Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ།
   
   
   
   
   
   
   
   
   
   
   
   
   
   


 
previousབདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ།next

བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ།


LT38_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ་ཞེས་བྱ་བ་བཞུགས་སོ། །


LT38_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །དེ་ཡང་མདོ་སྡེ་འདུལ་བ་སོགས་ཐེག་པ་ཐུན་མོང་བ་ལས་ཁྱད་པར་རྣམ་པ་དུ་མས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་རྩེ་རྒྱལ། བླ་ན་མེད་པའི་ཡོ་ག་སྐོར་གསུམ་འདི་དག་ཏུ། ཐབས་མང་ཐབས་ཆེ། ཐབས་ཟབ་པའི་དོན་གྱི་དཀའ་བ་མེད་པར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐབས་མང་དུ་གསུངས་པའི་ནང་ནས་ཤ་ལྔ་བདུད་རྩི་ལྔ་གཙོ་བོར་གྱུར་པའི་དམ་རྫས་བདུད་རྩིའི་སྒྲུབ་པ་འདི་ནི་གསར་མའི་གསང་འདུས། དགྱེས་རྡོར། བདེ་མཆོག །གདན་གཞི་སོགས་དང་། རྙིང་མའི་མདོ་སྒྱུ། བཀའ་དགོངས་སོགས་བླ་མེད་ཀྱི་རྒྱུད་དང་སྒྲུབ་ཐབས་རྣམ་ལས་ལས་ཚོགས་ཀྱི་གཙོ་བོར་གསུངས་ཏེ། གསང་སྔགས་ཀྱི་སྲོག་ནི་དམ་ཚིག་ཡིན་ལ། ཡན་ལག་གི་དམ་ཚིག་ཉེར་ལྔའི་ནང་ཚན་དང་དུ་བླང་བྱའི་དམ་ཚིག་ཏུ་གྲགས་པ་དེ་དམ་རྫས་འདི་རྒྱུན་དུ་བསྟེན་པའི་དོན་ཡིན་ཞིང་། དེའང་སྒྲུབ་པ་ལག་ལེན་གྱི་རྩ་བ་བརྒྱད་པོ་རེ་རེ་ལའང་ལྔ་ཚན་ལྔ་རེ། དེ་ལ་ཡན་ལག་སྟོང་དུ་སྦྱར་བའི་དམ་རྫས་ཀྱི་རུ་གཙང་ལ་ཁུངས་དང་ལྡན་པ་རྣམས་མང་དུ་བསག །བདུད་རྩི་ལྔ་སོགས་སྐྱེས་ཆེན་རྣམས་ཀྱིས་སྐུ་ཡི་ཆ་ཤས་ལས་


LT38_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དང་། དངོས་སུ་མ་འཛོམ་པ་རྣམས་གཤམ་གསལ་བླ་མ་གོང་མ་རྣམས་ཀྱི་སྨན་སྒྲུབ་ཕབ་རྒྱུན་སྣེ་མང་བུང་ཆེར་བསྲེས། གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གཏེར་ཆོས་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་རིམ་གཉིས་ཀྱི་ཉམས་རྟོགས་ལྡན་པའི་རྡོ་རྗེ་སློབ་དཔོན་བཅུ་ཕྲག་ཙམ་གྱིས་གཙོར་མཛད། འདུས་པ་བཟང་ལ་གྲངས་མང་བས་ཨུ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ལྟར་དཔལ་སྤུངས་ཐུན་བསྟན་ཆོས་འཁོར་གླིང་གི་ཡང་དབེན་དུ་སྒྲུབ་ཆེན་དང་འབྲེལ་བར་བདུན་ཕྲག་གཉིས་སུ་རྟགས་ཐོན་སྒྲུབ་ཤིང་དེའི་སྟེང་དུ་བྱིན་རླབས་ཀྱི་ཕབ་རྒྱུན་ཀྱང་ཀར་འབྲུག །རྙིང་མ། ས་སྐྱ་གོང་མ་གཙོས་རྩོད་བྲལ་ཡོངས་གྲགས་ཚད་ཐུབ་ཀྱིས་དམ་སེལ་དང་འདྲེས་ཁྱེར་གྱིས་མ་བསླད་ཅིང་། བཀའ་གཏེར་ལུང་གིས་ཟིན་པའི་སྐྱེས་ཆེན་རྣམས་ལས་བྱུང་བའི་བྱིན་རྟེན་རྒྱ་མཚོ་ཙམ་འདུས་པའི་ཆོས་སྨན་ཡིད་བཞིན་ནོར་བུ་ལྟ་བུ་འདི་ནི་ཇི་སྐད་དུ། རྒྱུད་ལས། མ་བསྒོམ་ན་ཡང་གྲོལ་བའི་ཐབས། །པད་ཅན་ཌཱ་ཀི་རྩ་ཡི་གནད། །སྐྱེ་བདུན་མྱོང་གྲོལ་རྫས་ཀྱི་གནད། །བཙན་ཐབས་འཕོ་བ་ཐབས་ཀྱི་གནད། །བཏགས་གྲོལ་མཐོང་གྲོལ་ཙཀྲའི་གནད། །ཅེས་མ་བསྒོམ་


LT38_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འགྲུབ་པའི་གནད་བཞིའི་ནང་ཚན་སྐྱེ་བདུན་མྱོང་གྲོལ་དང་འབྲེལ་བས་ན་མྱོང་རེག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། རྩ་རྒྱུད་ལས། སྐད་ཅིག་ཐུག་འཕྲད་བརྟེན་པ་ཡིས། །ཚེ་རིང་ནད་མེད་བདེ་བ་དང་། །ལང་ཚོ་ཁ་དོག་སྟོབས་དང་གཟི། །འཕེལ་ཞིང་དབང་པོ་རིག་པ་གསལ། །མཁའ་ལ་འགྲོ་ཞིང་ཕ་རོལ་གྱི། །ནུས་སྟོབས་ནུས་པས་མི་ཚུགས་ཤིང་། །ཀུན་གྱི་བཀུར་སྟིའི་འོས་སུ་འགྱུར། །ཞེས་དང་། བམ་བརྒྱད་ལས། བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །མདོག་ནི་བཅུ་དྲུག་གཞོན་ནུ་འདྲ། །སྟོབས་ཀྱང་གླང་པོ་ཆེ་དང་འདྲ། །མངོན་ཤེས་ལྔ་དང་ལྡན་པར་འགྱུར། །ཞེས་སོགས་གནས་སྐབས་ཀྱི་ཡོན་ཏན་དུ་མ་གསུང་ཞིང་མཐར་ཐུག་གི་ཕན་ཡོན་ཀྱང་། རྒྱུད་ལས། ར་ས་ཡ་ན་སྨན་ཆེན་པོ། །ཟོས་པས་མཆོག་ཐུན་དངོས་གྲུབ་ཐོབ། །ཅེས་གསུངས་པའི་དོན་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་གསུང་གིས་རྒྱས་པར་བཀྲལ་བ། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཟོས་པས་ཡོན་ཏན་བརྗོད་མི་ལང་། །སངས་རྒྱས་སྐུ་ལྔའི་ཡོན་ཏན་ཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག །


LT38_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དག །དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང་། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང་། །མཁའ་འགྲོ་མཆོད་ན་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང་། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང་། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཉམས་དང་ལྷག་ཆད་མ་ལུས་སྐོང་། །འཆང་བས་དུས་མིན་འཆི་བ་བཟློག། གདུག་པའི་དུག་ཀྱང་འཇིལ་བར་ནུས། །བྱུགས་པས་ནད་གདོན་མ་ལུས་སེལ། །བསྲེག་ན་གདོན་བགེགས་མ་ལུས་སྐྲོད། །འདི་ཉིད་སྒྲུབ་པའི་གནས་དེ་ཡང་། །དུར་ཁྲོད་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་


LT38_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་པ་ལྟར་བདུད་རྩི་འདི་ཁ་ལ་རེག་པས་སྡོམ་གསུམ་གྱི་ཉེས་ལྟུང་ཉམས་ཆག་མང་པོ་བྱང་ཞིང་། ཡོན་ཏན་གསར་པ་དུ་མ་སྐྱེད་པར་བྱེད། མཁའ་འགྲོ་དམ་ཅན་རྣམས་འདུ་ཞིང་དངོས་གྲུབ་ཤིན་ཏུ་ཉེ། ཁྱད་པར་རྩ་བ་གསུམ་གྱི་བྱིན་གྱིས་རློབས་ཤིང་རིག་པ་འཛིན་པའི་གྲལ་ཐོབ་བ་དང་། བདེན་པ་མ་མཐོང་བར་དུ་ནད་མཚོན་མུ་གེས་མི་ཚུགས་ཤིང་། བར་གྱི་བསྐལ་པ་ནས་ཐར་བ་སོགས་ཁྲག་འཐུང་འདུས་པའི་རྩ་རྒྱུད་ལས་གསུངས། ཤ་ལྔས་དུག་ལྔ་སེལ། བདུད་རྩི་ལྔས་ཡེ་ཤེས་ལྔའི་རྟོགས་པ་བསྐྱེད། དེའི་མཐུས་ལམ་ལྔ་རྒྱུད་ལ་སྐྱེ། བདུད་བཞི་བཅོམ། དབང་བཞིའི་རྟོག་པ་ལམ་དུ་བསླང་བའི་རྟེན་འབྲེལ་འགྲིགས་ཏེ། མདོར་ན། བམ་བརྒྱད་ལས། འཇམ་དཔལ་བསྐལ་པ་སྟོང་དུ་སེམས་ཅན་གྱི་དོན་བྱས་པ་བས་བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་ཤིང་། སྤྱི་


LT38_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བོའམ་མགུལ་དུ་རབ་རིན་པོ་ཆེའི་གའུ། ཐ་མ་ལྤགས་ཤུན་སོགས་ཀྱི་སྣོད་དུ་བསྟུམ་སྟེ་བཅང་བའི་ཕན་ཡོན་ཀྱང་། ཨོ་རྒྱན་ཆེན་པོས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཞིང་རྡུལ་ཕྲ་རབ་ཀྱི་སངས་རྒྱས་ལ་བསམ་གྱིས་མི་ཁྱབ་པའི་ལུས་ཕུལ་བ་བས། བདུད་རྩི་ལུས་ལ་བཅང་བ་བསོད་ནམས་ཆེའོ། །དུས་གསུམ་གྱི་སངས་རྒྱས་ཞིང་ཡོངས་སུ་སྐྱོང་བ་བས་བདུད་རྩི་ཆེན་པོ་འདི་མགུལ་དུ་བཏགས་ན་འབུམ་གྱི་ཆར་ཡང་མི་ཕོད་དོ། །བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་རྣམས་ལ་སྤྱི་བོས་ཕྱག་བྱས་ཞིང་། བཀུར་བ་ལས་ཀྱང་བདུད་རྩི་སྤྱི་བོར་བཀུར་བས་སངས་རྒྱས་ཐམས་ཅད་བཀུར་བ་ཡིན་ནོ། །ཞེས་སོགས་གསུངས་ཤིང་། མྱོང་གྲོལ་དཀར་ཆག་ལས། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱོང་གྲོལ་འདི། །ལུས་ལ་བཅང་ན་ནད་མཚོན་འཇིགས་བརྒྱད་ཁོག །རྩ་གསུམ་དམ་ཅན་རྒྱ་མཚོ་སྤྲིན་བཞིན་འདུ། །མ་སྲིང་མཁའ་འགྲོའི་ཚོགས་རྣམས་སྤྲིན་བཞིན་འགྲོགས། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་ལྟར་འཁོལ། །ནག་ཕྱོགས་ལྷ་སྲིན་གདུག་པའི་གདུག་རྩུབ་ཞི། །ཕམ་ལྟུང་ཉེས་པའི་ལས་སྒྲིབ་ཐམས་ཅད་དག །མྱོང་ཙམ་གྱིས་ནི་ཚེ་གཅིག་སངས་རྒྱས་འགྲུབ། །


LT38_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མ་ཁྱི་ཕག་ལྟ་བུ་ཡིན་ན་ཡང་། །སྲོ་མ་ཙམ་ཞིག་ཁ་རུ་རེག་གྱུར་ན། །དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་ནས་ནི། །ཚེ་གཅིག་ཀུན་མཁྱེན་འབྲས་བུ་རྙེད་པར་ངེས། །ཅེས་དང་། གཞན་ཡང་། སྲོ་མ་ཙམ་ཞིག་སུ་ཡི་ཁར་སོང་བ། །བཟང་ངན་འབྲེལ་གྱུར་རྔ་ཡབ་དཔལ་རི་རུ། །ཚོམ་གཅིག་འཚོགས་པར་མངོན་སུམ་སྨོན་ལམ་ཐེབས། །ཅེས་དང་། འདི་ཉིད་མྱོང་བའི་འགྲོ་བའི་བསོད་ནམས་བསག །བདག་གི་དྲུང་དུ་སླེབ་པར་ཐེ་ཚོམ་མེད། །སླར་ཡང་ཐེག་ཆེན་ཆོས་ཀྱི་དོན་རྟོགས་ནས། །ལྷུན་གྲུབ་རྫོགས་ཆེན་རིག་འཛིན་ཨེ་མ་ཧོ། །ཅེས་སོགས་མྱོང་གྲོལ་དཀར་ཆག་དོན་ཐིག །པདྨ་སྙིང་ཐིག །ཐང་ཡིག་རྣམས་ལས། སྐྱེ་བདུན་མྱོང་གྲོལ་གྱི་ཕན་ཡོན་བརྗོད་ཀྱིས་མི་ལངས་པར་གསུངས་ཤིང་། བུད་མེད། ཤན་པ། དུད་འགྲོ་རྐང་བཞི་པ་འདབ་ཆགས་སོགས་ཀྱི་ཁར་སོང་ཡང་སྒྲིབ་པ་དག་ཅིང་ཆོས་ལྡན་གྱིས་མི་ལུས་བདུན་བརྩེགས་ཐོབ་པའི་མཐར་རྟོགས་གྲོལ་དུ་འགྲོ་བ་དང་། ཆོས་སྨན་གྲོག་མའི་རྐང་ལག་ཙམ་རེ་ལ་མཁའ་འགྲོ་མ་འབུམ་ཕྲག་འདུ་བར་གསུངས་པས་རྩིས་མེད་སླ་ཆོས་བརྙས་ཐབས་སོགས་སྤངས་ཏེ་ཡིད་ཆེས་ངེས་ཤེས་ཀྱི་དད་མོས་བརྟན་པོས། རང་ཉིད་ལྷག་པའི་ལྷར་གསལ་བདུད་རྩི་ཡེ་ཤེས་ལྔ་ཡི་རང་


LT38_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མོས། གཡོན་པའི་མཐེབ་སྲིན་རྡོ་རྗེ་དང་པདྨ་སྦྱོར་བ་ལས་ཡེ་ཤེས་ཀྱི་བདུད་རྩི་བྱུང་བ་ལྕེ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་ཐིམ་པས་རྩ་ཁམས་ཐམས་ཅད་ཁྱབ་སྟེ་ལུས་རང་བཞིན་ཡོངས་གྲུབ་ཀྱི་དཀྱིལ་འཁོར་ཐམས་ཅད་བདེ་བ་ཆེན་པོར་ཚིམ་པར་མོས་ལ་རབ་ཐུན་བཞིའི་ཐོག་མཐའ། འབྲིང་ཉིན་རེ་ལན་ལྔ་རེ། ཐ་མས་ཀྱང་ཟླ་བ་རེ་བཞིན། ཡང་ཐས་དབྱིད་འབྲིང་པོའི་ཚེས་གཅིག་གམ་བཅོ་ལྔ་ལ་ལན་རེ་མ་ཆག་པར་བརྟེན་ཞིང་། དམ་རྫས་ཁོང་དུ་ཡོད་རིང་དགེ་སྦྱོར་གྱི་འགྱུར་སྟོབས་ཆེ་བས། རབ་ཀྱིས་རིམ་གཉིས་མཉམ་གཞག །འབྲིང་པོས་ཁ་ཏོན་བཟླས་བརྗོད། །ཐ་མས་ཀྱང་ཕྱག་བསྐོར་ཚེ་ཐར་སོགས་དགེ་སྒྲུབ་སྡིག་སྤངས་ཅི་ནུས་མཛད་པའང་གལ་ཆེ་དང་། ཕན་ཡོན་བསླུ་མེད་འབྱུང་བ་ནི་སྤྱིར་རྒྱལ་བ་སྲས་བཅས་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་ཁྱད་པར་དང་། རྟེན་འབྲེལ་བསླུ་བ་མེད་པའི་སྟོབས་དང་། མན་ངག་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་མཐུ་དང་། སྒོས་སུ་དམ་རྫས་མྱོང་གྲོལ་གྱིས་འདུལ་བར་ལུང་བསྟན་པའི་དུས་ནི་དེང་སང་གི་དུས་ཡིན་ལ། ལྷག་པར་དུའང་ཨོ་རྒྱན་ཆེན་པོ་ཉིད་དུས་གསུམ་གྱི་སངས་རྒྱས་ཀུན་ལས་མཛད་པ་ཕྲིན་ལས་ཁྱད་པར་དུ་འཕགས་པར་


LT38_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྲིན་ལས་ཀྱི་ཁྱད་པར་ཁ་ཅིག་ནི་མཐོང་ཐོས་དྲན་རེག་གྲོལ་བའི་གདམས་པ་རྣམ་པ་བཞིའི་ཡ་གྱལ་འདི་ཡིན་ཏེ། ཇི་སྐད་དུ། བསྒོམ་མི་དགོས་པར་སྐད་ཅིག་ཚེ་འདི་ལ། །བླ་མེད་སངས་རྒྱས་འགྲུབ་པའི་རྫས་མཆོག་འདི། །པད་འབྱུང་བདག་གི་རྒྱལ་ཚབ་མ་གཏོགས་པར། །ལྕགས་ཀྱི་ལྷྭམ་བུ་ཆ་བཅུ་བཟོས་ནས་ནི། །འཛམ་གླིང་གསེར་གྱིས་གང་བར་བྱས་ནས་ཀྱང་། །གླིང་བཞི་གླིང་ཕྲན་བརྒྱད་རྣམས་ཉུག་གྱུར་ཀྱང་། །སྐལ་ལྡན་གཞན་ལ་འདུག་གོམ་མི་འདུག་ལྟོས། །ཞེས་གསུངས་པ་ལྟར་བདུད་རྩི་ཆོས་སྨན་འདིའང་ཀུན་བཟང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་རྣམས་ཀྱི་ཆེ་བ་ཡིན་པས་ཡིད་གཉིས་ཐེ་ཚོམ་མེད་པར་བཅུད་ལེན་དུ་བརྟེན་ནུས་ན་མཆོག་ཐུན་དངོས་གྲུབ་ཐོབ་པར་གདོན་མི་ཟའོ། །འདིས་ཀྱང་འགྲོ་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousབདུད་རྩི་ཆོས་སྨན་ཕན་ཡོན་ཟུར་བཀོལ།next