Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
རྫོང་ཤོད་གནས་བསྟོད།
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྫོང་ཤོད་གནས་བསྟོད།next

རྫོང་ཤོད་གནས་བསྟོད།


LT39_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་མཆོག །དབྱེར་མེད་སྙིང་གི་པདྨོར་རྟག་བཞུགས་ནས། །གསོལ་འདེབས་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ། །བཀྲ་ཤིས་དགེ་བའི་གནས་མཆོག་ཁྱད་པར་ཅན། །དབེན་ཅིང་ཉམས་དགའ་བྱིན་བརླབས་ཟིལ་ཆེན་ཆགས། །རྣལ་འབྱོར་སྒྲུབ་པའི་མཐུན་རྐྱེན་ཕུན་སུམ་ཚོགས། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་ངང་གིས་ཉུང་། །བདེ་གཤེགས་ཞི་ཁྲོ་བཞུགས་པའི་རྫོང་ལྔ་ལ། །དཔའ་བོ་མཁའ་འགྲོ་འདུ་བའི་ཤོད་ཀྱིས་བརྟེན། །འདི་ཡི་ངོ་མཚར་བཀོད་པ་འགྲན་ཏུ་མེད། །ཕྱི་ལྟར་ས་འཛིན་ལྷུན་ཆགས་ཀུན་ནས་བསྐོར། །རྩེ་མོ་མཐོན་པོ་དགུང་སྔོན་དབྱིངས་སུ་སྙེགས། །བཻ་ཌཱུརྻ་འདྲ་ཆུ་འཛིན་བླ་བྲེ་བྲེས། །དེ་ལས་བདུད་རྩིའི་ཆར་ཟིལ་རྟག་ཏུ་འཕེལ། །སྤང་ལྗང་ནེའུ་གསེང་གཡུ་ཡི་མཎྜ་ལ། །རིན་ཆེན་མེ་ཏོག་ཚོམ་བུའི་ཕྱུར་བུར་བཀང་། །འཚོ་བྱེད་སྨན་གྱི་ལྗང་བུས་རི་ཀླུང་ཁྱབ། །ཤེལ་གྱི་བྲག་རི་བྱེ་རུའི་མདངས་ཀྱིས་མཛེས། །དབྱིབས་ལེགས་ཕུག་པ་ལྷ་ཡི་ཁང་བཟང་འདྲ། །ངོ་མཚར་ས་རྡོའི་ཁྱད་པར་ཅི་ཡང་བརྡོལ་མཐའ་སྐོར་ལྗོན་པའི་དགའ་ཚལ་སྟུག་པོ་ལ། །ཡིད་འོངས་རི་དྭགས་ཕོ་མོ་བག་ཡང་རྒྱུ། །དྲི་བཟང་རྐང་འཐུང་བསུང་ཞིམ་དད་པ་ལྗངས། །ལྷ་བྱ་སྣ་ཚོགས་མགྲིན་པའི་པི་ཝཾ་རྡུང་། །མཛེས་པའི་བྱེའུ་ཆུང་


LT39_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་སྙན་གླིང་བུ་སྒྱུར། །དྭངས་བསིལ་རྙོག་མེད་འབབ་ཆུ་གཙང་མའི་རྒྱུན། །ལྷུང་ལྷུང་སྒྲ་སྙན་སྒྲོག་ཅིང་གཡས་གཡོན་འབབས། །གཉུག་མར་གནས་པའི་མི་དང་མི་མ་ཡིན། །ཆོས་ལ་དད་ཅིང་དཀར་པོའི་ཕྱོགས་ལ་དགའ། །ས་ཡི་དཔྱད་ལེགས་ཡུལ་གྱི་དགེ་བཅུ་ཚང་། །ནང་ལྟར་མདོ་ཁམས་ཡོན་ཏན་གནས་ལྔ་འདུས། །གོང་དུ་སྐུ་མཆོག་འཇམ་དཔལ་ཞི་ཁྲོའི་གནས། །འབྲི་ཆེན་གཉན་ལྡང་གང་ཡང་འདི་ལ་ཚང་། །དེ་འོག་གསུང་མཆོག་པདྨ་ཞི་ཁྲོའི་གནས། །འཛོམ་ནང་པདྨ་ཤེལ་ཕུག་དངོས་དང་འདྲ། །དབུས་སུ་ཐུགས་མཆོག་རྡོར་སེམས་ཞི་ཁྲོའི་གནས། །ཙཱ་འདྲ་རིན་ཆེན་བྲག་དང་ཁྱད་པར་མེད། །གཡོན་ཏུ་རྫོང་ཆེན་ཆེ་མཆོག་ཡོན་ཏན་གནས། །ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་བཀོད་པ་རྫོགས། །གཡས་འོག་ཕྲིན་ལས་རྡོ་རྗེ་ཕུར་པའི་གནས། །སེང་ཆེན་གནམ་བྲག་ཇི་ལྟ་བ་རུ་བཞུགས། །དབུས་མདུན་བཀྲ་ཤིས་དཔལ་གྱི་དེའུ་ནི། །གནས་ཀྱི་སྙིང་པོ་ས་ཡི་འཛེར་བུ་གཉན། །མྱང་གྲོལ་རྫས་མཆོག་ཐབས་ཤེས་ཆུ་མིག་ཟུང་། །མཁའ་འགྲོ་ཚོགས་ལ་རོལ་པའི་དུར་ཁྲོད་མཆོག །རྦོད་གཏོང་དྲེགས་པ་དྲགས་སྔགས་གནས་རྣམས་ཀྱང་། །ཕྱི་སྐོར་རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ། །ཉམས་དགའ་བག་ཕེབས་རིག་པ་ཤིན་ཏུ་དངས། །སྡོད་ན་སེམས་སྤྲོ་སྒོམ་ན་ཏིང་འཛིན་འཕེལ། །ཤར་ཕྱོགས་


LT39_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལེ་ཤོད་དང་ལྷོར་གྲོ་ལོད། །ནུབ་ཕྱོགས་འཆི་མེད་ཚེ་དང་བྱང་རྣམ་སྲས། །གཞན་ཡང་ཁྱད་འཕགས་གནས་རིའི་ཕྲེང་བས་བསྐོར། །ངོ་མཚར་བཀོད་པ་དུ་མས་ཀུན་ཏུ་བརྒྱན། །རང་བྱུང་མི་འདྲ་ཆེད་དུ་བཅོས་པ་འདྲ། །གཅིག་ལ་ཀུན་ཚང་གང་འདོད་ལྷུན་གྱིས་གྲུབ། །གསང་བ་ཤངས་ཀྱི་ཟབ་ལུང་གཉིས་པ་སྟེ། །གསང་ཆེན་རོལ་པའི་ཕོ་བྲང་ཉིད་དང་མཚུངས། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་དངོས་སུ་བཞུགས། །བླ་མ་རིག་འཛིན་ཡེ་ཤེས་སྐུ་ཅན་རྣམས། །གཤེགས་བཞུགས་བྲལ་བ་མེ་ལོང་གཟུགས་བཞིན་སྣང་། །བདེ་གཤེགས་རྒྱལ་བཞི་ཁྲོ་གཙོ་དང་འཁོར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཚོམ་བུ་བཀྲ། །གནས་ཡུལ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འཐིབས། །ཁྱད་པར་དུས་སུ་ཚོགས་ཀྱི་འདུ་བར་སྤྱོད། །དཔལ་ལྡན་མ་ཧཱ་ཀཱ་ལ་ལྕམ་དྲལ་སོགས། །ཆོས་གཏེར་སྲུང་མས་རྟག་ཏུ་མེལ་ཚེ་མཛད། །འབའ་རྒྱལ་མཆེད་གསུམ་རིགས་གསུམ་མགོན་པོ་ཡི། །ཡང་སྤྲུལ་བཀའ་སྡོད་བདུད་བཙན་ཀླུ་ཡི་ཚུལ། །ལྕམ་མོ་སྤུན་གསུམ་ཀུན་འཁྱིལ་མཆེད་གསུམ་འཕྲུལ། །དཀར་པོའི་ཕྱོགས་སྐྱོང་སྒྲུབ་པའི་མཐུན་རྐྱེན་སྤེལ། །འཆི་མེད་གྲུབ་པའི་དྲང་སྲོང་བསམ་གཏན་མཛད། །ལྷ་ཀླུ་རྣམས་ཀྱི་དུས་སུ་བཀུར་བསྟི་བྱེད། །སྔོན་དུས་གུ་རུ་ཡབ་ཡུམ་རྗེ་འབངས་ཚོགས། །


LT39_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་ཞབས་བཅགས་སྒྲུབ་གནས་བྱིན་གྱིས་བརླབས། །ཟབ་མོའི་གཏེར་སྦས་བཀའ་སྲུང་གཉན་པོ་བསྐོས། །བར་དུ་སྤྱན་རས་གཟིགས་དངོས་ཀརྨ་པ། །རྫུ་འཕྲུལ་བཀོད་པས་ཕེབ་ནས་སྒྲུབ་གནས་མཛད། །ཕྱིས་སུ་རིག་འཛིན་ཀློང་གསལ་སྙིང་པོས་ཀྱང་། །ཡེ་ཤེས་དགོངས་པའི་རྩལ་གྱིས་བྱིན་ཆེན་ཕབ། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཞབས། །གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་བཅས། །ལྷན་རྒྱས་ཕེབས་ཏེ་བཀའ་འདུས་སྒྲུབ་ཆེན་བཙུགས། །སྣོད་བཅུད་ཡེ་ཤེས་ཆེན་པོའི་འཁོར་ལོར་བསྒྱུར། །གུ་རུའི་ཞལ་བསྟན་སྙན་བརྒྱུད་གདམས་པ་གསན། །སྤྲུལ་པའི་བརྡ་ཡིག་ཤོག་སེར་གཏན་ལ་ཕབ། །ཟབ་མོའི་གཏེར་བཞེས་གནས་ཞལ་འབྱེད་པ་སོགས། །བསྟན་འགྲོར་ཕན་བདེ་རྒྱས་པའི་རྟེན་འཕྱུང་ཤར། །དེང་སང་ཁོ་བོས་རྒྱལ་ཁམས་སྤྱི་བྱེ་བྲག །བདེ་ལེགས་བཙས་སུ་སྒྲུབ་པའི་ཁང་བཟང་དང་། །སྐུ་གསུང་ཐུགས་རྟེན་གནད་དུ་འགྲོ་བ་བཞེངས། །ས་ཡི་མེ་བཙའ་ལུང་དང་མཐུན་པ་བཏབ། །རྒྱལ་བས་བསྔགས་པའི་དབེན་གནས་ཉམས་རེ་དགའ། །སྙིང་ནས་དམ་ཆོས་སྒྲུབ་པའི་གནས་སུ་བཟང་། །རྣམ་གཡེང་འདུ་འཛིའི་རྐྱེན་དང་རྒྱང་ཐག་རིང་། །བསམ་གཏན་སྒོམ་ན་ཏིང་འཛིན་འདི་རུ་འཕེལ། །གནས་ཀྱིས་གང་ཟག་བྱིན་གྱིས་རློབ་པར་ནུས། །བསྙེན་སྒྲུབ་འདོད་ན་ཆུ་ཤིང་མཐུན་


LT39_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་བཟང་། །མཐའ་གཉིས་སྤངས་པའི་བསོད་སྙོམས་བཙལ་བ་སླ། །ཚོགས་འཁོར་བསྐོར་ན་མཁའ་སྤྱོད་གསང་ལམ་བགྲོད། །ཚོགས་མཆོད་ཙམ་གྱིས་བསོད་ནམས་ཚོགས་ཆེན་རྫོགས། །སྙེམས་བྱེད་གཅོད་ན་ཚར་སློང་འགྲིགས་པར་སླ། །ཚེ་ཐར་ཕུལ་ན་དུས་མིན་འཆི་ལས་ཐར། །ཕྱག་བསྐོར་བྱས་ན་ནད་གདོན་སྡིག་སྒྲིབ་བྱང་། །དར་ཅོག་ཀླུང་རྟས་བསོད་ནམས་དབང་ཐང་རྒྱས། །དགེ་སྡིག་གང་བྱས་འབུམ་ཕྲག་ཉིད་དུ་འགྱུར། །དད་པས་འབྲེལ་ཐོགས་ཙམ་ཡང་དོན་དང་ལྡན། །ངོ་མཚར་རྨད་བྱུང་གནས་མཆོག་ཁྱད་པར་ཅན། །ཡ་མཚན་ཚུལ་ལ་ཕྱོགས་ཙམ་བསྟོད་པའི་མཐུས། །རྩ་གསུམ་རྒྱལ་བ་དབྱིངས་ནས་ཐུགས་དགྱེས་ཏེ། །དབང་དང་བྱིན་བརླབས་དངོས་གྲུབ་ཆར་ལྟར་ཕོབ། །བསྲུང་མ་མཉེས་པའི་དགེ་མཚན་འཛུམ་ཟེར་གྱིས། །ཉིན་དང་མཚན་མོར་བུ་བཞིན་རྟག་ཏུ་སྐྱོངས། །མི་ལུས་ཐོབ་ཀྱང་དུད་འགྲོའི་སེམས་ལྡན་རྣམས། །ཡོན་ཏན་ཐོས་ནས་དད་པ་རྙེད་གྱུར་ཅིག །ཆེ་བའི་སྙན་གྲགས་ཕྱོགས་སུ་ཁྱབ་པ་ཡིས། །ཀུན་ཀྱང་མོས་གུས་སྣང་བ་འཕེལ་བྱེད་ཤོག །ཅེས་པའང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་གནས་མཆོག་དེ་ཉིད་དུ་བྲིས་པ་དགེ་ལེགས་འཕེལ།། །།


LT39_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྫོང་ཤོད་གནས་བསྟོད།next