Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི།
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི།next

རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི།


LT39_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི་ཞེས་བྱ་བ་བཞུགས་སོ། །ན་མོ། སྟོང་གསལ་འགག་པ་མེད་པའི་རང་རིག་ལ། །རྒྱལ་བའི་སྐུ་གསུམ་གདོད་ནས་ལྷུན་གྲུབ་པས། །སངས་རྒྱས་གཞན་ཏུ་མི་བཙལ་རང་བྱུང་གི། གནས་ལུགས་ལྟ་བ་མཇལ་བས་སྐྱབས་སུ་མཆི། །དོན་དམ་བདེན་པ་མ་རྟོགས་སྙིང་རྗེའི་ཞིང་། །ཀུན་རྫོབ་ལུ་གུ་རྒྱུད་དུ་འཁྲུལ་པ་ཡི། །ཕ་མ་འགྲོ་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །བདག་གིས་བྱང་ཆུབ་མཆོག་ལ་འགོད་པར་བྱ། །ཕཊ་ཕཊ། གཟུངས་འཛིན་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །དྭངས་མའི་རང་འོད་འཇའ་ཟེར་ཐིག་ལེའི་སྦུབས། །ཕྱི་ནང་གཞན་གསུམ་ཚུལ་དུ་སྣང་བའི་མགྲོན། །དམ་ཡེ་དབྱེར་མེད་རང་བབས་ཆེན་པོར་གསལ། །ཕཊ་ཕཊ། །མ་རིག་ཀུན་གཞིའི་རྒྱ་མཚོ་ཆེན་པོ་ལས། །སེམས་བྱུང་ཆོ་འཕྲུལ་རྦ་རླབས་ཕྱིར་གཡོས་པའི། །སྣང་སྲིད་ལྷ་འདྲེ་ཕོ་མོ་མ་ནིང་རིགས། །དུག་གསུམ་དགའ་སྟོན་རོལ་ཕྱིར་འདིར་འདུས་ཤིག །ཕཊ། །རྣམ་པར་རྟོག་པའི་རང་གཟུགས་ཕྱི་རོལ་དུ། །ཤར་བ་ཙམ་ནས་བདེན་པར་མ་གྲུབ་པས། །གཉུག་མའི་ཞལ་ཕྱག་རྫོགས་པའི་ཧེ་རུ་ཀའི། །རྟོགས་པའི་ཟིལ་གྱིས་འཁོར་འདས་མནན་པར་བྱ། །ཕཊྲ། །རང་གི་ལུས་ནང་ཨ་བ་དྷཱུ་ཏི་ནི། །མཚན་ཉིད་བཞི་ལྡན་


LT39_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་རླུང་སེམས་ཀྱི། །ངོ་བོ་ཐིག་ལེ་དཀར་དམར་མདངས་ལྡན་དེ། །རྟེན་མེད་ཆོས་དབྱིངས་གཉུག་མའི་ནམ་མཁར་འཕོ། ཕཊ་ཕཊ་ཕཊ། སྐྱེ་མེད་ངང་ལས་འགག་མེད་སྒྱུ་མའི་སྐུ། །རྡོ་རྗེ་མཁའ་འགྲོ་གྲི་ཐོད་འཛིན་པ་སྤྲོས། །རྣམ་ཐར་སྒོ་གསུམ་ཐོད་པའི་སྒྱེད་པུའི་སྟེང་། །བདེ་སྟོང་དབྱེར་མེད་པདྨ་བྷཉྫ་བཙུགས། །བདག་མེད་རྟོགས་པའི་ཡེ་ཤེས་གྲི་གུག་གིས། །གཟུགས་འཛིན་བེམ་པོ་ཏིལ་འབྲུ་ཙམ་དུ་གཏུབས། །སྦྱངས་རྟོགས་སྦར་བའི་བདུད་རྩིའི་རྒྱ་མཚོ་ནི། །འཁོར་འདས་ཡངས་ལ་ཁྱབ་པའི་མཆོད་སྤྲིན་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང་། །རྒྱ་བོད་གྲུབ་ཐོབ་རྩ་བརྒྱུད་བླ་མ་ལ། །འབུལ་ལོ་སྒྲིབ་གཉིས་བག་ཆགས་ཀུན་བྱང་ནས། །གཉུག་མའི་རང་ཞལ་མཐོང་བར་བྱིན་གྱིས་རློབས། ཕཊ་ཕཊ། །བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་མེད་ཀྱི། །ཡི་དམ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ། །འབུལ་ལོ་དམ་ཚིག་ཉམས་ཆགས་ཀུན་བྱང་ནས། །དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། ཕཊ་ཕཊ། ཕྱོགས་དུས་རྒྱལ་བ་རྒྱལ་བའི་མྱུ་གུ་དང་། །ཉན་ཐོས་རང་རྒྱལ་འཕགས་པའི་ཚོགས་རྣམས་ལ། །འབུལ་ལོ་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས། །འབྲེལ་ཆད་དོན་དང་ལྡན་པར་བྱིན་


LT39_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །ཕཊ་ཕཊ། །གནས་དང་ཡུལ་དང་དུར་ཁྲོད་རྟག་ཉུལ་བའི། །དཔའ་བོ་མཁའ་འགྲོ་ཤུགས་འགྲོར་བཅས་པ་ལ། །འབུལ་ལོ་རླུང་སེམས་སྣང་བ་དབང་དུ་འདུས། །བདེ་སྟོང་ཡེ་ཤེས་འཕེལ་བར་བྱིན་གྱིས་རློབས། །ཕཊ་ཕཊ། །ཡེ་ཤེས་ལས་དང་འཇིག་རྟེན་སར་བཞུགས་པའི། །རྒྱུད་གསུམ་དམ་ཅན་དྲེགས་བྱེད་འཁོར་བཅས་ལ། །འབུལ་ལོ་ས་ལམ་བར་ཆད་ཞི་བ་དང་། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །ཕཊ་ཕཊ། དཔལ་མགོན་བདུན་ཅུ་སྡེ་བརྒྱད་དྲགས་པའི་ཚོགས། །སྟོང་གསུམ་ཛམ་གླིང་ཡུལ་རིས་གཞི་གནས་བདག །སོ་སོའི་ཐུགས་ལ་གང་བཞེད་དགྱེས་རྒུར་འབུལ། །འགལ་རྐྱེན་ཀུན་སོལ་དགེ་བའི་སྡོང་གྲོགས་མཛོད། །ཕཊ་ཕཊ། ཐོག་མེད་དུས་ནས་དྲིན་གྱིས་རབ་བསྐྱངས་པའི། །སྐྱེ་བཞི་རྒྱུད་ལྔའི་འགྲོ་བ་ཀུན་ལ་བསྔོ། །ཟག་མེད་མཆོག་གི་བདེ་བས་རྒྱུད་ཚིམས་ནས། །སྒྲིབ་པ་ཀུན་བྱང་མྱུར་དུ་འཚང་རྒྱ་ཤོག །ཕཊ་ཕཊ། ཞེ་སྡང་རང་གཟུགས་ཕ་གདོན་རྒྱལ་པོ་དང་། །འདོད་ཆགས་རང་གཟུགས་མོ་གདོན་བསེན་མོ་དང་། །གཏི་མུག་རང་གཟུགས་མ་ནིང་ཀླུ་གདོན་སོགས། །གདོན་བགེགས་གློ་བུར་ཡེ་འདྲོག་བདག་པོ་དང་། །མཁའ་ལ་རྒྱུ་བའི་ཡི་དྭགས་གདུག་པ་


LT39_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །གནས་གདོན་ལུས་གདོན་འཆི་བདག་བདུད་རྣམས་ལ། །ཤ་ཁྲག་མཆོད་སྦྱིན་ཟད་པ་མེད་པ་བསྔོ། །དགའ་མགུ་ཡི་རངས་བྱང་ཆུབ་སེམས་ལྡན་ཤོག །ཕཊ་ཕཊ། །ཁྱད་པར་ཐོག་མེད་དུས་ནས་ད་ལྟའི་བར། །ཚེ་སྲོག་ལོངས་སྤྱོད་ཁ་རྗེ་དབང་ཐང་གི། བུ་ལོན་ལན་ཆགས་ཤ་མཁོན་ལྡན་རྣམས་ལ། །བསྔོའོ་གནོད་འཚེའི་འབྲེལ་ཐག་ཆོད་པར་ཤོག །ཕཊ་ཕཊ། །གློ་བུར་ལྷགས་པའི་ཁས་ཉན་དབང་ཆུང་བ། །ཡིད་ལུས་འབྱུང་པོ་ཕྲ་མོའི་རིགས་རྣམས་ལ། །ལྷག་མ་ཟག་མེད་བདུད་རྩི་འདི་བསྔོས་པས། །ཐར་པ་མཆོག་གི་གོ་འཕང་ཐོབ་གྱུར་ཅིག །ཕཊ་ཕཊ། །འཁོར་འདས་ཆོས་ཀུན་སྒྱུ་མ་ལྟ་བུ་ལ། །འཁོར་གསུམ་བདེན་པར་མ་གྲུབ་གདོད་ནས་སྟོང་། །སྣང་སྲིད་བྱང་ཆུབ་སེམས་ཀྱི་རོལ་པ་ལ། །གཟུང་འཛིན་མཚན་མར་མ་གྲུབ་དེ་བཞིན་ཉིད། །ཀུན་བརྟག་འགྱུ་བ་དངོས་མེད་ཆོ་འཕྲུལ་ལ། །ལྷ་འདྲེ་གཉིས་སུ་མ་གྲུབ་མཉམ་པ་ཉིད། །གང་ཤར་མ་བཅོས་རང་བྱུང་རིག་པའི་རྒྱན། །ཅི་སྣང་ཆོས་སྐུ་གཉུག་མའི་ཡོ་ལངས་ཏེ། །སྙེམས་ཐག་གཞི་ཐོག་ཆོད་པ་དོན་དམ་གྱི། །གཅོད་ཡུལ་ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ཅིག །ཅེས་གནས་ལུགས་རང་བབ་ཀྱི་ལྟ་བ་སྐྱང་ཞིང་བསྔོ་སྨོན་ཅི་བདེར་བྱའོ། །ཞེས་པ་འདིའང་། ངེས་དོན་བསྟན་པའི་གསལ་


LT39_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གཙང་པ་མཆོག་སྤྲུལ་རིན་པོ་ཆེ་ཀརྨ་ཀུན་བཟང་བདེ་ཆེན་གཞན་ཕན་གྱི་ཐུགས་བཞེད་ལྟར། འཁྲུལ་རྟོག་གཅོད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཁྱི་ཐུལ་ཅན་གྱི་སྐྱེ་བར་གྲགས་པ། ཆོས་རྗེ་ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་སློབ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཤུགས་མདའ་ཐང་གི་ཆོས་སྒར་དུ་སྤེལ་བ་དགེ་ལེགས་འཕེལ།། །།


LT39_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱུན་ཁྱེར་ལུས་སྦྱིན་འཁྲུལ་རྟོག་གཅོད་པའི་རལ་གྲི།next