Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག་ལྷའི་སྒྲ་སྙན།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག་ལྷའི་སྒྲ་སྙན།next

མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག་ལྷའི་སྒྲ་སྙན།


LT38_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག་ལྷའི་སྒྲ་སྙན་ཞེས་བྱ་བ་བཞུགས་སོ། །


LT38_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཇི་སྙེད་ནམ་མཁའི་མུ་ཁྱུད་དུ། །དོན་དམ་ཇི་བཞིན་གཟིགས་པའི་འོད་སྟོང་སྤྲོ། །


LT38_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་དཀའི་མ་རིག་མུན་པ་སེལ་བའི་གཉེན། །རྣམ་པ་ཀུན་མཁྱེན་སྟོན་པ་མཆོག་ལ་འདུད། །


LT38_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་གཤེན་རྒྱལ་བའི་རྗེས་སྐྱེས་སེམས་དཔའ་ཆེ། །འགྲོ་དྲུག་ཆུ་བོ་བཞི་ལས་སྒྲོལ་བའི་གྲུ། །འཕྲུལ་ངག་བདེན་པས་ཐར་པའི་ལམ་སྟོན་པ། །ཡིད་བཞིན་ནོར་བུའི་ཕྲེང་བ་མཚུངས་དེར་བསྔགས། །དོན་དམ་བདེན་མཐོང་མྱང་འདས་མཐར་སོན་ཀྱང་། །རྒྱུན་གནས་ཐུགས་རྗེས་རྒྱ་མཚོར་དེད་དཔོན་བཞིན། །སྲིད་པའི་ལམ་འཇུག་སྲིད་པ་དཀྲིད་དྲང་བ། །ཞར་བོད་མཁས་དང་གྲུབ་པའི་ཚོགས་ཀུན་རྒྱལ། །བསླབ་གསུམ་གསེར་གྱི་ལྷུན་པོ་བགྱིད་ཆགས་ཤིང་། །གསང་སེམས་མངོན་རྟོགས་ཉི་ཟླའི་རྣ་རྒྱན་གྱིས། །གཡུང་དྲུང་བོན་བསྟན་ཆུ་སྐྱེས་ཚལ་འབྱེད་པ། །ཕུན་ཚོགས་འབྱུང་གནས་བླ་མར་ཕྱག་བགྱིའོ། །མི་ཕྱེད་ཤིན་ཏུ་རྟོགས་དཀའ་གཡུང་དྲུང་གི། རེ་ཁཱས་མཚོན་བྱས་སྙིགས་དུས་གྲུབ་པའི་ཕུལ། །སྲིད་ཞིའི་ཕུན་ཚོགས་མཐའ་དག་སྐད་ཅིག་ལ། །འབད་མེད་སྩོལ་དེ་གང་གི་རྣམ་པར་ཐར། །གཡུང་དྲུང་བསྟན་པའི་སྒོར་ཞུགས་རྒྱུ་སྐར་དབུས། །མཁྱེན་རྟོགས་ཕུན་ཚོགས་བདུད་རྩིའི་ཐིག་ལེ་གང་། །མི་གནས་ཞི་བར་གཟིམས་པའི་བོན་གྱི་སྐུའི། །རྟེན་མཆོག་བྱུང་བ་མདོ་ཙམ་བསྙད་པར་བྱ། །དེའང་ཚངས་རྒྱུད་གི་འཇིག་རྟེན་ཁྲག་ཁྲིག་གཅིག་གིས་གཏམས་པའི་སྟོང་གསུམ་འཇིག་རྟེན་མཉམ་ཆགས་མཉམ་འཇིག་མཐའ་དག་འདུལ་བའི་སྟོན་པ་ནི། ཡེ་ཉིད་ཀྱི་སྟོན་པ་བོན་གྱི་སྐུ་བདེ་བ་ཆེན་པོ་བདག་ཏུ་མེད་པའི་


LT38_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོའི་ངང་ལས། ཐུགས་རྗེའི་སྟོན་པ་ལྷུན་གྲུབ་གནས་ཀྱི་འོག་མིན་དུ་བདག་ཏུ་ཡོད་པའི་ཀུན་བཟང་ལོངས་སྐུ་གཤེན་ལྷ་འོད་དཀར་དུ་ཤར། དེ་ཉིད་ཀྱི་ཐུགས་རྗེའི་རྩལ་ལས་འདུལ་བྱེད་དང་། སྲིད་པའི་རྒྱལ་པོ་སངས་པོ་འབུམ་ཁྲི་ཡབ་ཡུམ་གྱིས་གདུལ་བྱའི་ཡུལ་སྤྲོས་པས་ཐུགས་རྗེ་དང་ཡུལ་འཛོམས་ཏེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་སྣང་། དེའང་ཕྱི་ལྟར་ན་སྟོན་པ་གཤེན་རབ་མི་བོ། ནང་ལྟར་ན་གསང་བ་འདུས་པ། གསང་བ་ལྟར་ན་ཁྲི་བཞིན་མ་ཏིང་ཞེས་བྱ་བ་དེ་ཉིད་གདུལ་བྱའི་སྣང་ངོར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་ནས་དབྱིངས་ཀྱི་ངང་དུ་མངོན་པར་སངས་རྒྱས་ཀྱང་། རྒྱུན་གནས་ཐུགས་རྗེ་རྣམ་བཞིའི་རྩལ་གཡོས་ཏེ། དགའ་ལྡན་ལྷའི་གནས་ནས་འཛམ་གླིང་མིའི་སྟོན་པ་ལ་གཤེགས། གནས་རིས་ཆེན་པོ་བཞི་ནས་ཡས་མར་དུ་བྱོན། གཟུགས་མེད་གཟུགས་ཁམས་འདོད་ལྷ་རིགས་དྲུག་གི་གནས་སུ་བོན་གྱི་འཁོར་ལོ་བསྐོར། སུམ་ཅུ་རྩ་གསུམ་གྱི་གནས་སུ་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ཐོག་མར་བཞེངས། གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་ཐུགས་ལ་བཀྲམ་ནས་ཞིང་ཁམས་འོལ་མོ་ལུང་རིང་དུ་སྤྲུལ་པའི་སྐུར་བྱོན། མཛད་པ་ཆེན་པོ་བཅུ་གཉིས་དང་ཕྲ་མོ་དྲུག་ཅུ་ལ་སོགས་པ་མི་ལོ་སུམ་སྟོང་གཅིག་བརྒྱའི་བར་དུ་


LT38_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། འདོད་ཆགས་ཀྱི་གཉེན་པོར་འཕན་ཡུལ་འདུལ་བའི་བོན་སྒོ། ཞེ་སྡང་གི་གཉེན་པོ་ཆབ་དཀར་སྔགས་ཀྱི་བོན་སྒོ། གཏི་མུག་གི་གཉེན་པོར་དཔོན་གསས་ལུང་གི་བོན་སྒོ། དུག་གསུམ་ཆ་མཉམ་གྱི་གཉེན་པོར་གཙང་མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་སྒོ། དེ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་རེ་སྟེ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས། འགྲོ་བ་རྣམས་ལ་ཐར་པའི་ལམ་བསྩལ། ཁྱད་པར་དུ། མདོ་དྲི་མ་མེད་པ་ལས། བསྟན་པ་རྗེས་བཞག་རྣམ་པ་གསུམ་ཡིན་ཏེ། །སྐུ་གདུང་སྐུ་གཟུགས་གསུང་རབ་གླེགས་བམ་གསུམ། །ཐོག་མར་སྐུ་གདུང་བསྟན་པའི་རྗེས་བཞག་བྱུང་། །ཞེས་གསུངས་པ་ལྟར་ལྷ་ཀླུ་མིའི་གནས་སུ་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པའི་སླད་དུ་རིག་པའི་གནས་ལྔའི་ཐོག་མ་བཟོ་རིག་པ་ནི་བཟོ་རྒྱལ་གར་མ་ལི་ཤོ་ལ་གསུངས། དེ་ལ་གཏུགས་ཤིང་ཤེས་རབ་ཀྱི་རྩལ་སྦྱངས་པའི་མཁས་པ་ཆེན་པོ་དྲུག་བྱུང་། འཇིག་རྟེན་ཐམས་ཅད་ཡོན་ཏན་གྱི་རྒྱན། བསྟན་པ་ཆགས་པའི་ཞིང་དུ་མཛད། དེ་ལྟར་སྟོན་པ་ཉིད་འཇིག་རྟེན་ཏུ་བཞུགས་པའི་སྐབས་སུ་བདེ་གཤེགས་མཆོད་རྟེན་བརྒྱད་ལ་སོགས་པ་དཔག་ཏུ་མེད་པ་བྱུང་ཞིང་། སྟོན་པ་མྱ་ངན་ལས་འདས་ནས་གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་གིས་བཀའི་འཁོར་ལོ་གཉིས་པ་བསྐོར། འཛམ་གླིང་མཛེས་པའི་རྒྱན་དྲུག་ལ་


LT38_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་བཀའི་བསྡུ་བ་མཛད་པ་ནས་བཟུང་། ད་ལྟའི་བར་དུ། ཕོ་བྲང་གཞལ་ཡས་བདེ་གཤེགས་སྐུ་ཡི་རྒྱུད། །འཛབ་བསྙེན་ཚ་ཚ་བདེ་གཤེགས་གསུང་གི་རྒྱུད། །རྣམ་དག་མཆོད་རྟེན་བདེ་གཤེགས་ཐུགས་ཀྱི་རྒྱུད། །ཅེས་པ་ལྟར་སྐུ་གདུང་རྣམ་པ་གསུམ་གྱིས་འཇིག་རྟེན་གྱི་ཁམས་བཀངས་ཤིང་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་གྱུར། བོད་ཀྱི་ཡུལ་འདིར་ཡང་བདུད་རྗེ་ཁྱབ་པའི་དམག་གིས་གཤེན་གྱི་རྟ་བདུན་བརྐུས་པའི་རྗེས་གཅོད་ཟོལ་གྱིས་རྣམ་མཁྱེན་སྟོན་པ་དངོས་སུ་ཕེབ་ནས་སྐུ་གསུང་ཐུགས་ཀྱི་རྟེན་སྤྲུལ། གྲུབ་མཐས་བློ་མ་བསྒྱུར་བའི་བོད་ཀྱི་སྐྱེ་བོ་དྲང་བའི་ཐབས་སུ་རྒྱུའི་བོན་སྒོ་ཕྱོགས་ཙམ་བསྟན། མ་འོངས་པ་ན་བསྟན་པ་ཆགས་ཤིང་རྒྱལ་གཤིན་གྱི་བརྒྱུད་པ་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པ་ལྟར། ལྷ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་། སྟོད་ཀྱི་བླ་མ་ཆེ་དྲུག་ལ་སོགས་པ་བྱོན་ཏེ་བོན་སྔ་དར་གྱི་དབུ་ཚུགས། རྒྱལ་པོ་བྱ་ཁྲིའམ་མུ་ནེ་བཙན་པོའི་སྐུ་རིང་ནས་ཁྲི་སྲོང་གི་བར་དུ་བར་གྱི་གདུང་བརྒྱུད་བཅུ་གསུམ་ལ་སོགས་པ་བྱོན་ཏེ་བོན་བར་དར་གྱི་སྐབས་བྱུང་། དེ་ནས་བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས་པའི་དུས་ཀྱི་ཚེ་མཁས་པ་མི་བཞི། མཐུ་ཆེན་མི་དགུ་ལ་སོགས་པས་འཇིག་རྟེན་བདེ་ལེགས་སྒྲུབ་པའི་བོན་ཅུང་ཟད་མ་


LT38_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་སྒོ་བཞི་མཛོད་ལྔའི་དངོས་གཞི་རྣམས་གཏེར་དུ་གཏམས་ནས་དུས་རིང་ཞིག་འདས་པ་ན། སྨོན་ལམ་གྱི་དབང་གིས་སྤྲུལ་སྐུ་གཤེན་གྱེར་རྨ་དབྱིལ་གྱིས་ཐོག་དྲངས། ཕྱིས་བྱོན་རིག་འཛིན་སྤྲུལ་སྐུ་རྣམ་བཞིས་གཞུག་སྐྱོང་བའི་གྱེར་གཤེན་སེམས་དཔའ་མང་པོས་གཏེར་སྒོ་བྱེ་སྙེད་འབྱེད་པར་མཛད་པ་ལས་གྲགས་ཆེ་བ་དབུས་གཏེར་བྱང་གཏེར་ལྷོ་གཏེར་གསུམ་སྟེ། དེ་དག་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུ། རྒྱལ་གཤེན་ཆེན་པོ་རིག་འཛིན་ཞིག་པོ་རྣམ་དྲུག་གི་གདུང་འཛིན་ལ་སོགས་པའི་གཤེན་པོ་རྣམས་ཀྱིས་ཡོངས་སུ་སྤེལ་བས་བོན་ཕྱི་དར་གྱི་བསྟན་པ་ཕྱི་ཕྱིར་རྒྱས་པར་འགྱུར་བ་ལུང་དང་ཁ་བྱང་རྣམས་ལས་གསུངས། དེ་ལྟ་བུའི་བརྒྱུད་འཛིན་གཤེན་པོ་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དང་། སྦས་པའི་ཚུལ་ཅན་ཀུ་སཱ་ལིའི་བརྟུལ་ཞུགས་འཆང་བས་བསྟན་པ་སྐྱོང་ཞིང་འབྲེལ་ཚད་དོན་ལྡན་ཏུ་མཛད་པ་མ་ངེས་སྐར་ལྟར་བཀྲ་བ་ལས། འདིར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་འབྲི་ཟླའི་ཆུ་ཀླུང་ཆེན་པོའི་བར་དུ་ཆུད་པ་ཟལ་མོ་སྒང་། ཆོས་བཞིན་སྤྱོད་པའི་ས་སྐྱོང་སྡེ་དགེའི་མངའ་རིས། སྤྲུལ་སྐུ་གཤེན་གསས་ལྷ་རྗེ། འགྲོ་མགོན་ཤར་བ་རྣལ་འབྱོར། ཁྲོམ་ཞིག་ཁྲོ་བོ་རྒྱལ་མཚན་སོགས་གྲུབ་པའི་སྐྱེས་བུ་མང་པོ་སྐུ་འཁྲུངས་ཤིང་སྒྲུབ་པའི་གནས་དང་ཉེ་བ། ནུ་གཤེན་


LT38_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རིའི་མཁན་རབས། རིག་འཛིན་ཀུན་གྲོལ་གྲགས་པ་སོགས་སྐྱེས་ཆེན་མང་པོའི་ཞབས་ཀྱིས་བཅགས་ཤིང་། ཁྱད་པར་མདོ་ཁམས་སྤྱིའི་བླ་མཆོད། ཞྭ་དཀར་མོ་ཅན་གྱི་བདག་པོ། ཁྱུང་པོ་བླ་མ་རང་གྲོལ་བློ་གྲོས་གྲགས་པ་རྒྱལ་མཚན་ནས་བརྩམས། དབོན་བརྒྱུད་མཁས་ཤིང་གྲུབ་པ་བརྙེས་པ་ཟམ་མ་ཆད་པར་བྱོན་པའི་ཡུལ་ལྗོངས་དང་འདབས་ཆགས་པ། ཞིང་སྐྱེས་ཀྱི་དཔའ་བོ་རྣལ་འབྱོར་མ་རྒྱུན་མི་ཆད་པར་བྱོན་པའི་གནས་བཟང་པོར་འགྲོ་བའི་འདྲེན་པ། གྲུབ་པའི་དབང་ཕྱུག །བསྟན་པའི་སྒྲོན་མེ། ཡོངས་སུ་གྲགས་པའི་མཚན་ཐར་བདེ་རྟོགས་ལྡན་གཡུང་དྲུང་ཕུན་ཚོགས་ཞེས་བྱ་བའི་སྐྱེས་བུ་ཆེན་པོ་དེ་ཉིད་བྱོན་པ་ཡིན་ནོ། །དེའང་སྐུ་ན་ཕྲ་མོའི་དུས་ནས་འཇིག་རྟེན་ཁྱིམ་པའི་གནས་ལ་ངན་སྐྱུགས་དང་མི་གཙང་བའི་ཕུང་པོ་ལྟར་གཟིགས། ལྷ་མའི་བདེ་འབྱོར་མཐའ་དག་ལ་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་ཞེན་པ་གཏིང་ནས་ལོག་སྲིད་ལས་ངེས་པར་འབྱུང་བའི་བློའི་ཤུགས་དྲག་པོས་གཞན་སུས་ཀྱང་མ་བསྐུལ་བར་རྟག་ཏུ་དགེ་བའི་བྱ་བ་ཁོ་ན་ལ་བརྩོན། གནས་ལུགས་ཇི་བཞིན་གཟིགས་པའི་རྟོགས་ལྡན་ཆེན་པོ་ཡེ་ཤེས་བསྟན་འཛིན་ལ་སོགས་པ་བཤེས་གཉེན་མཚན་ཉིད་དང་ལྡན་པ་མང་པོ་བསྟེན་ཏེ་ཕྱི་ནང་གསང་བའི་བོན་རྣམས་སྒྲོ་འདོགས་


LT38_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པར་མཛད། ར་བླ་འདུལ་བ་ཚུལ་ཁྲིམས་དང་། ཁྱུང་པོ་ཚུལ་ཁྲིམས་མཆོག་ལེགས་སོགས་གྲུབ་པའི་སྐྱེས་བུ་དུ་མས་བསྟི་བའི་དབེན་གནས་ཐར་བདེ་མི་གཡོ་བསམ་གཏན་གླིང་དུ་སྒྲུབ་པའི་རྒྱལ་མཚན་སྐུ་ཚེ་རིལ་པོར་བཙུགས། སྐུ་མདུན་ཐམས་ཅད་མཁྱེན་པ་བསོད་ནམས་ཡེ་ཤེས་ཀྱིས་ཤིང་རྟའི་ལམ་སྲོལ་གསར་དུ་ཕྱེས་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་དང་། དགོངས་མཛད་རི་ཁྲོད་ཆེན་པོའི་བཀའ་སྲོལ་ཨ་ཁྲིད་སོགས་ལ་གཞི་བཟུང་། བླ་ཆེན་དྲན་པའི་ཡང་སྲིད་རིག་འཛིན་ཆེན་པོ་ཀུན་གྲོལ་གྲགས་པའི་ཟབ་གཏེར་མཁའ་འགྲོའི་ཁ་རླངས་མ་ཡལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་མཁའ་འགྲོ་གསང་མཛོད་ཆེན་མོ་དང་། གསས་མཁར་སུམ་བརྒྱ་དྲུག་ཅུའི་མན་ངག་སྙིང་ཏིག་ཏུ་དྲིལ་བ་དམར་མོ་མཛུབ་ཁྲིད་ལ་བཙལ་དུ་བཏོན་ཏེ། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ལས་ཀྱི་རླུང་ཐམས་ཅད་ཡེ་ཤེས་ཀྱི་རྩ་ཨ་བ་དྷཱུ་ཏིར་དག །འོད་གསལ་ནམ་མཁའ་ལྟ་བུ་མངོན་ཏུ་གྱུར། འཁོར་འདས་ཐམས་ཅད་དག་པའི་སྣང་བ་དཀྱིལ་འཁོར་རབ་འབྱམས་སུ་གཟིགས། བར་སྐབས་འགའ་ཞིག་ཏུ་ཐུགས་དམ་གྱི་རྟོགས་པ་ལ་བོགས་དབྱུང་ཞིང་གདུལ་བྱའི་སྐྱེ་བོ་མང་པོ་ཐར་པའི་ལམ་ལ་དཀྲི་བའི་སླད་དུ། རོང་བཞི་ཤོད་ཆེན་བཅོ་བརྒྱད་གཙོས་རིག་འཛིན་གོང་མའི་འདུག་གནས་ཕལ་མོ་


LT38_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཕེབ་ནས་བསགས་སྦྱངས་དང་ཐུགས་དམ་གྱི་རིམ་པ་རྒྱ་ཆེར་གནང་། ཁྱད་པར་གཙང་སྟོད་ཕྱུག་མོ་དཔལ་རིང་བཀྲ་ཤིས་སྨན་རིའི་གདན་སར་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སེང་གེའི་ཁྲི་ལ་བཞུགས་པ་སྐུ་མདུན་མཁས་གྲུབ་བསོད་ནམས་བློ་གྲོས་ལས་གཙང་མའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྫོགས་པར་གསན་ནས་སྐུ་ཚེ་ཇི་སྲིད་དུ་ཤ་ཆང་ལྗགས་ཐོག་ཏུ་མི་འཇོག་ཅིང་ཚུལ་གོས་རྒྱུན་ཏུ་བཞེས་པ་སོགས་དྲང་སྲོང་གི་སྤྱོད་ལམ་ཤིན་ཏུ་གཙང་བར་མཛད། སྙིང་པོ་རྣམ་གསུམ་གཙོར་གྱུར་གསར་རྙིང་བོན་སྡེ་མང་པོའི་ལྷག་པའི་ལྷ་ཡི་གསུང་བཟླས་ཀྱང་དཔག་མེད་མཛད་ཅིང་། གཞན་ཕན་ཐུགས་བསྐྱེད་ཆེན་པོས་ཆེད་དུ་བསྒྲུབས་པའི་དམ་རྫས་མྱང་གྲོལ་འགྱེད་ཅིང་སྨིན་གྲོལ་བོན་སྦྱིན་ལོ་བསྟར་དུ་བསྩལ་བས་རིས་མེད་ཀྱི་འགྲོ་བ་བསམ་གྱིས་མི་ཁྱབ་པ་རྣམ་པར་གྲོལ་བའི་ལམ་ལ་བཀོད། བྱ་བཏང་གི་ཚུལ་ལ་དཔག་པའི་སྐུ་གསུང་ཐུགས་རྟེན་ཀྱང་རྒྱ་ཆེར་བཞེངས་ནས་དད་རྫས་བྱུང་ངོ་ཅོག་ཚོགས་གཉིས་རླབས་པོ་ཆེར་སྤེལ། སྐལ་ལྡན་གྱི་སློམ་མ་སྤྱི་ལ་ལམ་རིམ་ལ་སོགས་པ་དང་། ཐུན་མོང་མ་ཡིན་པ་རྣམས་ལ་མཁའ་འགྲོ་གསང་བའི་མཛོད་སོགས་བོན་གྱི་འཁོར་ལོ་བསྐོར་བས་དད་བརྩོན་ལྡན་པ་མང་པོ་གྲུབ་པའི་ས་ལ་བཀོད་ཅིང་། འབྲེལ་ཚད་


LT38_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཐར་པའི་ས་བོན་ཁྱད་པར་ཅན་བསྐྲུན། མདོར་ན་དམ་པ་འདི་ཉིད། སྤྱོད་པ་བླ་མེད་ཕྱིན་བཅུའི་ཕ་རོལ་སོན། །ལྟ་བ་སྟོང་ཉིད་བཅོ་བརྒྱད་ཉམས་སུ་ལོངས། །ལམ་བྱང་ཆུབ་ཀྱི་ཡན་ལག་བཅུ་གཉིས་བགྲོད། གཡུང་དྲུང་གི་ས་བཅུ་མཐར་ཕྱིན་ནས། འབྲས་བུའི་རྟགས་བཅུ་གཅིག་དང་ལྡན་པའི་གདོད་མའི་མགོན་པོའི་རྒྱལ་སར་གཤེགས་པར་འགྱུར་བ་ཅན་ཏུ་གདོན་མི་ཟ་ཞིང་། དེ་ལྟར་ཡང་ལམ་རིམ་བགྲོད་ཀྱི་སོ་སྐྱེ་ཕལ་པ་ཙམ་མ་ཡིན་པ་བསམ་བཞིན་སྐྱེ་བ་བཞེས་པའི་སར་གནས་ཀྱི་སེམས་དཔའ་ཆེན་པོར་ངེས་ཏེ། བློ་ལྡན་སྙན་བརྒྱུད་ལས། ཁྱད་པར་ང་དང་སྟོང་རྒྱུད་བྱིན་བརླབས་པ། །མདོ་ཁམས་སྟོད་སྨད་ཀུན་ནས་གྲངས་མང་འབྱུང་། །ལ་ལ་སྒོམ་ཆེན་ཆས་ཞུགས་རི་ཁྲོད་འགྲིམས། །འདུལ་ཁྲིམས་འཛིན་ཅིང་འཆད་རྩོད་རྩོམ་གསུམ་སྤེལ། །བསྙེན་སྒྲུབ་བྱེད་ཅིང་གསང་སྔགས་གཞུང་བཞིན་སྤྱོད། །གནས་ལུགས་རྟོགས་ཤིང་གཞན་རྒྱུད་ཉོན་མོངས་འདུལ། །དགོན་གནས་འདེབས་ཤིང་གསས་མཁར་རྟེན་གསུམ་བཞེངས། །མཐུ་རྩལ་ལྡན་ཞིང་བསྟན་པའི་དགྲ་བགེགས་སྒྲོལ། །ཐབས་ལ་མཁས་ཤིང་སེམས་ཅན་མ་ལུས་འདྲེན། །ཐུགས་རྗེ་ཆེ་ཞིང་གདུལ་བྱ་ཐར་པར་བཀོད། །ཅེས་ལུང་བསྟན་པའི་ཡོན་ཏན་རྣམས་ནི་བདག་ཉིད་ཆེན་པོ་འདི་ལ་ཚང་བ་ཡིན་ནོ། །དེ་ལྟར་དོན་


LT38_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་མཛད་པ་མཐར་ཕྱིན་ཏེ་མི་གནས་པའི་མྱང་འདས་ཆེན་པོར་སྐྱེས་བུ་རང་ཁྱིམ་དུ་བགྲོད་པ་ལྟར་གཤེགས་པའི་ཚེ། སྐུ་གདུང་རིན་པོ་ཆེ་ཞུགས་ལ་འབུལ་བ་དང་། ནང་རྟེན་བཞེངས་པ་སོགས་དགོངས་རྫོགས་ཀྱི་བྱ་བ་སྒྲུབ་ཅིང་བསྟན་པ་འཛིན་པ་པོ་ནི། རྗེ་ཉིད་ཀྱི་རིགས་དབོན་ཞལ་སློབ་ཀྱི་ཐུ་བོ། བསླབ་པ་གསུམ་གྱི་བདག་ཉིད། བོན་ཕྱི་ནང་གསང་བའི་མཛོད་ལ་མཁས་ཤིང་དངོས་གྲུབ་ཀྱིས་བརྒྱན་པ་ཤེས་རབ་དབང་ཕྱུག་སྐུ་མཆེད་ནས་དད་བརྩོན་ཆེན་པོས་གཡར་དམ་དུ་བཞེས་པ་སྟེ། དེའང་མཆོད་རྟེན་ལ་སྤྱིར་དབྱེ་ན། བོན་ཉིད་སྐུའི་མཆོད་རྟེན། དབྱིངས་ཀྱི་མཆོད་རྟེན་ལ་གསུམ། སྤྲུལ་པའི་མཆོད་རྟེན་ལ་བཞི། རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་ལ་བརྒྱད། སྲིད་པའི་ཁ་གནོན་རི་རབ་ལྡེག་གནོན་གྱི་མཆོད་རྟེན་ལ་བཞི། འདུས་བྱས་གཟུགས་བརྙན་གྱི་མཆོད་རྟེན་ལ་བརྒྱད། དུག་ལྔ་འདུལ་བའི་མཆོད་རྟེན་ལ་ཉེར་ལྔ། འགྲོ་བ་འདུལ་བའི་མཆོད་རྟེན་ལ་ལྔ། སྐུ་གདུང་རིང་བསྲེལ་གྱི་མཆོད་རྟེན་ལ་གྲངས་མེད་ཅིང་། ཏིང་ངེ་འཛིན་གྱི་མཆོད་རྟེན་མཐའ་ཡས་པ་རྣམས་སུ་ཡོད་པ་ལས། འདིར་ཕྱག་རྒྱུན་ལྟར་གཟུགས་བརྙན་མཆོད་རྟེན་གྱི་ནང་གསེས་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཐོག་སོ་གཅིག་གི་ཚད་ཅན། ཞིང་དང་བསམ་པ་དངོས་པོ་


LT38_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྡིག་དང་མ་འདྲེས་པའི་རྒྱུ་གཙང་ཞིང་དག་ལ། བཀོད་པ་ཚར་དུ་དངར་བ། ཆགས་ཚད་དབྱིབས་སོགས་མཆོད་རྟེན་གྱི་རྒྱུད་དང་། རྒྱལ་བུ་རྒྱལ་ས་ལ་འཁྲུང་པའི་མདོའི་དགོངས་དོན་མ་འཁྲུལ་བར་བཞེངས་པར་འདི་ཉིད་ཀྱི་ནང་གཞུག་གི་གཙོ་བོ་རིང་བསྲེལ་སྡེ་ལྔར་གྲགས་པའི། ཐོག་མར་བོན་གྱི་རིང་བསྲེལ་ནི། བོན་ཕྱི་ནང་གསང་བའི་གཟུངས་སྡེ་རྣམས་ཀུན་གཟིགས་ནམ་མཁའ་ཡེ་ཤེས་ནས་གཅིག་ཏུ་བསྡུས་པའི་གཟུངས་སྡེ་རིན་ཆེན་སྤུངས་པ་ནས་འབྱུང་བ་རྒྱས་འབྲིང་བསྡུས་གསུམ་ཆ་ཚང་མཐིང་ཤོག་ལ་གསེར་དངུལ་གྱིས་བྲིས་པ་ཆ་གཅིག །རྒྱ་ཤོག་ལ་མཚལ་དང་བྱིན་རྟེན་སྨན་སྣ་རིན་པོ་ཆེ་བསྲེས་ནས་སྤར་དུ་བཏབ་པ་ཆ་བརྒྱད་དེ་རྒྱས་འབྲིང་བསྡུས་པ་ཁྱོན་བསྡམས་ཆ་ཉེར་བདུན། ཁ་འཐོར་གྲས། ཡིག་བརྒྱ་དང་། རྒྱལ་བ་རྒྱ་མཚོའི་གཟུངས་ཆེན་ཚར་ལྔ་བརྒྱ་རེ། མ་ཏྲི་བདེ་གཤེགས་སྟོང་འཛབ། རིགས་དྲུག་རང་སྦྱང་། སྙིང་པོ་སྤྱི་འདུས་ཤོག་བྱང་རྣམས་སྟོང་ཕྲག་རེ། ཀློང་རྒྱས་བོན་སྤྱོད་བཅས། ཡང་མཆོད་གཞུང་། ཁྲོ་བོ་ཡོངས་རྫོགས། རྣམ་རྒྱལ་གཟུངས་སྒྲུབ། སྐྱེ་སྒོ་གཅོད་མདོ། ཚེ་མདོ་གཟུངས། གདུགས་དཀར་མདོ་གཟུངས་བཅས་ཆ་རེ། དེ་དག་མདོ་རྒྱུད་ཐེག་པའི་གོ་རིམ་མ་འཁྲུལ་ཞིང་སོ་སོའི་ན་བཟའ་དང་བཅས་ཏེ་བཞུགས་པའོ། །གཉིས་པ་ཡུངས་


LT38_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལྟ་བུའི་རིང་བསྲེལ་ནི། ཏོག་གི་ནང་དུ། ཁྱུང་པོ་རང་གྲོལ་བློ་གྲོས་རྒྱལ་མཚན་གྱི་གདུང་ལས་བྱོན་པའི་ཤ་རཱི་རཾ་བོད་སྲན་སྦོས་པ་ལས་ཀྱང་ཆེ་བ་གཅིག །སྐུ་མདུན་བསོད་ནམས་བློ་གྲོས་གདུང་ལས་བྱོན་པའི་ཤ་རཱི་རཾ་སྲན་མ་ཙམ་གཅིག་བཅས། གསུམ་པ་བོན་གྱི་སྐུའི་རིང་བསྲེལ་ནི། རྗེ་དེ་ཉིད་ཀྱི་གདུང་ཐལ་དང་རྟེན་འདམ་ལས་གྲུབ་པའི་བདེ་གཤེགས་གཙོ་བཞི། སྟོན་པ་ཀུན་བཟང་རྒྱལ་བ་འདུས་པ། ཁྲོ་བོ་གཙོ་མཆོག་མཁའ་འགྱིང་། བཅུ་གཅིག་ཞལ། སྟག་ལ་མེ་འབར། དྲན་པ་ཡབ་སྲས་རྣམ་གསུམ་བཅས་ཀྱི་སྐུ་བརྙན་སྟོང་ཕྲག་རེ་དང་། ཟངས་ལས་གྲུབ་པའི་སྐུ་གདུང་ཆ་བརྒྱད་མཛུབ་རེ་ཡོད་པ། དེ་རྣམས་སོ་སོ་ལའང་སྐུ་གསུང་ཐུགས་དང་རྟེན་འབྲེལ་སྙིང་པོའི་ནང་གཞུག་དང་ལྡན་པ་བཞུགས་སོ། །བཞི་པ་སྐུ་གདུང་གི་རིང་བསྲེལ་ནི། བུམ་པའི་ནང་སྟོད་ཀྱི་ཤར་དུ། བྲུ་ནམ་མཁའ་གཡུང་དྲུང་གི་ཚེམས་ལ་ཤ་རཱི་རཾ་ཡུངས་དཀར་ཙམ་གཉིས་ཀྱིས་མཚན་པ། བྱང་དུ་ཁྱུང་པོའི་སྟག་ལའི་ཐུགས་ལ་ཡི་གེ་མ་སྨུག་ནག་བྱོན་པ། ནུབ་ཏུ་དོ་ཤང་བླ་མའི་དབུ་ཐོད་རིང་བསྲེལ་གསེར་མདོག་གིས་མཚན་པ། བྱང་དུ་ཁྱུང་ཟ་ཆོག་སྒྲོན་དབུ་ཐོད་ལ་ཡི་གེ་ཨ་རང་བྱོན་ཡོད་པ། གཞན་ཡང་རིས་མེད་ཀྱི་མཁས་གྲུབ་སྐྱེས་ཆེན་མང་པོའི་གདུང་རུས།


LT38_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་མཚལ་ལ་སོགས་པ་བཞུགས་སོ། །ལྔ་པ་སྐུ་བལ་གྱི་རིང་བསྲེལ་ནི། མཉམ་མེད་ཤེས་རབ་རྒྱལ་མཚན། སྐུ་མདུན་གཡུང་དྲུང་དབང་རྒྱལ། སྐུ་མདུན་བསོད་ནམས་བློ་གྲོས། མཁན་ཆེན་ཉི་མ་བསྟན་འཛིན་སོགས་བཀྲ་ཤིས་སྨན་རིའི་གདན་སར་འཁོད་པ་རྣམས་དང་། བྲུ་ནམ་མཁའ་གཡུང་དྲུང་། བྲུ་ཤ་སངས་རྒྱས་བསྟན་འཛིན། གཤེན་རྒྱལ་བ་ཚུལ་ཁྲིམས། གཤེན་ཁྲི་ཆེན། སྤ་གཡུང་དྲུང་ནམ་བཟང་། ཞུ་གཡུང་དྲུང་དབང་རྒྱལ། ཞུ་སྒར་ཆེན་སྐུ་ཞབས། ཞུ་ཉི་མ་གྲགས་པ། རྨེའུ་བསོད་ནམས་དབང་དྲག །རྨེའུ་གཡུང་དྲུང་བསྟན་འཛིན། ཁྱུང་པོ་བློ་གྲོས་རྒྱལ་མཚན། སྨོན་རྒྱལ་དམ་པ་རང་གྲོལ། དགེ་བཤེས་གཡུང་དྲུང་བསྟན་འཛིན། གཏེར་ཆེན་སངས་རྒྱས་གླིང་པ། མཁའ་འགྲོ་བདེ་ཆེན་དཔལ་འདྲེན། སྐྱེ་བདུན་མི་ཕམ་མགོན་པོ། རིག་འཛིན་ཀུན་གྲོལ་གྲགས་པ། གསང་ཡུམ་པདྨ་ལས་རབ། ཡང་སྲིད་གཡུང་དྲུང་བསྟན་འཛིན་གྲགས་པ། མཚུངས་མེད་རིན་ཆེན་གཙུག་ཕུད། མཆོག་སྤྲུལ་ཞལ་བཞུགས། རྒྱལ་སྲས་རྒྱལ་བ་དབང་དྲག །རྒྱལ་སྲས་པདྨ་རྒྱལ་པོའི་སྤྲུལ་སྐུ། ཁྱུང་པོ་ཉི་གྲགས། ཟླ་གྲགས། ཡང་སྟོན་ཁྲི་བཙུག་བསྟན་པའི་རྒྱལ་མཚན། ཡང་སྟོན་གཙུག་ཕུད་རྒྱལ་མཚན། སྣང་བ་མདོག་ཅན་སྤྲུལ་


LT38_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། སྣང་ཞིག་ཟླ་བ་རྒྱལ་མཚན། ཁྱུང་པོ་སྤྲུལ་སྐུ། རྟོགས་ལྡན་ཡེ་ཤེས་བསྟན་འཛིན་རྣམས་ཀྱི་དབུ་ལོ། དབུ་ཞྭ། ན་བཟའ། ཕྱག་ཕྲེང་། ཕྱག་རྗེས་ལ་སོགས་པ་དང་། སྟོད་ཁྱུང་ལུང་དངུལ་མཁར་དང་དབུས་གཙང་མན་ནས། བར་ཁྱུང་པོ་སྨོན་རྒྱལ། སྨད་རྒྱལ་རོང་ཨ་མདོ་ཡན་གྱི་བྱིན་རླབས། རྟེན་འདུས། སྔགས་ནས། རྟེན་ཁྲུས་སོགས་ཁུངས་དག་ཕོན་མང་རྣམས་དང་།། ༈ །།ཆོས་ལུགས་ཀྱི་དམ་རྫས་ལོ་ཆེན་བཻ་རོའི་རྒྱ་དཔེ། བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་རིལ་བུ། ཀརྨ་པའི་དམ་རྫས་རིལ་ནག་ཆེན་མོ། ས་ངོར་གྱི་བདུད་རྩི་རིལ་བུ། ས་སྐྱོང་སྡེ་དགེའི་རྟེན་སྒམ་དུ་གང་བཞུགས་ཀྱི་བྱིན་རླབས་དམ་རྫས་རིགས་དང་གཞན་ནས་བྱུང་བ་སོགས། མདོར་ན་སྔགས་རྙིང་མ། ཀར་འབྲུག །ས་དགེ་ལ་སོགས་པའི་དམ་རྫས་ཁུང་ལྡན་ཕོན་མང་རྣམས། གང་ཟག་སྔ་ཕྱི་བྱོན་ལུགས་ཀྱི་གོ་རིམ་སོགས་དང་མཐུན་པར་བཞུགས་པའོ། །མཆོད་རྟེན་ལ་སྲོག་ཤིང་གཙོ་ཆེ་བ་མདོ་རྒྱུད་རྣམས་ནས་གསུངས་པ་ལྟར་བཟང་ཤིང་ཤར་རྟགས་རྩ་རྩེ་མ་འཁྲུལ་བའི་སྲོག་ཤིང་ལ་སྙིང་པོ་གསེར་གྱིས་བྲིས་པ། གནས་སོ་སོར་བུམ་རྫས་ཉེར་ལྔ། སེང་ཁྲིར་གནོད་སྦྱིན་འཁོར་ལོ་གསེར་དངུལ་གྱིས་བྲིས་པ་གཅིག །སྤར་མ་ཆ་བརྒྱད་སོགས་མདོར་ན་གཟུངས་འབུལ་གྱི་ཕྱག་ལེན་ཀུན་


LT38_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྲགས་པས་མཛད་པ་གཡའ་བྲལ་ཤེལ་གྱི་མེ་ལོང་ལྟར་ཚང་ཞིང་མ་འཁྲུལ་བར་བཞུགས་སུ་གསོལ་ཞིང་། ས་འཛིན་ཏུ་གངས་རི་མཚོ་གསུམ། ཟ་ཧོར་ལ་དྭགས། རྒྱ་གར་བལ་ཡུལ། གུ་གེ་ཁྱུད་ལུང་། སྤ་གྲོ་གཙང་དབུས། ཀོང་ཡུལ་ཁྱུང་པོ། མདོ་ཁམས་སྟོད་སྨད། རྒྱལ་རོང་ཨ་མདོ། རྒྱ་ནག་སོགས་གནས་ཆེན་གནས་ཕྲན་མང་པོའི་ས་ཆུ་རྡོ་ཤིང་རྩྭ་དང་མེ་ཏོག །གནོད་སྦྱིན་བང་མཛོད་དུ་ཚོང་འདུས་སྟོད་སྨད་ཀྱི་ས་དང་འབྲུ་ནོར་སོགས་གཡང་རྫས་སྣ་ཚོགས། ས་འཛིན་འོག་ཏུ་དུག་གསུམ་གྱི་མནན་པ། མཆོད་རྟེན་སྟོད་སྨད་ཀུན་ཏུ་སྨེ་བཙོགས་ཀྱིས་མ་གོས་པའི་དར་ཟབ་རས་ལིང་། གཤའ་ར་གན། ཞ་ཉེ་སོགས་མ་ཡིན་པའི་རིན་པོ་ཆེ་སྣ་ཚོགས། དུག་དང་མཐུར་ལྟས་མ་ཡིན་པའི་མེ་ཏོག་སྣ་ཚོགས། བྲ་སྲན་འབྲུ་ནག་མ་ཡིན་པའི་འབྲུ་རིགས་སྣ་ཚོགས། དུག་དང་བཤལ་སྐྱུགས་མ་ཡིན་པའི་སྨན་སྣ་ཚོགས་ཐུམ་དང་ཁྲོལ་བུར་བྱས་པས་བཀངས་ཤིང་། བཟང་ཞིང་དྲི་བཟང་གི་ཕུར་མས་བར་མཚམས་ཐམས་ཅད་བཅེར་ཞིང་མཚམས་དར་སོ་སོས་བཀག་པ་སོགས་གཞུང་ནས་བཤད་ཚོད་ཚད་ལྡན་འདུ་བགྱིས་ཤིང་། རབ་ཏུ་གནས་པའི་ཆོ་གས་ཡེ་ཤེས་སེམས་དཔའ་བརྟན་པར་བཞུགས་པའི་བྱིན་རླབས་ཀྱི་གཟི་བརྗིད་འབར་ཞིང་། སྐྱེ་དགུའི་བསོད་ནམས་ཀྱི་ཞིང་


LT38_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་དུ་གྱུར་པ་འདི་བསྒྲུབས་པ་ཡིན་ནོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་མདོ་ལས། བདེ་གཤེགས་སྐུ་གདུང་རིང་བསྲེལ་བཞེངས་བྱེད་པ། །བསྐལ་པར་བསགས་པའི་བག་ཆགས་སྒྲིབ་པ་འདག །མཚམས་མེད་ལས་གྱུར་སྡིག་དང་སྒྲིབ་པ་བྱང་། །བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་དུ་རྫོགས། །འབྲས་བུ་སྐུ་གསུམ་སངས་རྒྱས་འཐོབ་པར་འགྱུར། །ཅེས་དང་། །སྟོན་པ་སངས་རྒྱས་བདེ་བར་གཤེགས་པ་རྣམས། །ཕྲ་རབ་རྡུལ་དང་གྲངས་འཛིན་རྡུལ་ཕྲན་མཁྱེན། །གངྒཱའི་ཀླུང་གི་བྱེ་མ་སྙེད་ཙམ་མངོན། །སྐུ་གདུང་ཡོན་ཏན་གྲངས་ཀྱིས་བརྗོད་མི་ནུས། །ཞེས་དང་བདེ་གཤེགས་མཆོད་རྟེན་བཞེངས་སུ་གསོལ་བ་ཡིས། །ངན་སོང་གསུམ་ལས་གཏན་ཏུ་ཐར་བར་འགྱུར་རོ། །གང་ཞིག་མཆོད་རྟེན་སྐུ་ཡི་བསྐོས་མཁན་བྱེད་པ་ནི། །སྒམ་པོ་ཕྱ་ཡི་ལུས་སུ་སྐྱེ་བར་འགྱུར་རོ། །ཞེས་དང་། གང་གིས་མཆོད་རྟེན་སྐུ་ལ་འཇིམ་པ་གཅིག་བོར་བ། །ཇི་སྙེད་རྡུལ་གྱི་གྲངས་ནི་དེ་སྙེད་དུ། །བསོད་ནམས་རྒྱུན་ཀྱང་དེ་བཞིན་ཟད་མི་ཤེས། །ཞེས་སོགས་ནས། གང་ཞིག་མཆོད་རྟེན་སྐུ་ལ་མར་མེ་འབུལ་བ་ནི། །ཡེ་ཤེས་གསལ་བའི་སྒྲོན་མེ་འདེགས་པར་འགྱུར། །གང་ཞིག་མཆོད་རྟེན་སྐུ་ལ་ཕྱག་བསྐོར་འབུལ་བ་ནི། །རྩ་གསུམ་གནས་སུ་བོན་


LT38_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྐོར་བར་འགྱུར། །མཆོད་པའི་རྟེན་ལ་བཀུར་སྟི་སུས་བགྱིས་ཀྱང་། །ཚེ་འདིར་ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །འགལ་རྐྱེན་བར་ཆད་མ་ལུས་ཞི་ནས་ཀྱང་། །ཕྱི་མ་བླ་མེད་འབྲས་བུ་འཐོབ་པར་འགྱུར་རོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པ་རྒྱས་པར་མདོ་བྲི་མ་མེད་པའི་གཟི་བརྗིད་སོགས་བལྟ་བས་དང་བ་དང་། འདོད་པ་དང་། ཡིད་ཆེས་པའི་དད་པ་དང་ལྡན་པས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་སྒོ་ཐམས་ཅད་ནས་གསག་པར་བྱའོ། །སླར་སྨྲས་པ། འདི་དང་གཏན་གྱི་དབུལ་བའི་འཇིགས་འཕྲོག་ཅིང་། །ཡིད་ལ་འདོད་རྒུའི་དངོས་པོ་འཇོ་བ་ལ། །བུམ་བཟང་དཔག་བསམ་ཤིང་གིས་མི་བསྐྲུན་པ། །ལྷ་མིའི་མཆོད་སྡོང་བོན་སྐུའི་རྟེན་འདི་རྨད། །འདི་བགྱིས་དགེ་བས་རྣམ་འདྲེན་བླ་མ་མཆོག །དགོངས་པའི་ལྷག་མ་བོན་ཉིད་དབྱིངས་སུ་རྫོགས། །གང་འདུལ་སྤྲུལ་པའི་རོལ་རྩེད་མཐའ་ཡས་པས། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག །དྲི་མེད་གཤེན་བསྟན་ཉིན་བྱེད་མི་འགྲིབས་གསལ། །སྐྱེ་དགུའི་བདེ་སྐྱིད་པད་ཚལ་ཕྱོགས་བརྒྱར་བཞད། །རྣམ་དཀར་དཔྱིད་ཀྱི་དཔལ་མོ་དར་བབ་པའི། །བཀྲ་ཤིས་སྣང་བས་འཇིག་རྟེན་མཛེས་གྱུར་ཅིག །ཅེས་པའང་སྐྱེས་མཆོག་རྣམ་པར་འདྲེན་པ་པྲཛྙེ་ཤྭ་རའི་གསུང་


LT38_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་རྗེས་སུ་བསྒྲུབ་སླད། ཁྱུང་དཀར་གྱི་རིགས་ལས་གན་ཇག་ཐང་ཏའི་སྨོན་ལམ་འཛིན་པ་རིག་འཛིན་བློ་གྲོས་མཐའ་ཡས་སམ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བྲིས་པ་སརྦ་ཐཱ་ཀ་ལྱཱ་ཾ་བྷ་བ་ཏུ། །


previousམཆོག་གཟིགས་བླ་མ་དམ་པ་གཡུང་དྲུང་ཕུན་ཚོགས་ཀྱི་གདུང་རྟེན་དཀར་ཆག་ལྷའི་སྒྲ་སྙན།next