Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
སྨན་ཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྨན་ཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ།next

སྨན་ཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ།


LT39_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་ཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ་བཞུགས་སོ། །


LT39_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། སྨན་བླ་སྟོང་མཆོད་དང་ཁྲི་མཆོད་སོགས་ཀྱི་ཕྱག་བཞེས་སྔོན་གྱི་དུས་སུ་དཔལ་སྣར་ཐང་པ་སོགས་ལ་ཤིན་ཏུ་དར་ཞིང་། དེང་སྐབས་དགེ་ཕྱོགས་སོགས་ནས་ཕྱག་བཞེས་མཛད་པོ་ཅི་རིགས་མཆིས་པ་དོན་ཏུ་ཚོགས་བསགས་པའི་ཕྱིར་དུ་མཆོད་པ་དང་ཆོ་ག་འགྲོ་གང་ཆེ་མཛད་པ་ཙམ་ལས། རྣམ་རྒྱལ་སྟོང་མཆོད་བཞིན་ཏུ་རྒྱ་གཞུང་གིས་ཟིན་པའི་ཕྱག་ལེན་སྤར་བཀབ་ཅན་མ་ཡིན་པས་སོ་སོའི་འབྱོར་པ་དང་བརྩོན་འགྲུས་ལ་དཔག་པའི་གང་ལྕོགས་བྱ་ཆོག་ཅིང་། དེའང་བརྩོན་འགྲུས་དང་འབྱོར་བ་རབ་རྣམས་ཀྱིས། སྨན་བླ་མཆེད་བདུན་གྱི་སྐུ་གཟུགས་དང་བཅས་པའི་ཕོ་བྲང་བཞེངས། སྐུ་གཟུགས་རེ་རེ་ལ་ཚོན་སྣ་ལྔ་པའི་བ་དན་བདུན་རེ། མར་མེ་བདུན་རེ། མེ་ཏོག་སྤོས་སོགས་མཆོད་པ་རྒྱས་པ་བཤམས་ཤིང་ཆོ་ག་སྔོན་དངོས་རྗེས་གསུམ་ཚང་བར་བཏང་བ་ལ་གཅིག་ཏུ་བརྩིས་པ་བརྒྱ་ནས་སྟོང་ཕྲག་ལ་སོགས་པའི་བར་དུ་འགྲོ་བར་བྱ་བ་ནི་ཆེས་མཆོག་ཏུ་གྱུར་བ་ཡིན་མོད་ཀྱང་། སྟོང་མཆོད་འདོད་ལ་འབྱོར་བརྩོན་དམན་པ་དག་གིས་བཤམ་བཀོད་སྤྱིར་གཞུང་ལྟར་ལ། བྱེ་བྲག་མར་མེ་གཙོ་བོར་གྱུར་པའི་མཆོད་པ་རྣམས་རེ་རེ་ཞིང་སྟོང་ཕྲག་རེ་བཤམ། གོ་ཡུལ་དང་སྣོད་སོགས་མ་འགྲིགས་ན་ཚར་རེ་བཞིན་བརྗེ་བའམ། བཅུ་རེའི་བརྒྱ་


LT39_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རེ་བཤམས་ནས་ཆོ་ག་དེའི་གྲངས་མཉམ་སོང་བའི་མཚམས་སུ་ལན་རེ་བརྗེ། དེ་བཞིན་གཤེགས་པ་བདུན་ལ་འཛོམ་ན་མར་མེ་བདུན་བདུན་བཞི་བཅུ་ཞེ་དགུ། མ་འཛོམ་ནའང་བདུན་ནི་སྟོང་མཆོད་ལ་མི་བརྩི་བ་ཟུར་དུ་རྒྱུན་འབར་བྱ་དགོས་སོ། །ཆོ་ག་ཐོག་མར་རྒྱས་པ་ཚར་གཅིག་གི་གཟུངས་སྔགས་བཟླ་བ་ཡན་གྲུབ་ནས། ཚར་རྗེས་མ་རྣམས་ལ་མཆོད་པའི་སྤྲིན་གྱི་གཟུངས་སྔགས་ལན་གསུམ་བརྗོད་པས་བྱིན་བརླབ། ཇི་སྙེད་སུ་དག་སོགས་ཚང་བར་བརྗོད་པས་སྤྱིར་བསགས་སྦྱང་བྱ། བྱེ་བྲག་ཏུ། ཐུགས་དམ་བསྐུལ་ཞིང་མཚན་གྱི་ཕྱག་མཆོད། བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། ནས། འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་དང་། མཚན་ལེགས་ཀྱི་ཕྱག་མཆོད་ཚིག་ལྷུག་དེ་བརྗོད། མཆོད་པ་ཀུན་འབུལ་སོགས་ཤློ་ཀ་གཅིག །བཅོམ་ལྡན་མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་ཡིས། །སྔོན་ཚེ་སྨོན་ལམ་རྣམ་བརྒྱད་སོགས་ཤློ་ཀ་གཉིས་བརྗོད། དེས་སྨན་བླའི་བར་དུ་འགྲེ། ཤཱཀ་ཐུབ་ལ་ཚིག་ལྷུག་ཕྱག་མཆོད། མཆོད་པ་ཀུན་འབུལ་སོགས། བཅོམ་ལྡན་མཉམ་མེད་སོགས་ཤློ་ཀ་གཉིས། ཆོས་ལ། མ་རིག་མུན་སེལ་སོགས། མཆོད་པ་ཀུན་འབུལ་སོགས་


LT39_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་པའི་ཆོས་ལ་སོགས་ཤློ་ཀ་རེ་རེ། འཇམ་དཔལ་ལ་ཕྱག་མཆོད་ཚིག་ལྷུག །མཆོད་པ་ཀུན་འབུལ་སོགས་དང་། འཇམ་པའི་དབྱངས་ལ་སོགས་ཤློ་ཀ་རེ་རེ། སྐྱབས་གྲོལ་ལ་དེ་དང་མཚུངས། ཕྱག་རྡོར་དང་ཚངས་སོགས་ཕྱག་མཆོད་ཚིག་ལྷུག །མཆོད་པ་ཀུན་འབུལ་མན་ཆད་གཞུང་ལྟར། གནོད་སྦྱིན་སྡེ་དཔོན་ཕྱག་མཆོད་ཚིག་ལྷུག །མཆོད་པ་ཀུན་འབུལ་མན་ཆད་གཞུང་བཞིན་བརྗོད་ལ་གཟུངས་སྔགས་ཆེ་ཆུང་རྣམས་གང་འགྲུབ་རེ་བཟླས་པས་ཚར་གཅིག་གྲུབ། སླར་མཆོད་སྤྲིན་གཟུངས་བརྗོད་པ་ནས། གཟུངས་སྔགས་བཟླ་བ་ཡན་ཅི་འགྲུབ་བྱས་ལ་སྟོང་རྩ་ཚང་བའམ། ཉིན་གྲངས་མང་པོ་བྱེད་ན་དགོངས་མོ་བཞག་རན་པ་དང་ཁྲུས་གསོལ་ནས་ཤིས་བརྗོད་བར་རྗེས་ཆོག་ཚར་གཅིག་གིས་འཐུས་སོ། །སྐབས་འདིར་ཕྱག་མཆོད་ཚིག་ལྷུག་རྣམས་མཁན་པོའི་གཞུང་དངོས་ཡིན་པས་དོ་གལ་ཤིན་ཏུ་ཆེ་ཞིང་། དེ་བཞིན་ཏུ་རྗེས་ཆོག་སྐབས་སུ་འབྱུང་བའི། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་སོགས་མཆོད་པ་མན་གྱི་ཡན་ལག་ལྷག་མ་རྣམས་ཀྱང་མཁན་པོའི་གཞུང་ཡིན་པས་གྲུབ་མཐའ་གཞན་རྣམས་ཀྱིས་འདི་ཁོ་ན་གསུང་སྲོལ་ཡོད་ཀྱང་། སྐབས་འདིར་སྟག་ལོའི་གསུང་། མཆོད་པ་ཀུན་འབུལ་


LT39_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚིགས་བཅད་བཀོད་པར་མཛད་པ་འདིར་ཡང་ཤིན་ཏུ་བསྡུ་དགོས་པའི་སྐབས་སྟབས་བདེ་བ་ལ་བསམ་པ་ཡིན་པས། ཅུང་ཟད་སྤྲོ་ན་ཚིག་ལྷུག་ཉིད་སོ་སོར་སྦྱར་ན་ལེགས་སོ། །ཕྱག་མཆོད་གྲངས་ཀའང་གཞུང་ལྟར་འགྲུབ་དགོས་པ་ཡིན་ཀྱང་། སྟོང་མཆོད་འཕྲལ་གསོག་དགོས་པ་ལྟ་བུས་མི་འགྲུབ་ན། སངས་རྒྱས་དྲུག་དང་ཤཱཀ་ཐུབ་བཅས་ལ་གསུམ་རེ། སྨན་བླ་ལ་བདུན། འཇམ་དཔལ་མན་ཆད་རེ་རེ་བྱ། དེ་བཞིན་ཏུ་གཟུངས་ཆེན་ཚར་གཅིག །གཟུངས་ཐུང་བདུན་ཡན་གང་འགྲུབ་རེ་བྱའོ། །ཞེས་པ་འདིའང་དྲུང་འཚོ་བ་མངྒ་ལ་བྷ་དྲའི་ཐུགས་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། །།


LT39_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྨན་ཆོག་གཞན་ཕན་བདེ་འཇུག་དང་འབྲེལ་བར་སྟོང་མཆོད་བྱ་ཚུལ།next