Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
རྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང་།
   
   
   
   
   
   
   
   
   
   


 
previousརྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང་།next

རྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང་།


LT38_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །རྩ་གསུམ་ཀུན་འདུས་སྣང་སྲིད་ཟིལ་གནོན་མཆོག །དབྱེར་མེད་རིག་འཛིན་རྩལ་འཆང་རྗེ་ལ་འདུད། །ཨོ་རྒྱན་ལུང་ཟིན་གདོད་ནས་ཡོངས་གྲགས་པའི། །སྦས་ཡུལ་ཆར་གཏོགས་ཨ་ཏ་རོང་འདི་ཡི། །གནས་གཏེར་ཐོག་མར་ཞལ་འབྱེད་གནས་དུས་ཀྱི། །རྟེན་འབྱུང་འགྲིགས་ཤིང་ལས་ཅན་གང་ཟག་འཛོམ། །དོན་འདི་བར་ཆད་མེད་པ་མཐར་ཕྱིན་ན། །མཐའ་དམག་དར་ཞི་རྒྱལ་ཁམས་སྐོར་གཅིག་བདེ། །འབྲེལ་ཐོགས་འགྲོ་ལ་ཐར་པའི་ས་བོན་ཐེབ། །དེ་ཕྱིར་པད་འབྱུང་ཞལ་ཚབ་ཆོས་ཀྱི་རྗེ། །མངའ་བདག་ཡབ་སྲས་རྣམ་རོལ་རྣམ་གཉིས་ལ། །ལས་ཅན་དག་གིས་གསོལ་བ་བཏབ་པ་བཞིན། །གནས་ཞལ་ཕྱེས་ཤིང་ཟབ་གཏེར་དག་ཀྱང་བཞེས། །ད་རུང་རྟེན་འབྲེལ་ལེགས་ཚོགས་འགྲིགས་པ་ན། །ངོ་མཚར་མང་པོ་རིམ་གྱིས་འབྱུང་བར་འགྱུར། །ད་ལྟའི་རྟེན་འབྲེལ་འདིས་ཀྱང་ཡུལ་ཕྱོགས་འདིར། །ཆོས་མིན་སྤྱོད་པའི་སྤྲིན་གྱིས་མར་བཀབ་ན། །ལོ་སྐོར་གཅིག་ཏུ་བདེ་སྐྱིད་ཉི་མ་འཆར། །ཁྱད་པར་རྩ་བ་ཡོན་ཏན་སྐུ་ཡི་གནས། །གཉན་ལྡང་ཛཱ་ལན་དྷ་རའི་ཡལ་འདབ་དང་། །མེ་ཏོག་འབྲས་བུ་ཕྱོགས་མཚམས་གྱེས་པ་ལ། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱིས་འདུལ་ཞིང་འདིར། །གཡས་སུ་


LT38_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་ཆེན་ཐུགས་རྗེ་ཆེན་པོ་དང་། །གཡོན་དུ་ཁམས་ཕུག་བླ་མའི་གཞལ་མེད་ཁང་། །དབུས་སུ་མི་འགྱུར་འོད་གསལ་གྲུབ་པའི་རྩེ། །མཁའ་འགྲོ་སྒྱུ་འཕྲུལ་དྲ་བའི་ཕོ་བྲང་ཆེ། །མདུན་དབུས་དུད་སོལ་རེ་ཏི་རོལ་པའི་ཞིང་། །བར་མཚམས་ནོར་ལྷ་ཆོས་སུང་བསྟི་གནས་བཅས། །ཕྱི་རུ་སྐུ་གསུང་ཐུགས་དང་ཕྱག་ཞབས་རྗེས། །ངོ་མཚར་བཀའ་རྟགས་དངོས་དང་སྦས་པའི་ཚུལ། །ནང་དུ་ཆོས་ནོར་དམ་རྫས་ལ་སོགས་པ། །ཟབ་མོའི་གཏེར་ཁ་དུ་མའི་མཛོད་དང་ལྡན། །གསང་བ་ཐར་པ་ཆེན་པོའི་གཞལ་མེད་ཁང་། །རྩ་གསུམ་དཀྱིལ་འཁོར་ཚོམ་བུའི་ཚུལ་དུ་བཞུགས། །ནོར་གྱི་ལྷ་མོས་ཐུན་མོང་དངོས་གྲུབ་སྟེར། །རེ་མ་ཏི་ཡིས་མཆོད་ལ་སྡོང་གྲོགས་མཛད། །གནས་ལ་འཚེ་བའི་འགལ་བྱེད་ཆོམ་ལ་འབེབས། །ཤར་དུ་གནས་སྲུང་དགེ་བསྙེན་རྟེན་གྱི་མཁར། །ལྷོ་རུ་གསེར་དེའུ་སེར་མོ་དོན་གྲུབ་གནས། །ནུབ་ཏུ་གསང་ཕུག་རྡོ་རྗེའི་རྔ་སྒྲ་ཅན། །བྱང་དུ་གཏེར་འཆང་རོལ་པའི་དཔལ་དེའུ། །ས་གནད་མི་འགྱུར་འཇོར་བཞིས་རབ་ཏུ་བརྒྱན། །སྔོན་ཚེ་ཨོ་རྒྱན་སྤྲུལ་པའི་རྗེ་འབངས་བཅས། །ཟླ་བ་གཅིག་བཞུགས་བྱིན་རླབས་གཏེར་ཆེན་སྦས། །བར་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་སོགས། །དམ་པ་དུ་མས་བསྒྲུབས་


LT38_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དངོས་གྲུབ་བརྙེས། །ཕྱིས་དུས་སྐྱེས་ཆེན་སྤྱི་དང་ཁྱད་པར་དུ། །པདྨ་འོད་གསལ་མདོ་སྔགས་གླིང་པ་ཡིས། །གནས་སྲུང་གཏེར་བདག་རྡོ་རྗེའི་ཟིལ་འོག་བཅུག །བསྟན་འགྲོར་ཕན་བདེ་སྤེལ་བའི་བཀའ་ནན་བསྒྲགས། །མཁའ་འགྲོའི་བརྡ་རིས་མདོ་བྱང་གཏེར་རྒྱ་བཀྲོལ། །དུས་བསྐལ་དབང་པོར་འཚམས་པར་གཏན་ཕབ་ནས། །ཁོ་བོ་ཅག་ལ་བཀའ་ཡིས་རྗེས་གནང་ཚེ། །སྔོན་སྨོན་འབྲེལ་ཟབ་དད་འབྱོར་ལྡན་པ་ཡི། །སྦྱིན་བདག་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ཏེ། །མཐུན་རྐྱེན་གང་དགོས་གུས་པས་བསྒྲུབས་པ་ལ། །བརྟེན་ནས་གནས་འདིར་ཕྱིན་ཅིང་གསོལ་བ་བཏབ། །ཕྱི་ནང་གསང་བའི་ཚོགས་དང་མ་མཆོད་ནི། །སྟོང་ཕྲག་ལྷག་པས་རྩ་གསུམ་དགྱེས་པ་བསྐྱེད། །གཏེར་སྲུང་གནས་བདག་སྨན་རག་གཏོར་མས་བསྐངས། །སྡེ་བརྒྱད་འབྱུང་པོ་གསེར་སྐྱེམས་བསངས་ཀྱིས་བརྔན། །རྟེན་དང་བརྟེན་པར་རྩ་གསུམ་དཀྱིལ་འཁོར་ཆེ། །གདོད་ནས་གྲུབ་པ་ཡིན་ལ་ཡིན་བཞིན་ཏུ། །རང་སྣང་རིས་མེད་དགོངས་པས་བྱིན་གྱིས་བརླབས། །ཕྱི་ནང་གསང་བའི་རྟེན་འབྲེལ་ལེགས་ཚོགས་འགྲིགས། །གནས་མཆོག་འདི་རུ་རྩེ་གཅིག་བསྒྲུབ་པ་ན། །བར་ཆད་མེད་པ་མཆོག་གི་དངོས་གྲུབ་འགྲུབ། །


LT38_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་ཚད་ལྡན་གཅིག་གིས་མཁའ་སྤྱོད་སྙེགས། །མཆོད་པ་ཕུལ་ན་བསོད་ནམས་ཚོགས་ཆེན་རྫོགས། །དར་ཅོག་ཀླུང་རྟ་བཙུག་ན་དབང་ཐང་རྒྱས། །ཕྱག་བསྐོར་བཟླས་བརྗོད་སྒོ་གསུམ་སྡིག་སྒྲིབ་སྦྱོང་། །བསང་གཏོར་གསེར་སྐྱེམས་ཕུལ་ན་གང་འདོད་འགྲུབ། །གསོལ་བ་རྩེ་གཅིག་བཏབ་ན་འདོད་རྒུ་འབྱུང་། །མཐའ་བསྐོར་གསུམ་གྱིས་རྩ་གསུམ་བསྙེན་སྒྲུབ་ཐེམ། །གནས་ཀྱི་རྩ་བ་གསུམ་ལ་བསྐོར་བ་ཡི། །ཉི་ཤུ་རྩ་ལྔས་བཟླས་པ་དུང་ཕྱུར་འགྱུར། །རྫོང་དང་ཁམས་ཕུག་འོད་གསལ་རྩེ་མོ་གསུམ། །སོ་སོར་ཕྱེ་ན་བརྒྱ་ཕྲག་རེ་རེའི་ཚད། །མདོར་ན་ཆེ་ཆུང་འབྲེལ་ཚད་དོན་དང་ལྡན། །ཤིང་གཅོད་བྲག་བཤིགས་བྱ་དང་རི་དྭགས་རྔོན། །མི་དགེ་བྱས་ན་བཀའ་ཆད་འཕྲལ་དུ་འབྱུང་། །བསྐོར་ལམ་གཏོད་སོགས་ཞབས་ཏོག་བྱེད་པ་ཀུན། །འཕྲལ་ཡུན་བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ། །དེ་དག་ཉམས་སྣང་མངོན་ཤེས་འོལ་ཚོད་མིན། །ཨོ་རྒྱན་རྡོ་རྗེའི་བཀའ་ལུང་གོ་བདེའི་སླད། །བླ་མའི་བཀའ་ལྟར་རྒྱས་པར་བཀྲོལ་འདི་ཡང་། །འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཞེས། །སྔགས་བཙུན་འཆོལ་བར་ལུང་གིས་ཟིན་པ་དེས། །གྲུབ་པའི་གནས་མཆོག་རྫོང་ཆེན་ཕུག་ནས་


LT38_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །དུས་ཀྱི་རྒུད་པའི་མུན་པ་ཀུན་ཞི་ནས། །ཕན་བདེ་ཉི་ཟླའི་སྣང་བ་རྒྱས་པར་ཤོག །དགེ་ལེགས་འཕེལ།། །།


previousརྫོང་ཆེན་ཁམས་ཕུག་འོད་གསལ་གྲུབ་པའི་རྩེ་མོའི་དཀར་ཆག་གཏེར་བྱོན་ཟུར་འདེབས་དད་པའི་མེ་ལོང་།next