Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
བདེ་གཤེགས་སྨན་བླ་མཆེད་བརྒྱད་མཆོད་པའི་ཆོ་གའི་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི་།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབདེ་གཤེགས་སྨན་བླ་མཆེད་བརྒྱད་མཆོད་པའི་ཆོ་གའི་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི་།next

བདེ་གཤེགས་སྨན་བླ་མཆེད་བརྒྱད་མཆོད་པའི་ཆོ་གའི་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི་།


LT39_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྨན་བླ་མཆེད་བརྒྱད་མཆོད་པའི་ཆོ་གའི་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །


LT39_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་ནས། །དག་པའི་ཞིང་ན་ད་ལྟར་འཚོ་གཞེས་པའི། །བདེ་གཤེགས་བདུན་དང་སྟོན་པ་བཀའ་དྲིན་ཅན། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་བྱས་ཏེ། །བློ་དམན་སྤྲོ་བ་བསྐྱེད་པའི་ཕྱིར། །སྨན་བླའི་ཆོ་ག་བཏང་བ་ཡི། །ཕན་ཡོན་ཁུངས་དང་འབྲེལ་བ་ནི། །ཕྱོགས་ཙམ་བཀོད་འདིར་ཡིད་ཆེས་འཚལ། །དེའང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིམ་དུ་མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་གཙུག་གཏོར་དྲི་མེད་དང་སྨན་བླའི་མདོ་ཆོག་རྣམས་མཛད། བོད་དུ་ཆོ་ག་ཡོངས་གྲགས་དར་བའི་ཐོག་མ་ནི་འདི་གཉིས་ཡིན་ཅིང་ཆོས་རྒྱལ་ཆེན་པོས་ཚེས་བརྒྱད་བྱུང་ངོ་


LT39_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་ལ་སྨན་བླའི་ཆོ་ག་བཙུགས་པས་རྒྱལ་པོ་སྐུ་ཚེ་དང་བསོད་ནམས་འཕེལ། དམ་ཆོས་དར་ཞིང་རྒྱས། བོད་ཁམས་མཐའ་དབུས་ཐམས་ཅད་ལོ་ལེགས་ཤིང་མི་ནད་ཕྱུགས་ནད་མེད་པས་བདེ་སྐྱིད་མངའ་ཐང་ལྷ་དང་མཉམ་པ་བྱུང་། སྲས་མུ་ཏིག་བཙན་པོ་ནས་བཟུང་ཆོས་རྒྱལ་གདུང་བརྒྱུད་རིམ་བྱོན་རྣམས་དང་མངའ་རིས་དགྲ་བཅོམ་པ། མཆིམས་ནམ་མཁའ་གྲགས་སོགས་སྣར་ཐང་མཁན་ཆེན་རིམ་བྱོན་རྣམས་ཀྱིས་ཐུགས་དམ་མཛད་པས་སྐུ་ཚེ་རིང་ཞིང་བསམ་ཚད་འགྲུབ། མཐར་སྨན་བླའི་ཞིང་ཁམས་སུ་གཤེགས་པ་སོགས་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མ་བྱུང་། ཇོ་བོ་རྗེ་ཆེན་པོའི་ཡང་ཐུགས་


LT39_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གྱི་རྩ་བ་ཡིན་པ་དང་། སྔགས་ཆོག་རྣམས་ནི་དབང་དང་དམ་ཚིག་སྔགས་དང་ཕྱག་རྒྱ་ཏིང་འཛིན་ཚད་ལྡན་མེད་ན་ཕན་གནོད་ཅི་འགྱུར་ངེས་པ་མེད་ལ། འདི་ནི་དད་མོས་ཡོད་ན་སོ་སྐྱེ་ཐ་མལ་པས་ཀྱང་ཉམས་སུ་ལོན་པའི་ཆོས་ཁེ་ཆེ་ལ་ཉེན་ཆུང་བ་དང་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བ་ཡིན་པས་བཀལ་གདམས་པ་ཀུན་གྱིས་སྨན་ཆོག་དང་གནས་ཆོག་གཉིས་པོ་གཙོ་བོར་མཛད། རྒྱུ་མཚན་འདིས་བོད་ཆོས་འཁོར་རྣམ་གསུམ་གཙོས་ཆོས་སྡེ་ཡོངས་གྲགས་ཀུན་ལ་ཆོ་ག་བཏང་རྒྱུའི་གཙོ་བོ་སྨན་ཆོག་འདི་ཉིད་ཡིན་ཅིང་། མཁན་པོ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ལ་མཁྱེན་པ་རྒྱས་པ་དེས་སྨན་ཆོག་ཁོ་ན་རྩལ་དུ་བཏོན་པའི་དོན་ཀྱང་། སངས་རྒྱས་ཀྱི་བསྟན་པ་ཉམས་དམའ་བའི་དུས་སུ་མདོ་རྒྱུད་སྤྱི་དང་ཁྱད་པར་གཟུངས་སྔགས་རྣམས་ཀྱི་མཐུ་སྟོབས་བྱིན་རླབས་ཆུང་དུ་འགྲོ་བར་བཤད་ལ། མདོ་འདི་ནི་ལྔ་བརྒྱ་པའི་ཐ་མ་དམ་པའི་ཆོས་ལྟར་བཅོས་པ་བྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་ཤིང་ཕོངས་པར་གྱུར་པའི་སྙིགས་མའི་སེམས་ཅན་ལ་ཆེད་དུ་དགོངས་ཏེ་གསུངས་པས། དེང་སང་གི་དུས་སུ་བྱིན་རླབས་ནུས་པ་ཆེར་འགྲོ་བ་ལ་དགོངས་པ་ཡིན་པས་ད་ལྟའི་སྐབས་སུ་མཆོག་


LT39_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཐམས་ཅད་ལ་ངེས་པར་ཕན་ཐོགས་པའི་ཟབ་མོའི་ཆོས་ཁྱད་པར་དུ་འཕགས་པར་གྲུབ་བོ། །དེ་ལྟ་བུའི་ཆོ་ག་ཁུངས་བཙུན་དེ་ཡི་ཕན་ཡོན་ཅུང་ཟད་སྨོས་ན་སྤྱི་དང་བྱེ་བྲག་གཉིས་སོ། །དེ་ལ་སྤྱིར་དཀོན་མཆོག་གསུམ་པོ་དངོས་དང་དེ་དག་གི་རྟེན་ལ་དད་པས་མཆོད་པའི་ཕན་ཡོན་ཚད་མེད་དེ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་དག་ན་བདེ་ཞིང་སྐྱིད་པ། །ཐམས་ཅད་དཀོན་ཅོག་མཆོད་ལས་བྱུང་བ། །དེས་ན་བདེ་ཞིང་སྐྱིད་པ་འདོད་པས། །དཀོན་ཅོག་གསུམ་པོ་མཆོད་ལ་བརྩོན་བྱ། །ཞེས་གསུངས་ཤིང་དཀོན་མཆོག་གསུམ་པོའང་དགེ་འདུན་ལ་བསྙེན་བཀུར་ཚད་མེད་པ་བྱས་པ་ལས་སངས་རྒྱས་ལ་དམིགས་ཏེ་མེ་ཏོག་གཅིག་ནམ་མཁར་དོར་བ་ཕན་ཡོན་ཆེ་སྟེ། མདོ་ལས། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་བྱེ་བ་ཕྲག་བརྒྱ་ལ་ལོ་མང་དུ་བསྙེན་བཀུར་བྱས་པ་བས། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དང་བའི་སེམས་ཀྱིས་ཡུད་ཙམ་ཞིག་མིག་གིས་བལྟས་པ་བསོད་ནམས་ཆེ་བར་གསུངས་ཤིང་། བྲམ་ཟེ་ཞིག་གིས་ལམ་ཁར་དེ་བཞིན་གཤེགས་པ་ལ་ཚིགས་བཅད་གཅིག་གིས་བསྟོད་པས་བསྐལ་པ་ཆེན་པོ་ཉི་ཤུའི་བར་དུ་ངན་སོང་གི་སྒོ་ཁེགས་པར་གསུངས། སངས་


LT39_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་བསྐལ་པ་དཔག་ཏུ་མེད་པར་མཆོད་པ་རྒྱ་ཆེན་པོས་མཆོད་པ་ལས་ཀྱང་ཐེག་པ་ཆེན་པོའི་དམ་པའི་ཆོས་ལ་ཡུད་ཙམ་ཞིག་ཐོས་བསམ་སྒོམ་གསུམ་བྱེད་པའམ། གླེགས་བམ་འབྲི་བ་ཙམ་ཡང་བསོད་ནམས་ཆེ་བར་གསུངས་པ་དང་། སངས་རྒྱས་མངོན་སུམ་དུ་བཞུགས་པ་ལ་མཆོད་པ་དང་མྱ་ངན་ལས་འདས་པའམ་ཞིང་ཁམས་གཞན་ཏུ་བཞུགས་པ་ལ་མཆོད་པ་ལ་ཕན་ཡོན་ཆེ་ཆུང་ཁྱད་པར་ཅུང་ཟད་ཀྱང་མེད་པ་མ་ཟད། བསྟན་པ་འཇིག་ལ་ཉེ་བའི་དུས་ངན་འདི་ལྟ་བུའི་སྐབས་སྦྱིན་དང་ཚུལ་ཁྲིམས་སོགས་རྒྱལ་བས་བསྔགས་པའི་བསླབ་པ་སྣ་གཅིག་ལ་ཉིན་ཞག་གཅིག་བསླབ་ན་ཕན་ཡོན་སྔ་མ་ལས་ཀྱང་ཆེ་སྟེ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པ་ལས། གང་དག་དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མེ་ཏོག་དང་སྤོས་དང་དྲི་དང་ཕྲེང་བ་དང་བྱུག་པ་དང་ན་བཟའ་དང་རྒྱན་རྣམས་ཀྱིས་མཆོད་པས་མཆོད་པ་ལྟ་སྨོས་ཀྱང་ཅི་དགོས། ལྷའི་བུ་དག །གང་སེམས་ཅན་ལ་ལས་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་སྟོང་ངམ་བསྐལ་པ་བྱེ་བ་ལོན་ཀྱང་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་མཚན་ནས་ལན་གསུམ་བརྗོད་ནས་ནམ་མཁའ་ལ་མེ་ཏོག་གཏོར་ན་


LT39_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་རོ། །མེ་ཏོག་ནམ་མཁའ་ལ་གཏོར་བ་ལྟ་ཞོག་གི། གང་དག་དད་པས་དེ་བཞིན་གཤེགས་པའི་རྗེས་སུ་སློབ་པ་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་བསླབ་པ་གཅིག་ཙམ་འཛིན་ནམ། ཉིན་གཅིག་གམ་མཚན་གཅིག་གམ། ཡུད་ཙམ་ཞིག་དེ་བཞིན་གཤེགས་པ་ལ་མཆོད་པ་ཡིད་ལ་བྱེད་པར་བརྩོན་ན་དེ་སྡུག་བསྔལ་མཐར་བྱས་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་དེ་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །མཆོད་ཆོག་གི་གཙོ་བོ་ཡན་ལག་བདུན་པ་ཡིན་ཅིང་། དེ་ལས་ཕྱག་འཚལ་བ་ཁོ་ན་ལའང་ཕན་ཡོན་མཐའ་ཡས་པ་ཡོད་པ་དང་། དེ་ལས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་འབུལ་བ་ཚོགས་ཆེ། དེ་ལས་སྡིག་པ་བཤགས་པ་བསོད་ནམས་ཀྱི་སྟོབས་ཆེ་བ་སོགས་ཕྱི་མ་རྣམས་རིམ་བཞིན་ཕན་ཡོན་ཆེ་བར་གསུངས་པས་བསམ་པ་རྣམ་


LT39_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པས་སྨན་ཆོག་ཚད་ལྡན་ཚར་གཅིག་བྱས་ན་བསྐལ་པ་གྲངས་མེད་པའི་ལས་ཀྱི་སྒྲིབ་པ་བྱང་། བསྐལ་པ་ཆེན་པོ་འདི་ཆགས་ནས་མ་ཞིག་གི་བར་དུ་དགེ་བའི་རྩ་བ་བསགས་པ་དང་། བསོད་ནམས་མཉམ་མོ། །བྱེ་བྲག་ཏུ་དེ་བཞིན་གཤེགས་པ་མཚན་ལེགས་ཡངས་བསྒྲགས་ཀྱི་མཚན་བཟུང་ཞིང་ཕྱག་བྱས་པས། ནད་གདོན་བྱད་ཁ་ཐམས་ཅད་ལས་གྲོལ། འོན་ལོང་སྨྱོ་བ་སོགས་ལས་ཐར། དམ་པའི་ཆོས་སྤོང་ཞིང་མཚམས་མེད་སོགས་སྡིག་པ་ཚབ་ཆེན་པོས་དམྱལ་བར་སོང་ནའང་མཚན་ཡིད་ལ་དྲན་པས་ཐར་ཞིང་ཕྱིན་ཆད་དེར་མི་སྐྱེ། དབུལ་པོ་ཕྱུག་པོར་འགྱུར། བཙོན་ར་རྡེག་རྡུང་གཅན་གཟན་འཐབ་རྩོད་ཆུ་བོའི་འཇིགས་པ་སོགས་ལས་སྐྱོབ་པར་འགྱུར་རོ། །བདེ་གཤེགས་རིན་ཆེན་ཟླ་བ་ལ་ཕྱག་བྱས་པས། བྱང་ཆུབ་ཀྱི་སེམས་དང་དགེ་བའི་ཆོས་འཕེལ་ཞིང་ལེགས་པའི་བསམ་དོན་ཐམས་ཅད་འགྲུབ། སྐྱེ་བའི་སྡུག་བསྔལ་ལས་ཐར། བུད་མེད་ཀྱི་སྐྱེ་སྒོ་ཆོད། འཆི་བྱེད་ཀྱི་གནོད་པ་དང་མྱ་ངན་སྡུག་བསྔལ་མཚན་མོའི་གདོན་ལ་སོགས་པ་ཞི། དྲན་པ་ཏིང་འཛིན་གཟུངས་ཀྱི་སྒོ་སོགས་མངོན་དུ་འགྱུར། ཉན་རང་གི་ལམ་དུ་མི་གོལ་ཞིང་བྱང་ཆུབ་ལས་ཕྱིར་མི་ལྡོག་བསྐལ་


LT39_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེས་འཇིགས་པའི་ཚེ་སྡུག་བསྔལ་མི་མྱོང་བར་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །གསེར་བཟང་དྲི་མེད་ལ་ཕྱག་བྱས་པས། ཚེ་ཐུང་བའི་སྒྲིབ་པ་བྱང་ནས་ཚེ་རིང་ཞིང་ནད་དང་དུས་མ་ཡིན་པའི་འཆི་བས་མི་ཚུགས། དབུལ་པོར་སྐྱེ་བའི་ལས་སྒྲིབ་བྱང་ནས་དཔལ་འབྱོར་ཕུན་སུམ་ཚོགས། འཐབ་རྩོད་བྱེད་པ་རྣམས་ཀྱི་གནོད་སེམས་ཞི་ནས་བྱམས་པ་ལ་གནས། ཚུལ་ཁྲིམས་འཆལ་པས་ངན་འགྲོར་སྐྱེ་བའི་ལས་སྒྲིབ་བྱང་ནས་ཚུལ་ཁྲིམས་རྣམ་པར་དག་ཅིང་བྱང་ཆུབ་ཀྱི་སེམས་སྐྱེ། འདིའི་གཟུངས་སྔགས་ལའང་ཕན་ཡོན་མཐའ་ཡས་པ་གསུངས་སོ། །མྱ་ངན་མེད་དཔལ་ལ་ཕྱག་བྱས་པས། མྱ་ངན་སྡུག་བསྔལ་ཐམས་ཅད་ཞི་ཞིང་ཚེ་རིང་། དམྱལ་བ་མུན་ནག་ལས་ཐར། དབུལ་ཕོངས་ཞི་ནས་འབྱོར་པ་ཆེན་པོ་ཐོབ། གནོད་སྦྱིན་སྲིན་པོ་སོགས་གདོན་གྱིས་མི་ཚུགས་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཆོས་བསྒྲག་རྒྱ་མཚོ་ལ་ཕྱག་བྱས་པས། ལོག་ལྟའི་སྒྲིབ་པ་དག་ནས་ཡང་དག་པའི་ལྟ་བ་དང་ལྡན། དཀོན་མཆོག་གསུམ་གྱི་སྒྲ་མི་གྲགས་པའི་མཐའ་འཁོབ་ཀྱི་སེམས་ཅན་ངན་སོང་དུ་འགྲོ་བ་ལས་ཐར། ལོངས་སྤྱོད་གསོས་སྨན་སོགས་བསམ་པ་ཙམ་གྱིས་འབྱོར། འཐབ་རྩོད་བྱེད་པ་ལ་བྱམས་


LT39_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་སྐྱེས་ནས་རང་གི་འབྱོར་པས་ཆོག་ཤེས་པར་འགྱུར་རོ། །མངོན་མཁྱེན་རྒྱལ་པོ་ལ་ཕྱག་བྱས་པས། ཚོང་དང་ཞིང་ལས་སྡིག་པའི་ལས་བྱེད་པ་རྣམས་ཀྱི་སྡིག་པའི་སེམས་ཞི་ནས་མཁོ་དགུས་འབྱོར། མི་དགེ་བཅུ་བྱེད་པ་ལས་ལྡོག་ནས་དགེ་བཅུ་དང་ལྡན། རྒྱལ་པོའི་ཆད་པ་སྣ་ཚོགས་ལས་ཐར། སྡིག་པའི་འབྲས་བུས་འཆི་བ་རྣམས་མཚན་ཐོས་ནས་བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ་སྡིག་པའི་རྣམ་སྨིན་བྱང་བར་འགྱུར་རོ། །སངས་རྒྱས་སྨན་གྱི་བླ་མ་ལ་ཕྱག་བྱས་པས། ཚུལ་ཁྲིམས་ཉམས་པར་མི་འགྱུར། དབང་པོ་ཡན་ལག་ལ་སྐྱོན་མེད་ཅིང་ནད་དང་གནོད་པ་ཐམས་ཅད་ལས་གྲོལ། བུད་མེད་ཀྱི་སྐྱེ་གནས་ལས་ཐར། བཙོན་བཅིང་རྡེག་གསོད་སོགས་རྒྱལ་པོའི་ཆད་པ་ལས་སྲོབ། སེར་སྣས་ཡི་དྭགས་སུ་སྐྱེས་པ་དང་། ཚུལ་ཁྲིམས་མཆོག་འཛིན་དང་མང་དུ་ཐོས་པའི་ང་རྒྱལ་གྱིས་དམྱལ་བར་སྐྱེ་བ་དང་། ཕྲག་དོག་གིས་བདག་བསྟོད་གཞན་ལ་སྨོད་པས་ངན་སོང་གསུམ་དུ་སྐྱེས་པ་རྣམས་ཀྱང་སྔོན་མིར་སྐྱེས་པའི་སྐབས་སྨན་བླའི་མཚན་ཐོས་པའི་དགེ་རྩ་སད་ནས་མྱུར་དུ་དེ་ལས་ཐར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅན་དུ་འགྱུར། བྱད་ཀ་རྦོད་གཏོང་གང་གིས་ཀྱང་མི་ཚུགས། འཆི་བའི་ཚེ་བྱང་


LT39_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་བརྒྱད་བྱིན་ནས་བདེ་བ་ཅན་དུ་ལམ་སྣ་འདྲེན། ཡང་ན་ལྷ་དང་མིའི་དབང་ཕྱུག་ཁྱད་པར་ཅན་ཏུ་སྐྱེ་བར་འགྱུར་རོ། །ཉིན་ཞག་བདུན་ཏུ་བསྙེན་གནས་སྲུང་སྟེ་ཆོ་ག་འདོན་ཅིང་སྐུ་གཟུགས་ལ་མཆོད་པ་དང་བསྐོར་བ་བྱས་ན། ཚེ་རིང་བ་དང་། ལོངས་སྤྱོད་དཔལ་འབྱོར་རིགས་བརྒྱུད་འཕེལ་བ་དང་། ལྟས་དང་རྨི་ལམ་ངན་པ་མེ་ཆུ་དུག་མཚོན་དམག་དང་དགྲ་རྐུན་གཅན་གཟན་སོགས་འཇིགས་པ་ཐམས་ཅད་ཞི། དུས་མ་ཡིན་པའི་འཆི་བ་མི་འབྱུང་། ཚུལ་ཁྲིམས་ཉམས་པ་རྣམས་ཀྱང་ངན་སོང་དུ་མི་འགྲོ། བུད་མེད་བཙའ་བའི་སྐབས་སུ་ནད་མི་འབྱུང་ཞིང་ཁྱེའུ་བདེ་བར་འཚོ་བ་དང་། ཁྱད་པར་སངས་རྒྱས་སྨན་གྱི་བླ་མའི་མཚན་རྣ་ལམ་དུ་ཐོས་པ་ཙམ་གྱིས་ངན་སོང་དུ་འགྲོ་མི་སྲིད་པར་གསུངས་སོ། །རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་བྱས་པས་བསྐལ་ཆེན་བརྒྱད་ཁྲིའི་སྡིག་པ་བྱང་ཞིང་སྙིང་རྗེ་ཆེན་པོའི་སེམས་འགྲུབ་པ་དང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སྤྱིར་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་མཚན་བཟུང་བ་དང་མཆོད་ཅིང་ཕྱག་བྱས་པས། སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་ཅིང་བྱ། ནད་དང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞི་ཞིང་ཚེ་རིང་པོར་


LT39_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རིམ་གྱིས་སྲབ། བདུད་སྡིག་ཅན་གྱིས་གནོད་མི་ནུས་ཤིང་འཐབ་རྩོད་འཁྲུགས་པ་ཞི། བསམ་པ་ཐམས་ཅད་ཡིད་བཞིན་ཏུ་འགྲུབ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ། འཆི་བའི་ཚེ་ནའང་དེ་བཞིན་གཤེགས་པས་དགོངས་ཤིང་སོ་སོའི་སངས་རྒྱས་ཀྱི་ཞིང་ཁམས་སུ་པདྨ་ལ་བརྫུས་ཏེ་སྐྱིས་ནས་དེ་མ་ཐག་ཏུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ནམ་ཡང་ངན་འགྲོ་ལོག་པར་ལྟུང་བར་མི་འགྲོ་ཞིང་སྐྱེ་བ་དྲན་པ་དང་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་དང་སངས་རྒྱས་འབྱུང་བ་དང་འཕྲད་པར་འགྱུར་བ་དང་། དེར་མ་ཟད་སངས་རྒྱས་འདི་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འགྱུར་བར་གསུངས་སོ། །བཻ་ཌཱུརྻ་འོད་ཀྱི་གཟུངས་བཀླགས་པས་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་བྱང་ཞིང་ནད་གདོན་གནོད་པ་ཐམས་ཅད་ཞི་བ་དང་། རང་དབང་ཐོབ་ཅིང་བསམ་པ་འགྲུབ་པ་དང་། རྒྱལ་བ་སྲས་དང་བཅས་པས་དགོངས་ཤིང་རྡོ་རྗེ་འཛིན་པ་ལྷ་དང་བཅས་པས་སྲུང་ཞིང་སྐྱོབ་པ་དང་། གཟུངས་སྔགས་གཞན་རྣམས་ལའང་ཕན་ཡོན་དཔག་ཏུ་མེད་པ་འཐོབ་


LT39_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་དོ། །མདོ་འདི་འཛིན་པ་ལ་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་དང་བཅས་པ་རྣམས་ཀྱིས་སྲུང་ཞིང་བསྐྱང་བ་དང་གནོད་པ་ལས་ཐར་ཞིང་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་སངས་རྒྱས་ཀྱི་སྤྱན་སྔར་དམ་བཅས་པ་ཡིན་ལ། རྒྱལ་ཁམས་སུ་ནད་ཡམས་དང་། ཕ་རོལ་གྱི་དམག་དང་། གཟའ་དང་། རྒྱུ་སྐར་འབྱུང་པོ་ལ་སོགས་པའི་གནོད་པ་དང་། ཐན་པ་རླུང་དམར་ཆར་ཆེས་པ་ལ་སོགས་པའི་གནོད་པ་བྱུང་བའི་ཚེ་རྒྱལ་པོ་དེས་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་འདིའི་ཆོག་བྱེད་ཅིང་བཙོན་ཏུ་བཟུང་བ་བཏང་ན་གནོད་པ་ཞི་ཞིང་ཡུལ་ཁམས་བདེ་ཞིང་བཀྲ་ཤིས་ལ་རྒྱལ་སྲིད་དཔལ་འབྱོར་འཕེལ་བར་གསུངས་ཏེ། དེའང་བཤད་པ་ཙམ་མ་ཡིན་པ་མངོན་སུམ་དུ་གྱུར་པ་ནི་གོང་སྨོས་ལོ་རྒྱུས་ཀྱིས་ཤེས་སོ། །གཟུངས་ཁྲུས། བྱང་ཆོག །འཆི་བསླུ་རྣམས་ལའང་བྱིན་རླབས་དང་ཡོན་ཏན་ཁྱད་པར་ཅན་དུ་འབྱུང་བ་ནི་རྫོགས་པའི་སངས་རྒྱས་ཀྱི་གསུང་ནམ་ཡང་མི་བསླུ་བས་གོང་སྨོས་རྣམས་ཀྱི་དངོས་དང་ཤུགས་ལས་རྟོགས་སོ། །སངས་རྒྱས་ཡོན་ཏན་ནམ་མཁའི་མཐའ་འདྲ་སྟེ། །དེ་བརྙེས་བྱས་པའི་བསོད་ནམས་དེ་བས་ལྷག །དེ་ལ་ནམ་ཡང་ཚད་


LT39_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནུས་མིན་ཀྱང་། །ཅུང་ཟད་བརྗོད་འདིས་ཕྱོགས་ཙམ་མཚོན་པར་བྱེད། །འདིས་ཀྱང་མཆོག་དམན་བར་མའི་འགྲོ། །དད་པའི་པདྨོ་རབ་བཞད་དེ། །རྒྱལ་བའི་ཐུགས་རྗེའི་སྣང་ཆེན་པོ། །འཇུག་པའི་སྐལ་པ་བཟང་ལྡན་ཤོག །ཅེས་པ་འདི་ནི། མཁྱེན་དཔྱོད་དགེ་བའི་དཔལ་གྱིས་འབྱོར་པ་འཚོ་མཛད་བཀྲ་ཤིས་བཟང་པོའི་ཐུགས་བཞེད་ལྟར་བློ་གྲོས་མཐའ་ཡས་པའི་སྡེས་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousབདེ་གཤེགས་སྨན་བླ་མཆེད་བརྒྱད་མཆོད་པའི་ཆོ་གའི་ཕན་ཡོན་མདོར་བསྡུས་རྣ་བའི་བདུད་རྩི་།next