Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
སྨན་བླའི་སྒོམ་བཟླས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྨན་བླའི་སྒོམ་བཟླས།next

སྨན་བླའི་སྒོམ་བཟླས།


LT39_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཅོམ་ལྡན་འདས་སྨན་གྱི་བླ་མའི་སྒོམ་བཟླས་སྤྲོ་ན། སྐྱབས་སེམས་བྱ། སྙིང་གར་ཨ་ལས་ཟླ་བའི་སྟེང་། །ཨོཾ་ཡིག་སྔོན་པོའི་འོད་ཟེར་གྱིས། །འཕྲོ་འདུས་རང་ཉིད་སྨན་གྱི་བླ། །བཻ་ཌཱུརྻ་འོད་ནམ་མཁའི་མདོག །ཕྱག་གཡས་མཆོག་སྦྱིན་ཨ་རུ་ར། །གཡོན་པས་མཉམ་བཞག་བཻ་ཌཱུརྻའི། །ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །མཚན་དཔེ་ཡོངས་རྫོགས་སྤྲུལ་སྐུའི་ཆས། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། །ཐུགས་ཀར་ཟླ་སྟེང་ཨོཾ་སྔོན་པོའི། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཡས་སུ་ཟླ་ལྟར་སྣང་བྱེད་དཀར། །གཡོན་ཏུ་ཉི་ལྟར་སྣང་བྱེད་དམར། །ལོངས་སྤྱོད་རྒྱན་རྫོགས་ཐལ་སྦྱར་མཛད། །པད་ཟླར་བཞེངས་པའི་སྟབས་ཀྱིས་བཞུགས། །རང་གི་གནས་གསུམ་འབྲུ་གསུམ་མཚན། །ཐུགས་ཀར་ཟླ་སྟེང་ཨོཾ་ཡིག་མཐར། །སྔགས་ཕྲེང་གཡས་བསྐོར་འོད་ཟེར་གྱིས། །སྡིག་སྒྲིབ་ནད་གདོན་ཀུན་སྦྱངས་གྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏཏྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ། །ཞེས་གཟུངས་རིང་ཚར་གཅིག་གིས་མགོ་དྲངས། ཨོཾ་བྷཻ་ཥ་ཛྱེ་མན་ཆད་གཟུངས་


LT39_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ཅི་འགྲུབ་བཟླས་ལ་མཐར། །རང་གི་ལུས་ལས་ཡེ་ཤེས་པས། །ཕྱུངས་ཏེ་ནམ་མཁར་བཞུགས་པར་གྱུར། །ཡན་ལག་བདུན་པ་རྒྱས་པ་བཟང་སྤྱོད་ལྟར་རམ། ཕྱག་འཚལ་བ་དང་སོགས་བརྗོད། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ད་ལྟ་ཉིད་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །ཅེས་གསོལ་བ་གདབ། ཡིག་བརྒྱ་བརྗོད། བཛྲ་མུཿས་ཡེ་ཤེས་པ་གཤེགས། ལས་སྒྲིབ་རྣམ་པར་སྦྱོང་བ་ལ་ཤིན་ཏུ་ཟབ་ཅིང་མཚན་ཙམ་བཟུང་བས་ཀྱང་ངན་སོང་གི་སྐྱེ་སྒོ་གཅོད་པ་སོགས་ཕན་ཡོན་མཐའ་ཡས་སོ།། །།


previousསྨན་བླའི་སྒོམ་བཟླས།next