Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
གདན་ས་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དབེན་པ་ཟླ་མཛེས་སུ་བཞུགས་པའི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག
   
   
   
   
   
   
   
   
   
   
   
   
   


 
previousགདན་ས་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དབེན་པ་ཟླ་མཛེས་སུ་བཞུགས་པའི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིགnext

གདན་ས་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དབེན་པ་ཟླ་མཛེས་སུ་བཞུགས་པའི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག


LT38_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དབེན་པ་ཟླ་མཛེས་སུ་བཞུགས་པའི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།


LT38_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཤེས་བྱའི་རྗེས་འགྲོ་མིང་ཚིག་གི། སྤྲོས་བཅས་རྟོག་པའི་འཕོ་བ་འགག་གྱུར་པས། །བརྗོད་མེད་དེ་ཁོ་ན་ཉིད་རྡོ་རྗེའི་གསུང་། །འགྲོ་ཀུན་ངག་གི་ལམ་དུ་རྫོགས་གྱུར་ཅིག །སྣ་ཚོགས་མཚན་མས་དབེན་པའི་གནས་ལུགས་ནི། །རྟོགས་པའི་ཆོས་ཏེ་ཡེ་ཤེས་སྤྱོད་ཡུལ་ཅན། །འོད་ལས་ཉི་བཞིན་རྒྱུ་འབྲས་རྗེས་དཔག་


LT38_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ལུང་གི་སྨན་མཆོག་འབད་པས་བསྒྲུབ་བྱ་ཉིད། །ཟླ་བ་ཟླ་ཤེལ་ཙནྡན་ཆུ་ཡིས་ཀྱང་། །མི་མཚོན་ཞི་བསིལ་རེག་བྱ་བརྒྱས་ལྷག་པ། །ཆོས་མཆོག་བདུད་རྩིའི་གོང་དུ་བདེ་སྟེར་བའི། །བདུད་རྩི་གཉིས་པ་འཇིག་རྟེན་གསུམ་ན་མེད། །སུ་ཞིག་སྐད་ཅིག་དད་པའི་ཡོལ་གོ་རུ། །གླེགས་བམ་བེམ་པོས་སྟེར་བའི་རྣམ་གྲོལ་གྱི། །རིན་ཆེན་དེ་ནི་ཚངས་སོགས་ཆེ་དགུས་ཀྱང་། །སྦྱིན་པའི་ར་བ་སྐྲ་རྩེ་སྟོང་ལས་ཕྲ། །སྒྲིབ་པ་བཀྲུ་ལ་དག་བྱེད་མཆོག་གྱུར་ཅིང་། །ཚོགས་གཉིས་རབ་སྤེལ་རྫོགས་ལྡན་བསོད་ནམས་སྤྲིན། །གནས་ལུགས་ལྟ་བའི་དམིགས་བུ་ཚད་མ་སྟེ། །ཆོས་ཀྱི་རྣམ་ཐར་སུ་ཡིས་བརྗོད་པར་ནུས། །དེ་ལྟ་བུའི་དམ་ཆོས་རིན་པོ་ཆེ་ལེགས་པར་གསུང་ཞིང་


LT38_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་དོན་ཡོད་པ། ཐོག་མཐའ་བར་དུ་དགེ་ཞིང་བཟང་ལ་མ་འདྲེས་པ་རྣམ་པར་བྱང་བའི་ཆོས་ཅན། ཁམས་གསུམ་གྱི་ཉོན་མོངས་པའི་རྒྱུ་བ་མཐའ་དག་བཅད་པའི་སྨན་མཆོག །གཉན་པོའི་ཕྱོགས་ཀྱིས་མི་མཐུན་པའི་མཐུ་བཅོམ་པ་ལ་འདི་དང་མཚུངས་པ་གང་ཡང་མེད་པ། བདེན་པ་གཉིས་ཀྱི་མཚན་ཉིད་ཅན་ཞི་བསིལ་ཆགས་དང་བྲལ་བ། སངས་རྒྱས་འཇིག་རྟེན་ཏུ་བྱོན་པའི་རྗེས་བཞག །སྟོན་པའི་བསྟན་པ་ཚད་མར་གྱུར་པའི་བཀའ་དང་བསྟན་བཅོས་རྒྱ་མཚོའི་མཇིངས་ལས་བསོད་ནམས་ཀྱི་བགོ་སྐལ་དུ་སྣང་བའི་གླེགས་བམ་རིན་པོ་ཆེའི་ཕྲེང་བ། རིན་ཐང་མེད་པའི་ནོར་བུའི་དོ་ཤལ་ལྟར་ཚར་དུ་དངར་བ་ཇི་སྙེད་ཅིག་བཞུགས་པའི་ཐོག་མར་འགྱུར་ཁྱད་ཀྱི་དབང་གིས་སྔགས་རྙིང་མ་ནས་བརྩམས་རིམ་པར་བཞུགས་པ་ལ། རང་རང་གི་སྡེ་ཚན་སྤྱི་སྟོན་བྱེད་གདོང་དར་དུ་ལེགས་སྦྱར་གྱི་སྐད་དང་། དེའི་ནང་གསེས་རིམ་པ་མི་འཆུག་པའི་ཀ་ཐེམས། ཚན་གྲངས་བྱེ་བྲག་པ་ཇི་ལྟ་བའི་ཐོ་ཡིག་ཞིབ་མོ་རྣམ་འབྱེད་བཅས། གཟེར་བཏབ་པའི་རིན་པོ་ཆེའི་སྒྲོམ་བུ་ལ་འཕྲུལ་གྱི་ཀུཉྩི་ཀ་དང་ཆོས་མཚུངས་པའི་དེབས་ཡིག་ནི་འདི་ལྟར་རོ།། ༈ །།འདིར་སྨྲས་པ། སྲས་བཅས་རྒྱལ་བའི་ཐུགས་ཀྱི་དབྱིག །གནས་ཡུལ་མཁའ་འགྲོས་བསྲུང་བྱའི་ནོར། །མཁས་རྣམས་འབད་བ་


LT38_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་བཙལ་བ། །དེ་དག་ཆོས་ཀྱི་མཛོད་འདིར་བཞུགས། །རིན་ཆེན་འབྱུང་བའི་རྒྱ་མཚོ་སྟེ། །དགོས་རྒུའི་གཏེར་འབྱུང་བུམ་པ་བཟང་། །མདོ་སྔགས་ཆོས་ཀྱི་སྒྲོམ་ཆེན་པོ། །ཨོ་རྒྱན་གསང་མཛོད་གཉིས་པ་བཞིན། །དམ་ཆོས་རྒྱལ་བ་ཀུན་གྱི་ཡུམ། །རྒྱལ་ལ་མི་བཀུར་ཆོས་ལ་བཀུར། །དེ་ཡི་འབྲས་བུ་བྱེ་སྙེད་ཀྱི། །རྡོ་རྗེའི་ལྗགས་ཀྱིས་བརྗོད་དཀའ་གསུངས། །དེ་ལྟར་བདེན་གསུང་རྔ་བོ་ཆེས། །ཡིད་ཆེས་བྱས་པའི་མཁས་རྣམས་དང་། །ལྷན་ཅིག་དཀར་ཕྱོགས་སྐྱོང་རྣམས་ཀྱི། །ཅོད་པན་ནོར་བུའི་འབབ་སྟེགས་ཉིད། །རང་བསྟན་དྲི་མེད་སྐྱོང་བཞིན་ཏུ། །རྒྱལ་བསྟན་ཀུན་ལ་གུས་པ་དང་། །མ་དག་ཆོས་ཀྱི་རྒྱུན་འགོག་པ། །སྐྱེས་བུ་དམ་པའི་མཚན་ཉིད་ཡིན། །གང་ཞིག་ཚེས་ལ་རིས་བྱེད་པ། །དེ་ལ་ཆོས་ཀྱི་མིག་དགོས་པས། །སོ་སྐྱེས་བརྟགས་པའི་འགལ་འདུ་ལ། །རྒྱལ་བས་ཀིམ་པའི་འབྲས་འདྲར་གསུངས། །གྱེས་པ་ཀུན་ཀྱང་རྣམ་བྲོས་ལ། །གཅིག་ཕྱིར་རྒྱལ་བའི་སྤྱོད་ཡུལ་ཉིད། །དེ་བས་འདིར་ནི་རིས་མེད་ཀྱི། །ཆོས་རྣམས་མཆོད་པའི་ཞིང་དུ་བཞག །ཚུལ་དང་མི་མཐུན་རང་བཟོའི་རྟེན། །དད་སོགས་སྲི་ཞུའི་ཁུར་ལས་ཀྱང་། །ལུང་རྟོགས་ཆོས་ཀྱི་ཕུང་པོ་འདིར། །སྤྲོ་ན་མཆོད་པའི་སྤྲིན་སྤྲོས་ཤིག །དེ་ཡི་བསོད་ནམས་གཞལ་མེད་དེ། །


LT38_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་ཟོས་གནོད་པ་སྲུང་བ་སོགས། །ཞབས་ཏོག་བྱས་པའི་འབྲས་བུ་ཡང་། །མཚན་བཅས་དགེ་རྩ་ཀུན་ལས་ལྷག །དཀོན་མཆོག་ལ་དམིགས་དད་སེམས་ཀྱིས། །ཐལ་མོ་ཡ་གཅིག་བསླང་བའམ། །མེ་ཏོག་གཅིག་ཙམ་ཕུལ་བའི་འབྲས། །བྱང་ཆུབ་བར་དུ་འཛད་མི་འགྱུར། །རྒྱལ་དང་གང་ཟག་མཆོག་གི་གསུང་། །རིན་ཆེན་ལས་ཀྱང་རིན་ཆེ་བ། །དེ་ལ་ཤིན་ཏུ་མི་བསྙེན་པ། །དེ་དག་ངེས་པར་དུད་འགྲོ་ཉིད། །ཞིང་པ་རྣམས་ཀྱིས་ལོ་ཏོག་དང་། །དོན་མཐུན་གྱིས་ནི་ནོར་བཞིན་ཏུ། །ངལ་བརྒྱས་བཀུར་བའི་ཕུ་དུད་ཀྱིས། །རྒྱལ་རྣམས་འཛུམ་ཞལ་གཡོ་བར་བྱོས། །དེ་ལས་ཐོབ་པའི་དགེ་ལེགས་ཀྱི། །ཆུ་གཏེར་ལས་འཁྲུངས་བསམ་འཕོས་ནོར། །མཆོག་དངོས་གྲུ་ཆར་འཇོ་བ་ཡིས། །འཇིག་རྟེན་གསུམ་པོ་མཛེས་བྱེད་ཤོག །རྒྱལ་བསྟན་ཉིན་བྱེད་གསལ་བ་དང་། །བསྟན་འཛིན་པད་ཚལ་རྒྱས་ཤིང་བརྟན། །ལུང་རྟོགས་སྦྲང་རྩིས་སྐྱེ་དགུ་ཡི། །སྲོག་འཚོ་ལྷན་ཅིག་ཉིད་དུ་ཤོག །རྫོགས་པའི་སངས་རྒྱས་པདྨའི་མཚན། །ཡབ་སྲས་བརྒྱུད་བཅས་ཞབས་བརྟན་ཅིང་། །ངེས་དོན་ཀརྨ་ཀཾ་ཚང་གི། བསྟན་པ་ཡུན་རིང་འབར་གྱུར་ཅིག །བདག་སོགས་འབྲེལ་བར་བཅས་ཀུན་ཀྱང་། །ཆོས་ཀྱི་དེ་ཉིད་མྱུར་རྟོགས་ཤིང་། །མི་གནས་ཡེ་ཤེས་ཆེ་བརྙེས་ཏེ། །གསུང་གི་


LT38_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཉིད་གྱུར་ཅིག །ཅེས་པའང་། སྐྱབས་མཆོག་འཁོར་ལོའི་མགོན་པོ་སྐུ་མཆེད་ཀྱི་བཀའ་བཞིན་གླེགས་བམ་བཞུགས་ཚུལ་དང་དཔེ་དེ་བས་གསར་བསྒྲིགས་སྐབས་འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་སྨྲས་པ་དགེ་ལེགས་འཕེལ། སརྦ་དཱ་ཀ་ལྱཱ་ཾ་བྷ་བནྟུ། །


previousགདན་ས་ཆེན་པོ་ཐུབ་བསྟན་ཆོས་འཁོར་གླིང་གི་བླ་བྲང་དབེན་པ་ཟླ་མཛེས་སུ་བཞུགས་པའི་དཔེ་དེབ་རིན་པོ་ཆེ་འཕྲུལ་གྱི་ལྡེའུ་མིགnext