Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་གསང་བ་འདུས་པའི་དབང་བསྐུར་གྱི་ལག་ལེན་གསལ་བྱེད།


 
previousབླ་མ་གསང་བ་འདུས་པའི་དབང་བསྐུར་གྱི་ལག་ལེན་གསལ་བྱེད།no next

བླ་མ་གསང་བ་འདུས་པའི་དབང་བསྐུར་གྱི་ལག་ལེན་གསལ་བྱེད།


LT38_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསང་བ་འདུས་པའི་དབང་བསྐུར་གྱི་ལག་ལེན་གསལ་བྱེད་བཞུགས་སོ། །


LT38_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿཆོས་དབང་རིན་པོ་ཆེའི་གཏེར་བྱོན་བླ་མ་གསང་འདུས་དབང་ཆེན་ཁྲ་ཚང་པའི་ཡིག་ཆ་ལྟར་དངོས་སྟ་ཉིན་གཅིག་ལ་གྲུབ་པར་མཛད་སྐབས། སང་ཉིན་དབང་བསྐུར་རྒྱུའི་དེ་རིང་ལྟ་བུར་དཀྱིལ་འཁོར་གང་དུ་བཞེངས་པའི་གནས་དེར། དཀར་གཏོར་ཞིག་ལ་ཆབ་བྲན། རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་ཏུ་གསལ་བར་གྱུར། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། གསུམ། བྷཱུ་མི་པ་ཏི་སོགས་དང་། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ་བ་ལེའུ་བརྒྱད་མའི་ལས་བྱང་ལྟར་དང་། དབང་གཞུང་ལས། ཇི་ལྟར་སྔོན་གྱི་ནས། སྦྱིན་ཏུ་གསོལ། བར་བརྗོད་ལ་གཏོར་མ་ཕུལ། ས་གཞི་རིན་པོ་ཆེ་སྣ་ལྔའི་རང་བཞིན་ཏུ་གྱུར། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། གསུམ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་ནས་བཛྲ་གུ་རུ་ཕྲེང་སྐོར་ཙམ་བཟླ། སྟོང་པ་ཉིད་དུ་སོས། དཀྱིལ་འཁོར་གྱི་སྟེགས་བུའི་སྟེང་བདུད་རྩི་འཐོར་ལ། ཧཱུྃ། བཀའ་གསང་རྨད་བྱུང་ནས། མཎྜ་ལ་ཏྲཱྃ། བར་


LT38_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་སྐུད་ལྔ་བསྒྲིལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝ་ས་སྦྱངས། སྟོང་པ་ཉིད་ཀྱི་མདངས་ལས་ནས། ངོ་བོར་གྱུར། བདག་ཉིད་སྐད་ཅིག་གིས་ནས། དཀྱིལ་འཁོར་སྤྲོས་པར་བསམ་བར་བརྗོད། ནམ་མཁར་ཡེ་ཐིག་བརྒྱད་གདབ། རས་བྲིས་ཡོད་ན་སྟེགས་བུར་ལས་ཀྱི་ཐིག་ཆེན་བརྒྱད་གདབ། མཎྜལ་ལ་རྡུལ་ཚོན་བླུགས་ཚེ་མཎྜལ་སྟེང་དུ་གདབ་ཅིང་། རྡུལ་ཚོན་བསངས་སྦྱངས། རྡུལ་ཚོན་རྣམས་དཀར་པོ་ཨོཾ། ནས། དཔའ་བོ་འབྲུ་ལྔར་བསམ། ཞེས་དང་། ཧཱུྃ། ས་ཚོན་ནས། རཏྣར་གསལ༔ ཞེས་བྱིན་བརླབ། ས་ཆོག་ནས་འདི་བར་སྒྲུབ་མཆོད་དང་བརྒྱུད་འཛིན་ཚད་ལྡན་བྱེད་སྐབས་ཅི་ནས་གལ་ཆེ། དཀྱུས་ཀྱི་དབང་བསྐུར་ཙམ་ལ་མ་གྲུབ་ཀྱང་རུང་། དེ་ནས་བཤམ་བཀོད་ནི། རས་བྲིས་ཡོད་ན་བཏིང་། རྡུལ་ཚོན་སྐབས། བདུད་རྩིར་བྱུགས་ཤིང་ཐིག་ཆེན་བརྒྱད་བཏབ་པའི་མཎྜལ་ལ། ལྟེ་བཟླུམ་


LT38_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མཐིང་ནག་གི་རྒྱབ་ཏུ་བེའུ་འབྲུ་སེར་པོ་ཆ་བྲན་གཅིག །དེ་རྒྱབ་ཆ་ཕྲན་གསུམ་ལ་པདྨ་འདབ་བཞི་ཕྱོགས་མདོག །དེ་རྒྱབ་ཆ་ཆེན་གཅིག་ལ་རིན་ཆེན་ཟུར་བརྒྱད་མཐིང་ག །དེ་རྒྱབ་ཆ་ཆེན་གཅིག་ལ་པད་འདབ་བཅུ་དྲུག་མཛེས་ཚོན། དེ་རྒྱབ་རྒྱས་པར་སྤྲོ་ན་དུར་ཁྲོད་ཆ་ཆེན་གཅིག །རྡོ་རྭ་ཆ་ཕྲན་གཉིས། མེ་རི་ཆ་ཆེན་གཅིག་བྱ། བསྡུ་ན་དེ་གསུམ་མི་དགོས། མུ་ཁྱུད་ཆ་ཕྲན་གཅིག་ཁོ་ནས་འཐུས། རས་བྲིས་དང་རྡུལ་ཚོན་གཉིས་ཀ་མ་འབྱོར་ཚེ་མཎྜལ་བདུད་རྩིས་བརླན་པ་ལ་འབྲུའི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བཞི། དེ་རྒྱབ་བརྒྱད། དེ་རྒྱབ་བཅུ་དྲུག་བཀོད། གང་ལྟར་དཀྱིལ་འཁོར་དེ་དག་སྟེགས་བུའི་དབུས་སུ་བཀོད་པའི་སྟེང་དུ་མཉྫིིའི་ཁར་བུམ་པ་མགུལ་ཆིངས་དམར་པོ་བུམ་རྫས་སོ་ལྔ་དང་མངར་གསུམ་བཏབ་པའི་བཅུད་ལྡན། ཁ་རྒྱན་གཟུངས་རྡོར་བཅས་བཀོད། དེའི་སྟེང་དུ་རྐང་གསུམ་མཐོ་བའི་ཁར་ཐོད་པ་མཚན་ལྡན་འབྲུས་བཀང་བའི་དབུས་སུ་ཨོ་རྒྱན་གྱི་སྐུ་བྱིན་རླབས་ཅན་བཤམ་པ་ལ་དར་གདུགས་འཕུག །མདུན་དུ་དཔལ་བཤོས་རིན་ཆེན་ཟུར་བརྒྱད། དེའི་གཡས་གཡོན་དུ་སྨན་རག །རྒྱབ་ཏུ་གསང་དབང་གི་རྫས་ཐོད་པར་ཆང་ལ་མངར་གསུམ་དང་ཆོས་སྨན་སྦྱར་བ། རིག་མའི་ཙཀླི། རྣམ་བུམ་གྱི་མདུན་དུ་གསང་འདུས་ཡབ་ཡུམ། ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད། རྟ་ཕག་ཡབ་ཡུམ། གིང་ཆེན་སྡེ་བཞི་ཡབ་ཡུམ་བཅས་སོ་སོའི་ཙཀླི་ཁྱོན་བསྡོམས་བཅུ་དགུ་ཚང་བར་བཀོད། གཡས་སུ་སྒྲུབ་ཐབས་གླེགས་བམ་དར་དམར་གྱིས་དྲིལ་བ། གཡོན་ཏུ་ལས་བུམ་མགུལ་ཆིངས་དཀར་པོ་ཅན། མདུན་ངོས་སུ་ཕྱི་མཆོད་ཕྲེང་ཚར་ཚོགས་ཀྱི་ཡོ་བྱད། དཀར་གཏོར་སོགས་དང་། རྒྱབ་ངོས་དབུས་སུ་མ་ནིང་། གཡས་གཡོན་ཏུ་ཆད་བརྟན་འབུལ་


LT38_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཞག །སྟ་གོན་ཆས་སོ་ཤིང་། དེ་ཉིད་དོར་བའི་གཞི་མཎྜལ་ལ་ཚོམ་བུ་ལྔ་བཀོད་པ། དུང་ཆུ། ཀུ་ཤ་རིང་ཐུང་། སྲུང་སྐུད་འདོག་ལྔ་པ་སློབ་མའི་གྲངས་མཉམ། མིག་དར། མེ་ཏོག །མཎྜལ། རིགས་ལྔའི་སྐུ་འབག་ཕྱག་མཚན་ཙཀླི། གཏོར་དབང་གི་སྐབས་སུ་བཀྱེ་རྒྱུའི་དངོས་གྲུབ་རྫས་ཤ་ཟན་ཐུད་དུམ་ཤིང་ཏོག་གང་འཛོམ་སྣོད་ཆེན་པོ་གཅིག་ཏུ་བསགས་པ་དང་ཀ་པཱ་ལ་བདུད་རྩིས་བཀང་བ་བཅས་ལྷན་ཅིག་བཞག །དཀྱིལ་འཁོར་ལ་ཡོལ་བ་བཏང་།། ༈ །།དངོས་གཞི་དབང་སྒྲུབ་ཚིག་བདུན་གསོལ་འདེབས། བསམ་ལྷུན། སྔོན་གཏོར་དང་སྐྱབས་སེམས་མཚམས་གཅོད་སོགས་ནས། སྨན་རཀ་གཏོར་འབུལ་ཡན་ལས་བྱང་ལེའུ་བརྒྱད་མ་ཚེས་བཅུའི་སྐབས་ལྟར་མཐར་ཆགས་སུ་བཏང་ནས་བདག་མདུན་དབྱེར་མེད་དུ་བསྒྲུབ། དེ་མཚམས་ཚོགས་བསྐྱུར་ནས་དམིགས་གནད་བཅས་བསྙེན་སྒྲུབ་ལས་གསུམ་ཛབྲ་ཅི་འགྲུབ་སོ་སོར་བཟླ། དེ་ནས་རྣམ་རྒྱལ་བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་བྷྲཱུྃ་ལས་སོགས་དབང་གཞུང་ལྟར་ལ། སྐད་ཅིག་གིས་རྩ་བ་གསུམ་གྱི་དཀྱིལ་འཁོར་གསལ་བར་གྱུར་པ་ནི། ཏི་ར་ཉི་ཟླ་པདྨའི་སྟེང་༔ དབང་ཆེན་རྟ་མགྲིན་ཡབ་ཡུམ་སྐུ༔ སོགས་ནས། ཡེ་ཤེས་ལྔ་ཡི་དབང་རྫོགས་ཤོག༔ བར་གྱིས་དམ་ཡེ་དབྱེར་མེད་དུ་གསལ་གདབ་ལ་གཟུངས་ཐག་སྲིན་ལག་གཡོན་པས་འཇུས་ཏེ་དབང་གཞུང་ལྟར། བདག་གི་ཐུགས་ཀ་ནས་འོད་ཟེར་སོགས་ནས། སྒྲིབ་པ་ཐམས་ཅད་དག་པར་བསམ། ཡན་བརྗོད། བཛྲ་གུ་རུ་ཅི་འགྲུབ་བཟླ། ཡང་། བདག་རྩ་བ་གསུམ་


LT38_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཚོགས་ལས་འོད་འཕྲོས་སོགས་ནས། བུམ་པ་འཁྱིལ་བར་བསམ། ཡན་དང་། སྒྲུབ་སྔགས་ཐོད་ཕྲེང་རྩལ་དང་། ཧྲཱིཿམ་སོགས་ལས་སྔགས་སོ་སོར། ཀཱ་ཡ་ཝཱཀ་སོགས་སྔགས་ཤམ་བཏགས་པ་བཟླ། ལས་བུམ་བསངས་སྦྱངས། སྐད་ཅིག་གིས་ལས་བུམ་བྷྲཱུྃ་ལས་སོགས་ནས། བུམ་པ་གང་བར་བསམ། ཡན། ཡིག་བརྒྱ་ཉེར་གཅིག་དང་སཏྭ་ཕྲེང་སྐོར་ཙམ་བཟླ། མཆོད་བསྟོད་ངག་ཏུ་མི་བརྗོད་པར་ཡིད་ཀྱིས་བསྡུས་ཙམ་བྱ། བུམ་ལྷ་ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར།། ༈ །།དེ་ནས་སློབ་མ་སྟ་གོན་ནི། བགེགས་གཏོར་སྤོས་ཐུན་སོགས་འདུ་བྱ། སློབ་མ་རྣམས་སྒོ་ཁང་དུ་འཚོགས། སློབ་དཔོན་གྱིས་ཆགས་མེད་ཞབས་ཀྱི་སྔོན་འགྲོ་བླ་མ་སྐྱབས་ལས་འབྱུང་བ་ལྟར། བྱིན་རླབས་ནས་བརྩམས་བགེགས་གཏོར་བཏང་། ལས་བྱང་ལྟར། ཧཱུྃ་ཧྲཱིཿ བླ་མ་རྣམས་ཀྱི་ནས། རཀྵ་རཀྵ་ཧཱུྃ་ཕཊ༔ བར་གྱིས་མཚམས་གཅོད་སྲུང་འཁོར་བྱ། ཇི་ལྟར་བལྟམས་པ་སོགས་སམ། བདེ་གཤེགས་རྒྱལ་བ་སོགས་གང་རུང་བརྗོད་ནས་ལས་བུམ་གྱིས་ཁྲུས་བྱ། མེ་ཏོག་བཀྱེ་ཞིང་བསྡུ། སློབ་དཔོན་གྱིས་འདི་སྐད། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན༔ བརྗེད་ངས་བློ་ལ་འོད་དཔག་མེད་པ་སོགས༔ བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ༔ འོ་ན་བླ་མ་གསང་བ་སོགས་གཞུང་ལྟར་དབང་བཤད་ཀྱི་བླ་མ་བརྒྱུད་བའི་མཚན་སྨོས་སྐབས། རྒྱལ་སྲས་ཀརྨ་དབང་འབྱོར། བློ་མཆོག་


LT38_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་རྡོ་རྗེ། འགྲོ་འདུལ་པདྨ་ཕྲིན་ལས། སྔགས་གྲུབ་པདྨ་དབང་དྲག །རིག་འཛིན་ཚེ་དབང་ནོར་བུ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། །དཔལ་ཐུགས་ཀྱི་རྡོ་རྗེ། འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་པདྨ་ཉིན་བྱེད་དབང་པོའི་བར་དུ་བརྒྱུད་པ་ཡིན་ལ། ཞེས་བཙུད། སློབ་མ་ལྷག་པར་གནས་པར་ཞུ་བའི་ཡོན་ཏུ་མཎྜལ་འབུལ་མཛོད། །ཡན་བརྗོད། མཎྜལ་རྒྱས་པར་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཧོཿབླ་མ་སངས་རྒྱས་སོགས་ལན་གསུམ། ཀྱེ་ཧོ། དད་ལྡན་བུ་ཁྱོད་སོགས་གནང་བ་སྦྱིན། དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འབོགས་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །དཀྱིལ་འཁོར་གཙོ་བོ་སོགས་ལན་གསུམ། གསུམ་པ་ནི། གལ་བྱང་ལས་སོགས་ནས། རྗེས་ཟློས་འཚལ་ཞེས་བརྡ་སྦྱར་ནས། ན་མོ་བླ་མ་སོགས་རྗེས་ཟློས་ལན་གསུམ། སོ་ཤིང་དང་དེ་ཉིད་དོར་བའི་མཎྜལ་བཅས་ལས་བུམ་གྱི་ཆུས་བྲན། བསངས་སྦྱངས། སྟོང་པའི་ངང་ལས་སོ་ཤིང་འབྲས་བུ་ཅན་དང་དྲིའི་ཤིང་གི་རྩེ་མོར་སོགས་ནས། ཐོགས་པ་མེད་པའི་ནུས་ལྡན་དུ་གྱུར། ཁྱེད་རང་རྣམས་ལག་པ་ཐལ་མོ་སྦྱར་བའི་སོགས་ཀྱིས་བརྡ་སྦྱར། བླ་མས་གནང་བའི་སོགས་རྗེས་ཟློས་ཚར་གཅིག་བྱེད་བཞིན་སོ་ཤིང་འདོར་དུ་གཞུག །དེའང་མཎྜལ་གྱི་ཕྱོགས་བཞི་སོགས་ནས། དངོས་གྲུབ་ཕྲན་ཚེགས་འགྲུབ་པར་འགྱུར་རོ། །ཞེས་


LT38_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སྟོན། ཨོཾ་ཧྲཱིཿབི་ཤུདྡྷེ་སོགས་ཀྱིས་དུང་ཞལ་ཁྱོར་ཆུ་ལན་གསུམ་སྦྱིན། ཁྱོར་ཆུ་ལན་གསུམ་འཐུང་ཞིང་ལྷག་མ་རྒྱབ་ཏུ་དོར་བས་སྡིག་སྒྲིབ་ཐམས་ཅད་དག་པར་མོས་མཛོད། ཀུ་ཤ་ཐོགས་ལ། ཧཱུྃ། སྔོན་ཚེ་རྒྱལ་བ་སོགས་ཀྱིས་གཡས་གཡོན་ཏུ་སྦྱིན། ཀུ་ཤ་ཆེ་བསྟན་དང་ཆུང་བ་སྔས་སུ་གྱིས་ཤིག །དེའང་ཀུ་ཤ་ཞེས་པ་སོགས་ནས། དག་པར་བྱེད་པ་ཡིན་ནོ། །སྒོ་གསུམ་གྱི་བར་ཆད་སྲུང་བའི་དོན་དུ་སྲུང་སྐུད་རྡོ་རྗེའི་མདུད་པ་ཅན་ཕོའི་དཔུང་པ་གཡོན་དང་མོའི་གཡས་སུ་བཅིང་མཛོད། །ཧཱུྃ། ཡེ་ཤེས་ལྔ་སོགས་ཀྱིས་དཔུང་སྐུད་གཏད། མདུད་པའི་སྟེང་དུ་ནང་མཆོད་གཏོར་ཞིང་རྡོ་རྗེས་རེག །དེ་ལྟར་སྲུང་སྐུད་སོགས་ནས། ཟབ་མོའི་ཆོས་བཤད་དེ་སྤྲོ་བ་སྐྱེད་པ་ནི་རྒྱུད་ལས་གསུངས་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨུ་དུམ་ཝ་ རའི་སོགས་ནས། དེད་ལ་རྨེད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ནས་སློབ་མ་རེ་ཞིག་གྱིས་སོ།། ༈ །།དེ་ནས་སློབ་དཔོན་གྱིས་ཚོགས་མཆོད་བྱིན་རླབས་ནས་བརྩམས་བདུད་རྩི་གསང་ནན་ཡན་ཚང་བར་བཏང་། སྐབས་འདིར་རིགས་ཀྱི་མེ་ཏོག་དོར་བའི་གཏོར་འབྲུ་དང་བཅས་པའི་ཕྱོགས་བཞི་དབུས་ལྔར་རིགས་ལྔའི་སྐུའམ་ཕྱག་མཚན་གྱི་ཙཀླི་ཕྱོགས་མ་ནོར་བར་བཀོད་དེ་དཀྱིལ་འཁོར་མདུན་སོགས་གང་བདེར་བཞག །སློབ་མ་ཉུང་ན་གྲངས་མཉམ་གྱི་གསང་མཚན་ཤོག་གུར་བྲིས་པའང་ཕྱོགས་སོ་སོར་བཞག །བསྙེན་སྒྲུབ་ལས་སྔགས་སོ་སོར་ཅི་འགྲུབ་བཟླ། དབང་གཞུང་བུམ་བསྐྱེད་སྐབས་སུ་འབྱུང་བ་ལྟར། གསང་དབང་ཐོད་པའི་གཞལ་ཡས་


LT38_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་སོགས་ནས། ཐོད་པ་གང་བར་བསམ་ཡན་དང་། བསྙེན་སྒྲུབ་ལས་སྔགས་གསུམ་སོ་སོར། ཀཱ་ཡ་ཝཱཀ་སོགས་ཤམ་བུ་བཏགས་པ་ཅི་འགྲུབ་བཟླ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིག་མཆོད་བསྟོད་བྱ། བྱིན་འབེབས་སྐབས་འཐོར་རྒྱུའི་མེ་ཏོག་ལ་རྟེན་སྙིང་བརྒྱ་རྩའམ་ཅི་འགྲུབ་བཟླས་ལ་བཞག །དུར་ཁྲོད་གསང་མཆོག་ནས་མ་ནིང་གཏོར་འབུལ་ཡན་ཚེས་བཅུའི་སྐབས་ལྟར་ཚང་བར་བཏང་། བདག་འཇུག་གི་ཆེད་དུ་རིག་པའི་མེ་ཏོག་དོར་བཟུར་གསལ་ལྟར་གྲུབ་ནས།། ༈ །།དབང་དངོས་གཞི་ལ། སློབ་མ་རྣམས་འཚོགས། ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་པར་བྱའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་ཡེངས་འཁྲུལ་གྱི་དབང་དུ་མི་བཏང་བར་དབང་དོན་བརྡ་འཕྲོད་ངེས་སུ་གསན་ཞིང་ཏིང་ངེ་འཛིན་ལ་བློ་ཅི་ནུས་སུ་བཞག་པར་ཞུ། དེའང་བླ་མ་གསང་བ་འདུས་པའི་སོགས་གཞུང་ལྟར་དང་། མིག་དར་མེ་ཏོག་བཀྱེ། བཞི་པ་ཡོན་འབུལ་ཞིང་སོགས་བརྡ་སྦྱར་ནས་མཎྜལ་འབུལ་དུ་གཞུག །དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །སློབ་དཔོན་བདག་ལ་སོགས་རྗེས་ཟློས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་སོགས་ནས། འཁོད་པའི་མོས་པ་མཛོད། །ཅེས་བརྗོད་སྐབས་ལས་རྡོར་གྱིས་ཡོལ་བ་བསལ། ལྔ་པ་


LT38_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་ཚོགས་བསགས་སོགས་བརྡ་རིམ་པར་སྦྱར་ནས་སྐྱབས་སེམས་རྗེས་ཟློས་ལན་གསུམ་རེ། དེ་ནས་ཚོགས་བསགས་པ་ལ་གཉིས་ལས་དང་པོ་ཀུ་སུ་ལུའི་ཚོགས་བསགས་པའི་དམིགས་པ་འདི་བཞིན་ཏུ་མཛད་འཚལ། དེ་ནས་རང་མདུན་མི་མགོ་སོགས་ནས། མཉེས་པར་བསམ༔ཡན་སློབ་དཔོན་གྱིས་དམིགས་པ་སོད་པའི་ཚུལ་དུ་བརྗོད། གཉིས་པ་ནང་གི་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། །བླ་མ་ཡི་དམ་སོགས་རྗེས་ཟློས་ལན་གསུམ། གཉིས་པ་དལ་དུ་སོགས་བརྡ་སྦྱར། ཧོཿ ཡེ་ཤེས་སོགས་རྗེས་ཟློས་ལན་གཅིག །གཉིས་པ་མེ་ཏོག་སོགས་བརྡ་སྦྱར། ཧོཿ བསྐལ་པ་སོགས་རྗེས་ཟློས་ལན་ཅིག་བྱ་བཞིན་པས་རིགས་ལྔའི་དཀྱིལ་འཁོར་དུ་མེ་ཏོག་འདོར་གཞུག །མེ་ཏོག་ཕྱོགས་གར་བབ་བརྟགས་ལ་གསང་མཚན་བྲིས་པ་ཡོད་ན་མ་འཁྲུལ་བར་སོ་སོར་སྦྱིན། མེད་ཚེ། ཁྱེད་རྣམས་ཀྱི་མེ་ཏོག་དབུས་སུ་ཕོག་པ་རྣམས་ཀྱི་གསང་མཚན་བུདྡྷ་གུ་རུར་རྩལ། ཤར་དུ་བཛྲ་གུ་རུ་རྩལ། ལྷོར་རཏྣ་གུ་རུ་རྩལ། ནུབ་ཏུ་པདྨ་གུ་རུ་རྩལ། བྱང་དུ་ཀརྨ་གུ་རུ་རྩལ། མཚམས་སོགས་ལྷག་མ་རྣམས་ལ་རིགས་འདུས་ཐོད་ཕྲེང་རྩལ་ཞེས་བྱ་བ་ཡིན་ནོ། །སླར་མེ་ཏོག་དེ་ཉིད་སོགས་ནས། སིངྡྷི་ཧཱུཾ༔བར་བརྗོད་པ་ཉུང་ན་ཅོད་པན་ནམ་མེ་ཏོག་སོ་སོའི་སྤྱི་བོར་སྦྱིན། མང་ན་ནས་གཏོར། ཁྱེད་རང་རྣམས་སྐད་ཅིག་གིས་སོགས་ནས། མཚན་པར་བསྐྱེད། བར། དྲི་བཟང་གི་ཐིག་ལེ་སྤྱི་མགྲིན་སྙིང་གར་མས་རིམ་བཀོད་ལ། ཨོཾ་ཨཱཿཧཱུྃ།


LT38_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ནས་ཡས་རིམ་རེག་ལ། ཧཱུྃ་ཨཱཿཨོཾ། ཡར་ཡས་རིམ་རེག་ལ། ཨོཾ་ཨཱཿཧཱུྃ། དེ་ཡང་དང་པོས་སོགས། ཡེ་ཤེས་པ་དབབ་པའི་གསོལ་བ་གདབ་པའི་རྗེས་ཟློས་བརྡ་སྦྱར། བླ་མ་རྡོ་རྗེ་ནས། རྒྱས་པར་མཛད་དུ་གསོལ། བར་གསུམ་མམ་གཅིག་རྗེས་ཟློས་བྱ། དེ་ནས་ཞལ་གདམས་སོགས་ནས། སྙམ་པར་གྱིས་བར་གྱིས་དམིགས་པ་ཕོག །སྔོན་སྐལ་མ་སོགས་སྤྱན་འདྲེན་ཚང་བ་དབྱངས་རོལ་བཅས་བཏང་། སྤོས་དུད་འགྲིམ་ཡང་། དེ་ལྟར་གསོལ་བ་སོགས་དང་སྔགས་རོལ་མོ་བཅས་བྱིན་དབབ་གྲུབ་ནས་སྔར་རྟེན་སྙིང་གིས་བསྔགས་པའི་མེ་ཏོག་འཐོར་ལ། ཡེ་ཤེས་སེམས་དཔའ་སོགས་ཀྱིས་བརྟན་བཞུགས་བྱ། གསུམ་པ་དལ་མཐོང་བའི་སོགས་ཚིགས་བཅད་བཅས་པས་མིག་དར་དབྱེ། གཉིས་པ་དཀྱིལ་འཁོར་སོགས་ནས། སྐལ་བཟང་འགྱུར༔བར་གྱིས་མཐོང་བ་བསྟན། ཀ་པཱ་ལའི་ནང་མཆོད་ནས་དམ་ཆུ་སྦྱིན་ཞིང་། ཧཱུྃ། འདི་ནི་སོགས་ནས། གཙང་བར་གཅེས༔དེ་ལྟར་བྱ་སྙམ་པས་འདིའི་རྗེས་ཟློས་ཀྱིས། ཨི་དཾ་སོགས་རྗེས་ཟློས་ལན་ཅིག་བྱ། ད་ཁྱེད་རྣམས་སོགས་ནས། འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སོགས་རྗེས་ཟློས་ལན་ཅིག །དེ་རྣམས་ཀྱིས་དལ་དུ་སོགས་ནས་མཎྜལ་འབུལ། བརྡ་སྦྱར་ལ། འཁོར་བའི་སོགས་གསོལ་འདེབས་རྗེས་ཟློས་གསུམ། གཉིས་པ་དབང་དངོས་སོགས་ནས། བུམ་དབང་བསྐུར། བུམ་ཆུ་བཀྱེ། མཚམས་སྦྱར་གཞུང་ལྟར་བྱས་ལ་ལྷ་དབང་ཙཀླི་ཡོངས་རྫོགས་བསྐུར། བུམ་པས་དབང་


LT38_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་སོགས་དབང་དོན་ངོ་སྤྲད། གཉིས་པ་ནང་ལུས་ནས། ཨ་བྷི་ཥིཉྩ་ཨཱཿབར་གྱིས་གསང་དབང་ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ཁར་བླུད། དེ་མ་མིད་པར་ཕཊ་ཅེས་སྨྲོས། བྱང་ཆུབ་ཀྱི་སེམས་དེས་སོགས་ནས། རྗེས་ཟློས་ལན་གསུམ་མཛོད། བར། བཛྲ་གུ་རུ། ཐོད་ཕྲེང་རྩལ། ཧྲཱིཿམ་སྟེ་བསྙེན་སྒྲུབ་ལས་གསུམ་སོ་སོར་རྗེས་ཟློས་ལན་གསུམ་གསུམ་བྱར་གཞུག །དེ་ནས། ཀྱེ་དཔལ་རིགས་འདུས་ཐོད་ཕྲེང་རྩལ་ཞེས་བྱ་བ་གསང་མཚན་གྱི་དབང་བསྐུར་བས་སོགས་ནས། མངོན་དུ་བྱེད་པར་འགྱུར། གསུམ་པ་ཀུན་རྫོབ་སོགས་ནས། ཨ་བྷི་ཥིཉྩ་ཧཱུྃ་བར་བརྗོད་ལ་གཟུངས་མའི་ཙཀླི་གཏད། ཕྱག་རྒྱ་མ་དང་སོགས་དབང་དོན་ངོ་སྤྲད། བཞི་པ་དོན་དམ་སོགས་ནས། བདེ་བ་ཆེན་པོའི་སྐུ་ཐོབ་འགྱུར། །ཞེས་པའི་བར་གྱིས་ཚིག་དབང་བསྐུར། འདི་ལ་དབང་རྫས་ནི་མི་དགོས། སྤྱི་དོན་གསུམ་པ་སོགས་ནས་གཏང་རག་མཎྜལ་ཡན། དེ་རྣམས་ཀྱིས་གསང་འདུས་གཞུང་གི་སོགས་ནས། སྐུ་གསུམ་རྫོགས་པར་བསྐྱེད། བར་གྱིས་གཏོར་དབང་གི་མཚམས་སྦྱོར་དང་དམིགས་པ་ཕོག །གཉིས་པ་མཆོད་པ་ནི། ཞུ་རྟེན་སོགས་ནས་མོས་པ་མཛོད་བར། ཧྲཱིཿ བླ་མ་ཡི་དམ་སོགས་ནས་ཕྱི་མཆོད་ནང་མཆོད་གསང་མཆོད་ཡེ་ཤེས་མཆོད་པ་བཅས་འབུལ། གསུམ་པ་དབང་བསྐུར་བའི་ཐབས་སོགས་ནས། དབང་མི་ཐོབ་པས། སྐད་ཅིག་གིས་ཁྱེད་རང་རྣམས་དབང་ཆེན་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་


LT38_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་ལྡན་པར་གསལ་བའི་སྤྱི་གཙུག་ནས། ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཞེས་མཎྜལ་ཕུལ་གཞུག །གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རྡོ་རྗེ་སློབ་དཔོན་སོགས་ལན་གསུམ་རྗེས་ཟློས། གསུམ་པ་དབང་བསྐུར་བའི་སོགས་ནས། ཀུ་རུ་ཡེ་སྭཱ་ཧཱ༔ ཡན་བརྗོད། གཏོར་མ་རིན་ཆེན་ཟུར་བརྒྱད་དཔྲལ་བར་བཞག །སློབ་མ་ཧ་ཅང་མང་ན་འདི་རྣམས་ལ་གཏོར་མ་འགྲིམས་ཚུལ་བྱ། ཚར་བཞིའི་རྗེས་མ་ལ་དངོས་སུ་འགྲིམས་ནས་སློབ་མའི་གནས་བཞིར་གཏུགས་པས་ཆོག་གོ། །གཏོར་ཆེན་དབུས་ཀྱི་བླ་མ་སོགས་ནས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་རྟེན་འབྲེལ་འགྲིགས་བར། ཡང་། ཨེ་མ་ངོ་མཚར་སོགས་ཚར་གཅིག་སྔགས་བཅས་བརྗོད་ལ་སྔར་ཀ་ཊོ་རར་བཞག་པའི་ཐོད་པའི་བདུད་རྩི་དང་ལྷན་ཅིག་པས་མགྲིན་པར་དབང་བསྐུར། མགྲིན་པར་བདུད་རྩི་དང་སོགས། རྗེས་མ་རྣམས་ལ་ཚིགས་བཅད་མི་འདོན་པར་སྔགས་ཙམ་གྱིས་འགྲིམ་ཡང་ཆོག །ཡང་ཚིགས་བཅད་དམ་སྔགས་ཁོ་ནས་གཏོར་མ་སྙིང་གར་འགྲིམ། སྙིང་གར་བསྐུར་བས་སོགས། ཡང་སྔགས་ཚིག་གང་རུང་གིས་ལྟེ་བར་འགྲིམ། ལྟེ་བར་བསྐུར་ཏེ་སོགས་ནས། ཐག་ཆོད་པ་ཡིན་ནོ། །བར་བརྗོད་ལ་གཏོར་ཆེན་སྔར་འདུ་བྱས་པའི་ཟས་སྣ་དང་ལྷན་ཅིག་བཞག་པ་བླ་མའི་ཕྱག་གཡས་སུ་ཐོགས། གཡོན་ཏུ་བདུད་རྩི་ཀ་པཱ་ལ་བསྣམས་ཏེ། གསུམ་པ་གཏོར་མ་དངོས་གྲུབ་ཏུ་སོགས་ནས། སྔགས་ཀྱི་རྗེས་ཟློས་ལན་


LT38_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅས་བཟའ་བ་གཡས་དང་། བཏུང་བ་གཡོན་ཏུ་སློབ་དཔོན་ནམ་ལས་རྡོར་གྱིས་སྦྱིན་ནས་རེལ་དུ་གཞུག་སྟེ། གཏོར་ཆེན་དངོས་རང་མལ་དུ་སླར་བཞག །གསུམ་པ་རྗེས་ཀྱི་རིམ་པ་སོགས་བརྗོད་ལ། དེའང་སློབ་མ་ཉུང་ཞིང་བརྒྱུད་འཛིན་ནུས་པ་ཡོད་ན་ཁྲི་གདུགས་སོགས་དངོས་སུ་བཤམ་ཞིང་གླེགས་བམ་ལག་ཏུ་གཏད། སློབ་མ་མང་ན་གཙོ་བོ་ཞིག་གི་ལག་ཏུ་གླེགས་བམ་གཏད། གཞན་ལ་ངོམས་ཙམ་བྱ་ཞིང་ཁྲི་གདུགས་སོགས་དམིགས་པ་ཁོ་ནས་འཐུས་སོ། །དེ་ལྟར་བླ་མ་གསང་བ་འདུས་པའི་སོགས་ནས་ཡེ་དྷ་ར་ལན་བདུན་ཡན་གང་འགྲུབ་ཀྱིས་མེ་ཏོག་འཐོར་བའི་བར་བྱ། རྡོ་རྗེའི་སློབ་མ་སོགས་སློབ་དཔོན་གྱིས་སྨོན་ལམ་དབུ་བསྐུལ་དལ་གསུང་མཛད། གྱུར་ཅིག་གར་ཡོད་ལ་སློབ་བུ་རྣམས་ཀྱིས་མཐུན་འགྱུར་སྤྱི་ལྟར་དགོས། དེ་མཚམས་དཔོན་སློབ་ཆབ་གཅིག །ཨོཾ། བཀྲ་ཤིས་ཉི་མ་སོགས་ཀྱིས་ཤིས་པ་བརྗོད་ཅིང་རོལ་མོ་ལྡིར། མེ་ཏོག་གི་ཆར་བསྙིལ། སླར་ཡང་དབང་གཞུང་འཕྲོས་ལྟར། གཉིས་པ་དམ་ཚིག་བསྡུས་ཏེ་སོགས་ནས། གཙོ་བོས་ཇི་ལྟར། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་བཅས་གྲུབ་ནས། བདག་གཞན་དུས་གསུམ་སོགས་བསྔོ་སྨོན་སྤྱི་མཚམས་བརྗོད་ལ་སློབ་མ་རྣམས་གྱེས་སོ། །དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་ནས། བསྡུ་རིམ་ཤིས་བརྗོད་ཀྱི་བར་དུ་ལས་བྱང་ལེའུ་བརྒྱད་མའི་ལྷན་ཐབས་ཚེས་བཅུའི་སྒྲུབ་མཆོད་ཇི་ལྟ་བར་བྱས་པས་འགྲུབ་ལ། རྡུལ་ཚོན་ཡང་གང་བདེར་མི་གཏོར་བར་བུམ་པར་བླུགས་ནས་རྒྱུན་འབབས་ཀྱི་ཆུ་བོར་གཤེགས། བུམ་པ་སླར་ཡང་ཆུས་བཀང་


LT38_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཁང་གི་ལོགས་སུ་གཏོར་བས་རྗེས་འཇུག་བཀྲ་ཤིས་པའི་གནད་དུ་ཆེའོ། །ཁྲ་ཚང་བའི་ཡིག་ཆ་དངོས་ནི་ཚོགས་སྒྲུབ་དང་འབྲེལ་བའི་དབང་དུ་མཛད་པས་དཀྱུས་ཀྱི་ལག་ལེན་འདེབས་དཀའ་ཞིང་། ལས་བྱང་ལེའུ་བརྒྱད་མ་ལའང་བླ་མ་སོ་སོའི་བཞེད་ཚུལ་གྱིས་གོ་རིམ་དང་མང་ཉུང་མི་འདྲ་བ་མང་ཡང་། འདིར་ནི་ཆོས་བདག་སྣེའུ་གདོང་རྩེ་བའི་ཕྱག་བཞེས་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་བཞེད་པ་དང་བསྟུན་ཅིང་། གཞུང་གི་དགོངས་པ་གང་ཡང་མི་འགལ་བར་སྦྱར་བ་ཡིན་ནོ། །ཞེས་པའང་དབོན་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་སྐོང་སླད་གུ་ས་ཐུན་མཚམས་སུ་སོར་རྩེད་ལས་གྲུབ་པ་དགེ་ལེགས་འཕེལ།། །།


previousབླ་མ་གསང་བ་འདུས་པའི་དབང་བསྐུར་གྱི་ལག་ལེན་གསལ་བྱེད།no next