གར་སྡོད་ཐམས་ཅད་དུ་ལུས་ཚུལ་ཁྲིམས་ཀྱི་གོས། ངག་ཁ་བཏོན་བཟླས་བརྗོད། སེམས་བྱམས་སྙིང་རྗེ་མོས་གུས་དག་སྣང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་མི་འབྲལ་བར་རྟག་ཏུ་གཡོ་སྒྱུ་མེད་པའི་གཞན་ཕན་གྱི་སེམས་དང་། བག་ཡོད་དྲན་ཤེས་ཀྱི་སྒོ་ནས་ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན། ཁ་བསགས། གཞོག་སློང་། རྙེད་འཚོལ། ཐོབ་མཇལ། བུན་སྐྱེད་ཀྱི་ལོག་འཚོ་གཏན་ནས་མི་སྡུད་པར་གོས་ལུས་ཡོག་ཙམ། ཁ་ཟས་འཚོ་ཐུབ་ཙམ། གནས་མལ་གང་བྱུང་གིས་ཆོག་ཤེས་པར་བྱས་ཏེ། རྟག་ཏུ་བློ་སྣ་ཡང་ཡང་བསྟུང་ཞིང་


LT38_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་སྡུག་བཟང་ངན་ཐམས་ཅད་བློ་སྦྱོང་། རོ་སྙོམས། སྟོང་ཉིད་སོགས་ནུས་སྟོབས་དང་སྦྱར་བས་ལམ་དུ་ཁྱེར། ལྷ་མཐོང་འདྲེ་མཐོང་མངོན་ཤེས་གྲུབ་རྟགས་སོགས་མེད་ལ་ཡོད་ཟོལ་གྱི་མི་ཆོས་བླ་མའི་རྫུན་ལབ་ན་སྡོམ་པ་ཤོར་བ་མ་ཟད་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཐ་ཚིག་དང་འགལ་བས་རྫུན་གཏན་ནས་མི་ལབ། གཞི་བྱེས་ཀུན་ཏུ་ཆང་གཏན་ནས་མི་འཐུང་། ང་ཁྱོད་ཀྱི་ཕྱོགས་རིས། ཆོས་བརྒྱད་ཀྱི་ཆགས་སྡང་། །རང་རློམས་ཀྱི་ང་རྒྱལ། གཞན་ལ་ཁྱད་གསོད་སོགས་དུག་ལྟར་དུ་སྤངས་ནས་དམན་ས་ཅི་ཟིན་བྱ། བློ་བླ་མ་དཀོན་མཆོག་ལ་གཏོད། དག་སྣང་ཕྱོགས་རིས་མེད་པར་སྦྱང་། བྱེད་ལུགས་བཀའ་བརྒྱུད་གོང་མའི་རྣམ་ཐར་ལ་སློབ། ཉམས་ལེན་འདི་གའི་རང་ལུགས་ལ་གཡན་ཆུད་དང་ཐེ་ཚོམ་མེད་པའི་ཅངས་འཇུས་བྱ། མདོར་ན་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན། ལྔ་བརྒྱ་པ་ཐ་མལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་བསྣད་ཅིང་མ་དམས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བཞི་གང་ཞེ་ན། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་གྱི་ཉེས་པ་མི་གླེང་བ་དང་། མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ལ་མི་ལྟ་བ་དང་། ཡིད་དུ་མི་འོང་བའི་ཚིག་སྤོང་


LT38_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། བྱམས་པ། བྱང་ཆུབ་སེམས་དཔའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ཡོངས་སུ་འཇིག་པའི་ཚེ་མ་བསྣད་ཅིང་མ་ཉམས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བྱམས་པ། གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་བའི་གང་ཟག་ཆོས་བཞི་པོ་འདི་དག་དང་ལྡན་ན་ལྔ་བརྒྱ་ཐ་མལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་བསྣད་ཅིང་མ་དམས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་ཏེ། བཞི་གང་ཞེ་ན། ཐེག་པ་ཆུང་ངུའི་སེམས་ཡོངས་སུ་སྤོང་བ་དང་། འཁོར་མི་བསྡུ་བ་དང་། བས་མཐའི་གནས་མལ་བསྟེན་པ་དང་། བདག་དུལ་བ་དང་། ཞི་བ་དང་། ཞི་གནས་ཀྱི་སྦྱོར་བ་ལ་བརྩོན་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་པོ་དེ་དག་དང་ལྡན་ན། ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་བསྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བྱམས་པ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལྔ་བརྒྱ་པ་ཐ་མལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་བསྣད་ཅིང་མ་དམས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་བར་འདོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པར་འདོད་པས་འདུ་འཛི་ལ་མི་དགའ་བ་དང་། དགོན་པ་དང་ནགས་དང་། བས་མཐར་གནས་པ་


LT38_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་ཅན་ལ་རིག་པ་མེད་ཅིང་མི་བརྩོན་པ་ཡོངས་སུ་སྤོང་བ་དང་། བདག་གི་འཁྲུལ་པ་ལ་རྟོག་ཅིང་གཞན་གྱི་འཁྲུལ་པ་མི་འཚལ་བ་དང་། མི་སྨྲ་བ་ལ་དགའ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་གནས་པ་ལ་དགའ་བར་བྱའོ། །གལ་ཏེ་དེ་ལ་སེམས་ཅན་གཞན་དག་ལ་བརྡས་འཕྲད་པར་འདོད་པའི་སེམས་སྐྱེས་ན། དེས་ཟང་ཟིང་མེད་པའི་སེམས་ལ་གནས་ཏེ། ཆོས་ཀྱི་སྦྱིན་པ་སྦྱིན་པར་བྱའོ། །ཞེས་གདམས་པར་མཛད་པ་ཉིད་ལ་ཡིད་ཆེས་པས་ལག་ལེན་དུ་བསྟར་ན་དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་རིང་པོར་མི་ཐོགས་པར་དོན་གཉིས་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོའི་གོ་འཕང་ལ་མངའ་བརྙེས་པར་འགྱུར་བ་ནི་བདེན་གསུངས་ཡང་དག་པའི་ཚད་མའོ། །ངེས་འབྱུང་ཤུགས་ཀྱིས་བརྩོན་པའི་མེ་སྦར་ནས། །ཡེ་ཤེས་སྣང་བས་འཁྲུལ་པའི་མུན་ཁུང་བཅོམ། །གདོད་མའི་གཏན་སྲིད་ཚེ་འདིར་སྙོགས་པ་ཡི། །མི་ཡི་སེང་གེ་མཐའ་ཡས་འབྱོན་གྱུར་ཅིག །གསུང་རབ་ཡིད་བཞིན་ནོར་བུ་རྡུལ་ཁྲོད་དུ། །རྩིས་མེད་བོར་བའི་སྙིགས་དུས་རྨུ་རྒོད་ལ། །སྤང་བླང་གདམས་པའི་མཆིང་བུས་ཅི་ཞིག་བྱ། འོན་ཀྱང་བློ་ལྡན་རེས་འགའ་འབྱུང་སྲིད་སྙམ། །ལས་འཕྲོ་ཅན་ལ་ཐར་བའི་མིག་འབྱེད་དང་། །གཞན་དག་ལ་ཡང་བླང་དོར་ངོ་ཤེས་པའི། །རིན་ཆེན་སྒྲོན་མེ་ལེགས་བཤད་


LT38_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་ལྡན་ཏུ། །གྱུར་ནས་ཐར་ལམ་ཡུན་རིང་སྣང་བྱེད་ཤོག །ཅེས་པ་འདི་ཉིད་མདོ་ཁམས་བཀའ་བརྒྱུད་པའི་གདན་ས་ཆེན་པོ་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་ཟབ་མོའི་སྒྲུབ་ལ་གཞོལ་བ་རྣམས་ཀྱི་བླང་དོར་གྱི་དམིགས་ཕྱེད་པའི་སླད་དུ། སྙིགས་དུས་སྒྲུབ་བརྒྱུད་འཛིན་པའི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་བྲིས་པ་སྒྲུབ་བརྒྱུད་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།དགེ་ལེགས་འཕེལ།།


previousདཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་སྒྲུབ་པ་རྣམས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བླང་དོར་རབ་གསལ་ཕན་བདེའི་འབྱུང་གནས།next