Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་དང་དགག་དབྱེའི་ལས་ཀྱི་ཆོ་ག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་དང་དགག་དབྱེའི་ལས་ཀྱི་ཆོ་ག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ།next

བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་དང་དགག་དབྱེའི་ལས་ཀྱི་ཆོ་ག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ།


LT39_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་དང་དགག་དབྱེའི་ལས་ཀྱི་ཆོ་ག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


LT39_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་ཡེ་ཤེས་གཟིགས་པ་ཉག་གཅིག་གིས། །དགག་སྒྲུབ་བསླབ་བྱ་ཕྲ་བའི་གནད་འདོམས་ཏེ། །མངོན་མཐོ་ངེས་ལེགས་འགྲོ་ལ་མཚུངས་པར་སྦྱིན། །བླ་མ་ཤཱཀྱ་སེང་གེར་སྙིང་ནས་བཏུད། །བསླབ་པ་ཡོངས་སུ་སྦྱོང་བའི་གཞི། །དབྱར་དགག་ལག་ལེན་བལྟས་ཆོག་ནི། །མཁས་ལ་གྲགས་ཕྱིར་མི་དགོས་ཀྱང་། །རང་མཉམ་རྨོངས་པའི་དོན་དུ་བཀོད། །བདེ་ལེགས་ཐམས་ཅད་ཀྱི་རྩ་བ་སོ་ཐར་གྱི་ཚུལ་ཁྲིམས་རིན་པོ་ཆེའི་བསླབ་པ་ཡོངས་སུ་སྦྱོང་བར་བྱེད་པའི་གཞི་གསུམ་དུ་གསུངས་ཏེ། བསླབ་པ་ཡོངས་སུ་སྦྱོང་བར་བྱེད་པ་གསོ་སྦྱོང་། ཚུལ་ཁྲིམས་རྣམ་པར་དག་པ་དབྱར་གནས། ཆོས་རྣམ་པར་དག་པ་དགག་དབྱེའི་


LT39_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའོ། །དང་པོ་ལ་གསོ་སྦྱོང་གང་དུ་བྱ་བའི་གནས། གསོ་སྦྱོང་རང་གི་ངོ་བོ། གང་གིས་བྱེད་པའི་གང་ཟག །ནམ་གྱི་ཚེ་བྱེད་པའི་དུས། ཇི་ལྟར་བྱེད་པའི་ཆོ་ག་ལྔས་བསྡུས་ཏེ་དེའི་ལག་ལེན་གྱི་ཡིག་ཆ་རྡོ་རྗེ་འཆང་བསྟན་འཛིན་ཉིན་བྱེད་ཀྱི་གསུང་རབ་ལས་ད་ལྟ་ཕྱག་ལེན་དུ་མཛད་བཞིན་པ་ལྟར་རོ། །གཉིས་པ་ལ་གོ་ཡུལ་དང་ལག་ལེན་གཉིས། །དང་པོ་ལའང་དབྱར་ཁས་བླངས་བའི་ཕན་ཡོན་དང་། ཕན་ཡོན་དེ་དང་ལྡན་པའི་དབྱར་གྱི་གཞི་བཤད་པ་ལ་གཉིས། དང་པོ་ནི། ལུང་ལས། འཕྱ་དང་སྲོག་ཆགས་གནོད་སྤངས་དང་། །ལུས་སྲོག་གནོད་སྤང་རལ་གྲུམ་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་རྐྱང་


LT39_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའོ། །ཞེས་བཤད་པ་ལྟར་རོ། །གཉིས་པ་ཕན་ཡོན་དེ་ལྡན་གྱི་དབྱར་གནས་དངོས་ལ་ཡུན་ཇི་ཙམ་དུ་ཁས་ལེན་པ་དང་། དུས་ནམ་གྱི་ཚེ་ཁས་ལེན་པ། གནས་གང་དུ་ཁས་ལེན་པ། གང་ཟག་གང་གིས་ཁས་ལེན་པ། དབྱར་ཁས་ལེན་གྱི་མཐུན་རྐྱེན་བཤད་པ་དང་ལྔར་ཡོད། དང་པོ་ནི། དབྱར་སྔ་ཕྱི་གང་ཡིན་ཀྱང་ཟླ་གསུམ་དུ་ཁས་ལེན་དགོས་ཏེ། མདོ་རྩ་བ་ལས། དབྱར་གནས་པར་ཁས་བླངས་པར་བྱའོ། །ཟླ་བ་གསུམ་དུའོ། །ཞེས་པ་དང་། ལས་ཆོག་ལས། དབྱར་ཕྱི་མ་ཁས་བླངས་པ་ནི། དབྱར་ཕྱི་མ་ཟླ་བ་གསུམ་དུ་ཁས་བླང་བར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དུས་ནི། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུ་ང་གི་ཚེས་བཅུ་དྲུག་ལ་ཁས་ལེན་དགོས་ཏེ། ཇི་སྐད་དུ། ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེའི་ཉིན་པར་གྱིའོ། །དབྱར་ཐ་ཆུང་ཉའི་འོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་དབྱར་ཟླ་འབྲིང་པོ་དེ་གང་ལ་བྱ་ཞེ་ན། ལོ་མགོ་འཛིན་ཚུལ་ལ་དབྱུག་བས་ཉ་བའི་ཚེས་བཅུ་དྲུག་ནས་འཛིན་པ་དང་། སྨིན་དྲུག་གིས་ཉ་བའི་ཚེས་བཅུ་དྲུག་ནས་འཛིན་པའི་ལུགས་གཉིས་བྱུང་ཞིང་། མཚོ་སྣ་པ་ཕྱི་མ་ལྟར་བཞེད་ཅིང་དབྱར་འབྲིང་ཧོར་ཟླ་དྲུག་པ་ལ་མཛད་པ་འདུལ་བ་ཚིག་ལེ་དང་


LT39_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན། ཀུན་མཁྱེན་བུ་སྟོན་ལུགས་སྔ་མ་ཞལ་གྱིས་བཞེས་ཤིང་དབྱར་འབྲིང་ཧོར་ཟླ་ལྔ་པ་ལ་མཛད་དེ་དེའི་བཅུ་དྲུག་ནས་དབྱར་ཁས་ལེན་བྱེད་པར་གསུངས་པ་ལྟར་ཐམས་ཅད་མཁྱེན་པ་བརྒྱད་པའང་དེའི་རྗེས་འབྲང་དུ་མཛད། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས། དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། དེ་ཉིད་དུས་སྔར་བསྣུར་གྱི་དབང་དུ་བྱས་ན་སྣྲོན་ཟླ་རྫོགས་པ་སྟེ་ཧོར་ཟླ་ལྔ་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉའི་ཉིན་པར་དབྱར་ཁས་བླངས་པར་བཤད་ཅིང་ད་ལྟ་ཕྱག་ལེན་ཕལ་ཆེར་ཆུ་སྟོད་ཀྱི་ཉ་ལ་བྱེད་པ་དང་། ཡུན་ཟླ་བ་གསུམ་ཡང་དབྱར་ངོ་གསུམ་ལ་བྱས་ནས་ཟླ་བ་ཕྱེད་གཉིས་ལས་མི་བཞུགས་ཀྱང་། དབྱར་སྔ་མར་ཞལ་གྱིས་བཞེས་ནས་ཟླ་བ་ཧྲིལ་པོ་གསུམ་བཞུགས་ན་སྟོན་པའི་བཅས་པ་དང་མཐུན་ལ་ཐོས་བསམ་འཕེལ་བ་སོགས་ཕན་ཡོན་ཤིན་ཏུ་ཆེའོ། །གསུམ་པ་གནས་གང་དུ་ཁས་ལེན་པ་ནི་རང་ཉིད་དབྱར་གང་དུ་འདུག་པའི་གནས། སྟེང་གཡོགས་དང་བཅས་པར་ཡུལ་དགེ་སློང་གཅིག་གི་མདུན་ཏུ་ཁས་ལེན་པ་ཡིན། གཙུག་ལག་ཁང་དུ་མར་ཁས་ལེན་པར་མི་བྱ་སྟེ། དོན་དང་བྱ་བ་ཉུང་བའི་དགོས་པ་མི་འགྲུབ་པའི་ཕྱིར། དབྱར་གནས་མི་འཆགས་པ་ནི་


LT39_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། ཇི་སྐད་དུ། གཅིག་ཏུ་རྐང་པ་ཡ་གཅིག་ལ། གཅིག་ཏུ་ཡ་གཅིག་ན་གཉིས་ཀར་གནས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དབྱར་གནས་པར་ཁས་མ་བླངས་ཀྱང་ཟླ་བ་གསུམ་གྱི་རིང་མཚམས་ནང་དེར་འདུག་པར་དམ་བཅས་ན་དབྱར་གནས་ཁས་བླངས་པའི་གོ་ཆོད་པ་ཡིན་ཏེ། ཇི་སྐད་དུ། གནས་པར་ཁས་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བཞི་པ་གང་ཟག་གང་གིས་ཁས་ལེན་པ་ནི། སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པའི་རབ་བྱུང་སྡེ་ལྔ་ཆར་གྱིས་ཁས་ལེན་པ་ཡིན་ཏེ། སྡེ་པ་ལྔ་ཆར་གྱིས་ཀྱང་ཁས་བླངས་པར་བྱ་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཤེས་པ་རང་བཞིན་ཏུ་གནས་པ་དང་། ལུས་ཐ་མལ་པར་གནས་པ་དང་། གནས་ནས་མ་ཕྱུང་བ་ཞིག་ཀྱང་དགོས་སོ། །སྤྱིར་གཞི་གསུམ་ཀ་དགེ་སློང་ལྔར་མ་ལོངས་ན་བྱིན་གྱིས་བརླབས་པ་ལས་དངོས་མི་ཆགས་པས་གྲངས་ཀྱང་ལྔ་ཡན་ཆད་ལོངས་པ་ཞིག་དགོས་སོ། །ལྔ་པ་མཐུན་རྐྱེན་བསྟན་པ་ནི། དབྱར་ཁས་ལེན་པའི་སྔ་རོལ་དུ་བསོད་སྙོམས་ལ་རྒྱུ་བའི་སྤྱོད་ཡུལ་གྱི་གྲོང་དང་། ན་ན་ནད་གཡོག་དང་། གསོ་སྨན་དང་། ལྟུང་བ་བྱུང་ན་འགྱོད་པ་སེལ་བར་བྱེད་པ་པོ་དང་། འདུལ་བ་འཛིན་པ་དང་། གསོ་སྦྱོང་གི་ཚེ་སོ་སོ་ཐར་པའི་མདོ་འདོན་པ་པོ་ཡོད་


LT39_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བརྟགས་ཏེ། ཡོད་ན་གནས་པར་ཁས་བླངས་ཤིང་། མེད་ན་བླང་བར་མི་བྱའོ། །གཉིས་པ་ལག་ལེན་དངོས་བཤད་པ་ལ་བཞི། སྦྱོར་བ། དངོས་གཞི། དེའི་བྱ་བ། དབྱར་མི་རལ་པའི་ཕྱིར་བྱིན་གྱིས་བརླབས་པའི་ཆོ་ག་བཤད་པའོ། །དང་པོ་སྦྱོར་བ་ལ་གཉིས་རིང་བ་དང་ཉེ་བའི་སྦྱོར་བའོ། །དང་པོ་ནི། དབྱར་ཁས་ལེན་པའི་སྔ་རོལ་ཞག་བཅུའམ་ཟླ་བ་ཕྱེད་ནས་གཙུག་ལག་ཁང་བྱི་དོར་བྱ་བ་དང་། སེང་གེའི་ཁྲི་བཤམས་པ་དང་། བླ་བྲེ་དང་། གདུགས་དང་། རྒྱལ་མཚན་གདགས་པ་སོགས་བྱའོ། །གཉིས་པ་ལ་དྲུག །ཚེས་བཅོ་ལྔའི་ཉའི་གནས་མལ་ལ་སོགས་པ་སྟ་གོན་བྱ་བ་དང་། གནས་མལ་སྟོབས་པ་པོ་བསྐོ་བ་དང་། དེས་ཁྲིམས་སུ་བྱ་བ་བརྗོད་ནས་ཚུལ་ཤིང་བླང་བ་དང་། དེ་ལེན་པའི་གསོལ་བ་འབའ་ཞིག་པའི་ལས་དང་། གནས་མལ་སྟོབ་པ་དང་། དབྱར་ཁས་བླངས་པ་གོ་བར་བྱ་བའོ། །དང་པོ་ནི། གནས་དང་མལ་སྟན་དང་ཆོས་ཟངས་དང་ཁྲི་དང་ཁྲིའུ་སྒོ་ལྕགས་ལྡེའུ་མིག་ལ་སོགས་པ་བསྡོགས་ཏེ་འཇོག །ཁྱད་པར་ཚུལ་ཤིང་འོ་མ་ཅན་སོགས་བཟང་ཤིང་ལས་བཅོས་པ་འཇམ་ཞིང་དྲང་བ་དབྱིབས་ཧྲིལ་མོ་ཁྲུ་གང་བ་དྲི་བཟང་པོས་ཁ་བསྒྱུར་བ་དབྱར་གནས་བཞུགས་མཁན་དགེ་ཚུལ་སློང་དུ་ཡོད་ཀྱི་གྲངས། སྟོན་པའི་ཚུལ་ཤིང་སྐེད་


LT39_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པར་དར་སེར་པོ་དང་མེ་ཏོག་ཕྲེང་བས་དཀྲིས་པ་རྣམས་ཉེར་བསྡོགས་བྱ། གཉིས་པ་ནི། ཟླ་བ་ལྔ་པ་དྲུག་པ་གང་ཡིན་པའི་ཉའི་ཉིན་སྐྱ་རེངས་ཤར་བསྟུན་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་སོགས་རྒྱས་པར་བསྟར་ཏེ་གཎྜི་བརྡུངས་ཤིང་གསོ་སྦྱོང་བྱ། འདི་སྐབས་དགེ་ཚུལ་རྣམས་སོ་སོའི་གསོ་སྦྱོང་གྲུབ་བསྟུན་རང་མལ་དུ་མི་ལྡོག་པར་སྒོ་ཁྱམས་སུ་གདིང་བ་དང་བཅས་ཏེ་འཁོད། དགེ་སློང་རྣམས་ཐད་གྲལ་དུ་བཞུགས་སྐབས་གྲལ་དཀྱིལ་དུ་དབྱར་བདག་རྒན་པ་འཁོད། དབྱར་བདག་གཉིས་བསྐོ་ན་གཅིག་ཆོས་ཁྲིམས་པ་ཡིས་བྱ། དེ་ལྟར་ན་ཚུལ་ཤིང་ཡང་ཚན་གཉིས་སུ་བཅད་དེ་འཇོག་ལས་བྱེད་པ་པོའི་དགེ་སློང་གིས་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པ་དང་། གནས་ལ་བློ་མཐུན་ལ་སོགས་པ་བྱས་ལ། དེའི་འོག་ཏུ་གནས་མལ་སྟོབ་པར་འོས་པའི་དགེ་སློང་གསུམ་མན་ཆད་གང་ཡང་རུང་བ་བསྐོ་དགོས་པས་བྱིན་རླབས་སོགས་གོང་དུ་གྲུབ་ཟིན་ཅིང་། སྐབས་འདིར་ལས་བྱེད་མཁན་པོས་མཛད་པའི་དབང་དུ་བྱས་ནས། མཁན་པོ་ཁྲི་དང་དགེ་སློང་རྣམས་ཐང་གྲལ་དུ་བཞུགས་བཞིན་པའི་མུར། གསོ་སྦྱོང་གི་མཇུག་ཚིག་རྫོགས་མ་ཐག་པར་ལས་བྱེད་པས་དབྱར་བདག་ལ། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། ཁྱེད་དག་ཁྱེད་རྣམས་སོགས་བསྐོ་རྒྱུ་ལ་དཔག །དགེ་འདུན་ལ་དབྱར་


LT39_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གནས་མལ་སྟོབ་པར་སྤྲོའམ། ཞེས་དྲིས་པའི་ལན་དུ། དེས་ཀྱང་སྤྲོ་ལགས་ཤེས་བརྗོད། དེ་ནས་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱི་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་གྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་


LT39_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། །དེ་ལྟར་བརྐོས་པའི་དགེ་སློང་དེས་གནས་མལ་སྟོབ་པ་དང་ཚུལ་ཤིང་བྲིམས་པ་ཡང་བྱའོ། །གལ་ཏེ་གནས་མལ་སྟོབ་པ་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་པའི་ཆོ་ག་ནི། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱེད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ། ཞེས་དྲི། སྤྲོ་ཟེར་ན། སྔར་གྱི་དབྱར་གྱི་གནས་མལ་སྟོབ་པ་ཞེས་པའི་དོད་དུ་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་ཞེས་བསྒྱུར་བས་གསོལ་གཉིས་ཀྱི་ལས་མཇུག་སྡུད་དང་བཅས་པ་བརྗོད་དེ་རྩོད་པ་ཞི་བྱེད་ལས་འབྱུང་བ་ཉིད་འདིར་ཕྱག་བཞེས་སུ་མཛད་དོ། །གསུམ་པ་ནི། དེ་ནས་ཚུལ་ཤིང་རྣམས་གཟེབ་ཀྱི་པྲོག་མའམ། དེ་མཚུངས་ཀྱི་སྣོད་དུ་རས་དཀར་བཏིང་བས་དཀྲིས་པ་རྒན་པའི་མདུན་ངོས་སུ་བཞག །དབྱར་བདག་རྒན་པ་སྣམ་སྦྱར་དང་བཅས་རང་མལ་ནས་ཕྱག་གསུམ་འཚལ། གཟན་ཕྲག་ཁྱེར་འགྲེང་འདུད་བཅས་དབྱར་གྱི་ཁྲིམས་བརྗོད་པར་བྱ་སྟེ། གཉིས་ཡོད་ན་རྒན་པས་བརྗོད། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་


LT39_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བར་མི་བྱ་བར་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་བའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་དེས་སྨྲོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུགས་ལོང་བསྐྱེད་པར་འགྱུར་བ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །ཞེས་བརྗོད། ཡང་གདིང་བ་བཅས་གཙུག་ལག་ཁང་གི་ཕྱི་རོལ་ཁྱམས་སུ་


LT39_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་དགེ་ཚུལ་མང་ན་ཕྱག་དང་། ཉུང་ན་ཕྱག་དབང་བམ་ཚུལ་ཕྱག་དང་གཟན་ཕྲག་ཁྱེར་འགྲེང་འདུད་བཅས་དགེ་གསོལ་ཁྲིམས་བསྒྲགས་སྔར་བཞིན་བྱས་ཏེ་ནང་དུ་ལོག་ནས་རང་གྲལ་དུ་འཁོད། བཞི་པ་ནི། ལས་བྱེད་ཕ་ཁྲིར་བཞུགས་བཞིན་པས། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ། སང་ནང་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །དེ་ནས་བྲིམ་པ་པོ་དབྱར་བདག་གཉིས་ལངས་ནས་སོ་སོའི་ཚུལ་ཤིང་གི་རྩ་བར་ཕྱིན་ལ་རྒན་པས་སྟོན་པའི་ཚུལ་ཤིང་ལག་གཡས་པའི་གུང་མོས་རྩེ་དང་། གཡོན་པའི་སྲིན་ལག་གིས་རྩ་བ་བརྟེན་ཏེ་སྤྱི་བོར་བཟུང་ནས། འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །ཞེས་བརྗོད་དེ་སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་འབུལ་ལོ། །སླར་རྒན་པས་ཚུལ་ཤིང་མཁན་པོའི་


LT39_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཏུ་ཕུལ་བ་དེས་ཀྱང་། ཁྲི་ལས་ཕྱེད་འཕགས་དལ་བུས་གུང་སྲིན་གྱིས་སྣེ་གཉིས་ནས་བཞེས་ཏེ་པང་དུ་བཞག །དེ་ནས་དབྱར་བདག་རྒན་པས་རྒན་རིམ་དང་གཞོན་པས་གཞོན་རིམས་སུ་བྲིམ་པ་དགེ་སློང་ཐམས་ཅད་ནས་གོང་ལྟར་བླངས་ཏེ་རང་རང་གི་པང་པར་བཞག །ཐམས་ཅད་རྫོགས་པ་དང་དབྱར་བདག་གཉིས་ཀྱིས་གཞོན་རིམ་དང་རྒན་པས་མཁན་པོའི་ཚུལ་ཤིང་བཅས་བསྡུས་ཏེ་གྲངས་བརྩི་ནས་གཅིག་ཏུ་བསྡམས་པ་སྣོད་དུ་བཞག །ཚུལ་ཤིང་འཕྲོས་རྣམས་མཁན་པོ་ནས་བཟུང་རིམ་པར་བྲིམ་པས་དགེ་སློང་རྣམས་ཀྱིས་དགེ་ཚུལ་སོ་སོའི་གྲངས་རྒྱབ་ནས་ལེན་པ་ལས་དགེ་ཚུལ་འདི་དང་འདིའིའོ་ཞེས་མིང་ནས་སྨོས་མི་གསུངས། རྫོགས་ནས་སྔར་བཞིན་བསྡུས་ཏེ་བགྲང་ཞིང་བསྡམ། སླར་ཚུལ་ཤིང་གི་ལྷག་མ་དབྱར་རྒན་པས་མཁན་པོར་ཕུལ་བ་དེས་ཀྱང་། འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའོ་ཞེས་གཅིག་བཞེས་པའང་རྒན་པས་ཚུར་བསྡུས་པ་དེ་ཉིད་ཀྱིས་རྒན་གྲལ་གྱིས་བཤམ་ནས་མཁན་པོར་ཕྱོགས་ཏེ་གདིང་ཕྱག་སོགས་དང་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙད་ཀྱིས་ཚུལ་ཤིང་བཞེས་སོ། །དགེ་ཚུལ་གྲངས་འདི་


LT39_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །ཞེས་གོ་བར་བྱས་ནས་ཕྱི་རོལ་ཏུ་དགེ་ཚུལ་རྣམས་ལའང་སྤྱོད་ལམ་གོང་སྨོས་འདྲ་བས་དགེ་གསོལ་གྲངས་བརྗོད་པར་བྱེད་ཅིང་ནང་དུ་ལོག །ལྔ་པ་ནི། གཙུག་ལག་ཁང་དེར་གཉུག་མར་གནས་པ་རྣམས་ལ་གནས་མལ་གསར་དུ་མི་དགོས་ཀྱང་གློ་བུར་དུ་ལྷགས་པ་སོགས་གསར་སྟོབ་དགོས་ན་སོ་སོར་སྟོབ་པར་བྱ་སྟེ། དེའི་ཚུལ་ནི། བསྐོས་པས་གནས་ཁང་གི་སྒོ་ལྕགས་དང་ལྡེའུ་མིག་བཟུང་ནས། དང་པོ་གནས་བརྟན་གྱི་མདུན་དུ་འདུག །གཉིས་ཀས་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱས་པས་བཟུང་སྟེ། མཁན་པོའམ་སློབ་དཔོན་ནམ་གནས་བརྟན་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱི་བཞེས་ཤིག །ཅེས་རྒན་རིམ་ནས་དགེ་ཚུལ་གྱི་མཐའི་བར་དུའང་རང་རང་གི་གནས་ཁང་གི་སྒོ་ལྕགས་དང་ལྡེའུ་མིག་གཏད་ཅིང་། ལེན་པོ་རྣམས་ཀྱིས་ཀྱང་མི་སྨྲ་བར་ལག་གཉིས་བཀན་ཏེ་ལྷུང་བཟེད་ལྟར་བླང་ངོ་། །དེ་ནས་མལ་སྟན་ཡང་རིམ་པ་བཞིན་དུ། དགེ་ཚུལ་སློང་སོ་སོའི་གདིང་བའི་སྣེ་ནས་གཉིས་ཀས་སྔར་བཞིན་འཛིན་ཅིང་། །དབྱར་བདག་པས་རེ་རེ་ནས་གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག །ཅེས་རེ་རེ་བཞིན་བརྗོད་ཅིང་བྲིམས། གལ་ཏེ་དབྱར་གནས་པར་གུར་དང་


LT39_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཚང་ལྷ་བུ་ཡིན་རུང་གཞུང་གི་ཕྱག་ལེན་ཡིན་པས་སྒོ་ལྕགས་སྟོབ་པ་སོགས་བསྐྱུར་མི་དགོས་གསུངས། དེ་ནས་ཁྲིམས་སུ་བཅའ་བ་བརྗོད་པ་ནི། སྟོབ་པ་པོ་རྒན་གྲལ་གྱི་མཐར་གདིང་ཕྱག་ཕྲག་ཁྱེར་འགྲེང་ལ་ཐལ་སྦྱར་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་དང་། ཕྱི་རོལ་དུ་དགེ་ཚུལ་རྣམས་ལའང་དེ་བཞིན་གོ་བར་བྱས། དྲུག་པ་ནི། སྤྱོད་ལམ་སོགས་སྔར་ལྟར་གྱིས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་འདུག་ལ། སྦྱིན་བདག་འདི་ཞེས་བྱ་བའམ་དམིགས་བསལ་མེད་ན་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་ཏུ་བཅས་པ་དུ་མ་དང་། ཞལ་ཏ་པ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་པ་དང་། དགེ་ཚུལ་རྣམས་པའང་དེ་བཞིན་བརྗོད་ལ་ནང་དུ་ཕེབས་ཀྱི་བརྡ་སྦྱར་ནས་དབྱར་བདག་གཉིས་རང་གྲལ་


LT39_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞུགས། དགེ་ཚུལ་རྣམས་ཀྱང་གདིང་ཆོས་བཅས་ནང་དུ་འཁོད། མཁན་པོས་ཕྱོགས་བཅུ་ན་བཞུགས་པའི་སོགས་དགོངས་གསོལ་གྱི་མཐུན་འགྱུར་བསྐུལ་བ་དང་། སོ་སོར་བསྐུལ་མཚམས་བཅས་བྱང་དྲངས་ནས། བསོད་ནམས་འདི་ཡིས༴ འགྲོ་བའི་སྡུག་བསྔལ་སྨན༴ ཕན་བདེ་འབྱུང་བའི༴ འཇིག་རྟེན་བདེ་ཞིང་༴ སངས་རྒྱས་སྐུ་གསུམ༴ ཉིན་མོ་བདེ་ལེགས་སོགས་བསྔོ་སྨོན་ཤིས་བརྗོད་ལྷུག་འདོན་དལ་བར་བཏང་སྟེ་གཙུག་ལག་ཁང་ལ་བསྐོར་བ་བཅས་ཚོགས་གྱེས་པ་ནི་དབྱར་གྱི་སྦྱོར་བ་ཚུལ་འཇུག་གི་ཆོ་གའོ། །གཉིས་པ་དབྱར་ཁས་བླང་བ་དངོས་གཞིའི་ཆོ་ག་ནི། དེའི་ཕྱིར་ཉིན་ཚེས་བཅུ་དྲུག་གི་ནང་པར་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པར་དགེ་སློང་གི་མདུན་དུ་ཁས་བླང་བར་བཤད་ཀྱང་། དེང་སང་འདུས་ནས་མཛད་པ་ཕྱག་ལེན་དུ་གདའ་བས་གཎྜི་བརྡུངས་ཏེ་དགེ་ཚུལ་སློང་ལྷན་ཅིག་འདུས་པ་དང་། གསོ་སྦྱོང་སྐབས་ལྟར་ཐད་གྲལ་དུ་བཞུགས། མདོ་བསྐུལ་ཚིག་བསྒྱུར་རོ། །དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། ཞེས་སོགས་ཀྱིས་བསྐུལ་ནས་རྒྱུད་ཆགས་གསུམ་པ་དང་གཞི་བདག་ལ་གཏོར་མ་བཏང་བའི་བར་དུ་བྱ། དེ་རྗེས་མཁན་པོ་ཁྲིའི་མར་ཞལ་


LT39_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཟིགས་ཀྱིས་བཞུགས་པར་དབྱར་བདག་གཉིས་ཀྱིས་གདིང་ཕྱག་ཕྲག་ཁྱེར་འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་ཁས་བླངས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ། དེས་ཀྱང་ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཞེས་ལན་བཏབ། ཙོག་པུར་འདུད་རྒྱ་བཅས། བཙུན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། །དབྱར་ཕྱི་མ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བསྒྱུར། སྦྱིན་བདག་སོགས་ཡོད་ན། གྲུམ་པ་བཅོས་པའི་སླད་དུ་ཞེས་པའི་མཇུག་ཏུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་པ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་ཞེས་སྦྱར། འདི་དག་ཏུ་ཞལ་ཏ་པ་དང་བྲོ་གཡོག་པ་གང་ཡིན་མིང་དངོས་སུ་སྨོས། སྤྱོད་ཡུལ་གྱི་གྲོང་ནི་དབྱར་གནས་


LT39_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས་དངོས་སུ་ཡོད་ན་དེ་དང་མེད་ན་ཆོས་སྡེ་དེའི་གཞིས་ཀའམ་ཉེ་འཁོར་གྱི་གྲོང་པ་ལྟ་བུ་དང་། དེའང་མེད་ན་དགོན་པ་རི་ཁྲོད་སོགས་བརྟེན་གནས་དེའི་མིང་སྨོས་ཆོ་ག་གསུང་། དེ་ནས་དབྱར་བདག་རྒན་པ་མཁན་པོའི་གཡས་ངོས་སུ་གདིང་བའི་སྟེང་མཁན་པོ་ལ་ཕྱོགས་པར་བཞུགས། མཁན་པོ་ཁོ་ནའམ་གྲོགས་དགེ་སློང་བགྲེས་པ་གཉིས་བཅས་བསླབ་ཕྱག་སྔོན་འགྲོས་ཉེ་ཚིག་གི་དགོངས་གསོལ་དང་། དངོས་གཞི་ལན་གསུམ་ཐབས་ལེགས་བཅས་བྱ། མཁན་པོ་ཁྲིར་བཞུགས། དགེ་གྲོགས་རང་གྲལ་དུ་འཁོད། དེ་ནས་དབྱར་བདག་པ་གཉིས་ཞལ་ཕྱིར་ཕྱོགས་ཏེ་སོ་སོར་གདིང་བ་དང་བཅས་ཕན་ཚུན་དུ་འཁོད་པ་ལས་དགེ་སློང་གསུམ་རེས་ཁས་བླང་བ་དགེ་ཚུལ་ལའང་འགྲེ། འདུས་ཚོགས་ཤིན་ཏུ་རྒྱས་ཏེ་དབྱར་བདག་དུ་མ་བསྐོས་ཡོད་ནའང་སྔ་མའི་ཚུལ་གྱིས་རིགས་པས་དཔག །སྐབས་འདི་དག་ཏུ་བདག་དགེ་སློང་མིང་འདི། དགེ་ཚུལ་མིང་འདི་ཞེས་སྦྱར་དགོས་པའང་ཤེས་པར་བྱ། གལ་ཏེ་དམིགས་བསལ་ཡུལ་མེད་ན་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པར་འགྱུར་ཏེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་འབྱུང་བས་བྲོས་སྒོམ་སོགས་ཆོས་སྤྱོད་ཅི་


LT39_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་གནས་ཤིང་ལྗོངས་མི་རྒྱུ་བ་རྣམས་ཀྱང་དོན་གྱིས་དབྱར་གནས་པ་ཡིན་ནོ། །དགེ་ཚུལ་སློང་ཐམས་ཅད་ཀྱིས་ཁས་ལེན་གྲུབ་ནས་མཁན་པོས་བསྐུལ་ཏེ་སྔ་ཉིན་ལྟར་བསྔོ་སྨོན་བཀྲ་ཤིས་བསྐོར་བ་བཅས་གྲོལ་ལོ། །གསུམ་པ་དེ་ལྟར་དབྱར་ཁས་བླངས་པའི་རྗེས་སུ་ཇི་ལྟར་སྒྲུབ་པའི་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་གནས་མལ་ལ་ལོག་པར་སྤྱད་མ་སྤྱད་བརྟག་པ་སོགས་བརྐོས་པའི་གང་ཟག་གི་བྱ་བ་དང་། དགེ་འདུན་སྤྱིའི་བྱ་བ་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་བརྩོན་ཅིང་། ལྷུང་བཟེད་བསྒྱུར་བ་སོགས་དོན་མང་བ་དང་བྱ་བ་མང་བ་སྤང་། འཁྲུག་སློང་གི་རྒྱུ་ལྟུང་བ་གླེང་བ། རྙེད་པ་བགོ་བ། འཐབ་རྩོད་བྱེད་པ་སྤང་། གཙུག་ལག་ཁང་ཐིག་ཚགས་སོགས་ཀྱིས་བསྐྱང་། མཚམས་ཀྱི་ཕྱི་རོལ་ཏུ་ཞག་ཏུ་མི་སྡོད། མདོར་ན་ནང་རེ་བཞིན་རྒྱུད་ཆགས་གསུམ་པའི་མདོ་འདོན་པ་དང་། རབ་ཏུ་བྱུང་བ། ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་སོགས་བསྟར་ཆགས་སུ་བགྱིད་འོས་པ་རྣམས་ཀྱིས་མཚོན་ནས་ཆོས་དང་ལྡན་པའི་བྱ་བ་འབའ་ཞིག་གིས་དུས་འདའ་བར་བྱའོ། །བཞི་པ་དབྱར་མི་རལ་བའི་ཆོ་ག་ལ་གཉིས། གང་ཟག་གི་ཆེད་དུ་ཞག་བདུན་བྱིན་གྱིས་བརླབས་པའི་ཆོ་ག་དང་། དགེ་འདུན་གྱི་ཆེད་དུ་གནང་བ་ཐོབ་ན་ཞག་བརྒྱད་ནས་བཞི་བཅུའི་བར་ལ་བྱིན་གྱིས་


LT39_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པའི་ཆོ་གའོ། །དང་པོ་ནི། ཆོས་དང་ལྡན་པའི་དོན་དུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་པ་བྱུང་ན། དབྱར་གྱི་མཐའི་ཞག་དྲུག་མ་གཏོགས་པ་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་བྱིན་གྱིས་བརླབས་ཏེ་འགྲོ་བར་གནང་བ་ཡིན་ལ། ཆོས་དང་ལྡན་པའི་དོན་ནི། འདུལ་བ་མེ་ཏོག་ཕྲེང་མཛེས་ལས། ལྷག་པར་བུ་དང་བུ་མོ་རྣམས། །བག་མ་གཏོང་ལེན་ལ་སོགས་དང་། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ན། །ཞག་བདུན་བརླབ་བམ་ལྷག་ཀྱང་རུང་། །ཞེས་གསུངས་པ་ལྟར་རོ། །ཡང་དགེ་འདུན་གྱི་དབྱེ་ན་སྡུམ་པ་ལ་སོགས་པའི་ཕྱིར་ནི། དབྱར་ངེས་པར་དཔྲལ་དགོས་པ་ཡང་ཡོད་དོ། །ཡང་མཚམས་ཕྱི་རོལ་དུ་ཞག་གཅིག་མ་ཕྱིན་ཀྱང་དབྱར་རལ་བ་ཡང་ཡོད་དེ་མཚམས་ནང་དུ་ཆོས་ཕྱོགས་པ་དང་ཆོས་མ་ཡིན་པའི་ཕྱོགས་སོ་སོར་བྱེ་ན་ཆོས་མ་ཡིན་པའི་ཕྱོགས་སུ་སྐྱ་རེངས་ཤར་ཤར་གྱི་བར་སྡོད་ན་དབྱར་འཇིག་པར་འགྱུར་ཏེ། ཇི་སྐད་དུ། དེའི་ལྟ་བ་ལ་མངོན་པར་ཞེན་པས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་སྟེ། སྐྱ་རེངས་ཤར་ན་འཇིག་གོ། །ཞེས་གསུངས་པའི་ཕྱིར། ཞག་བདུན་བྱིན་གྱིས་བརླབས་པའི་ཆོ་ག་ནི། མཚམས་ཀྱི་ནང་དུ་དགེ་སློང་ཆོས་དགུ་ལྡན་དེ་དབྱར་བདག་པ་གང་རུང་གི་དྲུང་དུ་ཕྱིན་ནས་གདིང་ཆོས་བཅས་བསླབ་ཕྱག་དང་འགྲེང་འདུད་ཀྱིས་ཉེ་ཚིག་གིས། དགུང་གཅིག་ལ་སོགས་པར་བྱིན་གྱིས་བརླབས་པར་ཐུགས་གཏད་པར་ཞུ།


LT39_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་ལན་འདེབས། ཙོག་པུར་འདུད་རྒྱས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །དེ་བཞིན་དུ་ཞག་གཅིག་དང་གཉིས་སོགས་གང་ཡིན་འདོན་པ་བརྗེ་བར་བྱ། དགེ་ཚུལ་ལ་ཞག་བདུན་གྱི་གནང་བ་དུས་གཅིག་ཏུ་མི་སྟེར། དགེ་ཚུལ་སློང་བྱིན་རླབས་ཀྱི་སྔགས་ཚིག་མཚུངས་ཤིང་གཉིས་ཀས་བྱིན་རླབས་ཞུ་ཡུལ་དབྱར་བདག་དགེ་སློང་ཁོ་ནའོ། །གཉིས་པ་ནི། གལ་ཏེ་ཞག་བདུན་གྱིས་མི་འགྲུབ་པའི་དགེ་འདུན་ལ་སོགས་པའི་ཆོས་ལྡན་གྱི་ཆེད་དུ་འགྲོ་དགོས་ན། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པར་བྱས་རྗེས་ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་བྱིན་གྱིས་བརླབས་ནས་འགྲོ་སྟེ། འདིར་ཞག་བཞི་བཅུ་ཞེས་པའང་དབྱར་གནས་གྲོལ་ཁར་ཚུར་སླེབ་རྩིས་ཀྱི་ཞག་


LT39_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཤོས་བྱས་པའི་ཕྱིར་བར་རྣམས་དེ་ཡིས་རིགས་འགྲེ་སྦྱར་ལ། དེའི་ཆོ་ག་ནི། དགེ་འདུན་གྱི་ཆེད་དུ་ཡིན་ན། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་རླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་སྤྲོའམ་དྲི། དེས་ཀྱང་སྤྲོ་ལགས་ཞེས་བྱ། དེ་ནས་རང་གིས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ཏེ་རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རང་དོན་ཡིན་ན་བྲི་མི་དགོས་གསུངས། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གནང་བ་སྦྱིན་པའི་ལས་དངོས་ནི། ལས་


LT39_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླང་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླང་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱི་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་


LT39_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཅུའི་གནང་བ་ཞེས་པའི་བར་སྔར་ལྟར་ལ། གསོལ་ཏོ། །དེའི་སླད་དུ། འདི་དབྱར་འདི་ན་མཆེས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་ཞེས་པ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་ཟག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་ཏུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་དགེ་འདུན་ལས་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་གི་དགེ་སློང་ཞིག་གི་མདུན་ཏུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་སྔགས་ནི། སྔར་གྱི་ཞག་བདུན་པའི་ཆོ་ག་དེ་ཉིད་ལས། ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་དགུང་འདུན་ཞེས་པའི་ཚབ་ཏུ། དགེ་འདུན་ནམ་ཆོས་ལྡན་གྱི་སླད་དུ་དགུང་བརྒྱད་དམ་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། དབྱར་བྱིན་རླབས་འདི་མཚམས་ཀྱི་ནང་དེ་གནས་བྱེད་པ་ལས་མཚམས་འདས་ནས་བྱིན་རླབས་མི་ཆགས་པས་མི་བྱ། དབྱར་ཁས་བླངས་ཟིན་ནས་གསོ་


LT39_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་གཉིས་སོང་ན་དགག་དབྱེ་རུང་བས་དགེ་ཚུལ་སློང་གང་ཡང་ཞག་དྲུག་ཕན་དུས་གཅིག་ཏུ་འགྲོ་དགོས་ན་དགེ་སློང་གཅིག་ལ་དགག་དབྱེ་ཞུས་ནས་འགྲོ་རུང་བར་གསུངས་སོ། །གསུམ་པ་ཆོས་རྣམ་པར་དག་པ་དགག་དབྱེའི་གཞི་བཤད་པ་ལ་གཉིས། གོ་ཡུལ་དང་ལག་ལེན་ནོ། །དེའང་དགག་དབྱེ་ལ་ཆོས་རྣམ་པར་དག་པ་ཞེས་ཟེར་བའི་རྒྱུ་མཚན་ནི། འདི་སྐབས་ཀྱི་ཆོས་ནི་ཡིད་ཀྱི་ཡུལ་ལ་བྱ་བ་ཡིན་པས་དགག་དབྱེ་བྱས་པའི་ཉིན་དགེ་འདུན་རྣམས་ཀྱི་ཡིད་ཀྱི་ཡུལ་དུ་གྱུར་པའི་ལྟུང་བ་མངོན་གྱུར་རྣམས་དག་སྟེ། དགེ་བའི་བསམ་པ་མངོན་ཏུ་གྱུར་པའི་ཕྱིར། དེ་ལ་དགོངས་ནས་ཆོས་རྣམ་པར་དག་པའི་ཕྱིར་ནི་དགག་དབྱེ་བྱ་ཞེས་གསུངས་སོ། །དང་པོ་གོ་ཡུལ་ལ་གཉིས། སྤྱིར་བཏང་དང་། དམིགས་བསལ་ལོ། །དང་པོ་ལ་གཉིས། ལྟུང་བའི་དགག་དབྱེ་དང་རྫས་ཀྱི་དགག་དབྱེའོ། །དང་པོ་ལའང་བཞི། དགག་དབྱེ་བྱེད་པའི་དུས། ཡུལ་གང་ལ་དགག་དབྱེ་བྱ་བ། གང་ཟག་གང་གིས་དགག་དབྱེ་བྱེད་པ། དགག་དབྱེ་བྱས་པའི་དགོས་པའོ། །དང་པོ་ནི། དབྱར་སྔ་མ་ཁས་བླངས་ན་སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་དགག་དབྱེ་བྱེད་པ་དང་། དབྱར་ཕྱི་མ་ཁས་བླངས་ན་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལ་བྱེད་པ་ཡིན་ཏེ།


LT39_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །ཞེས་གསུངས་པའི་ཕྱིར། དགག་དབྱེ་རང་གི་ངོ་བོ་ནི་དགེ་འདུན་ཐམས་ཅད་ཀྱི་རང་ལ་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ལྟུང་བ་གླེང་བའི་སྐབས་འབྱེད་པ་ཡིན་ནོ། །གཉིས་པ་ཡུལ་གང་ལ་དགག་དབྱེ་བྱ་བ་ནི་ཕྱོགས་བཅུའི་དགེ་འདུན་ཐམས་ཅད་ལ་བྱེད་དགོས་པ་ཡིན་གྱི། མཚམས་ནང་གཅིག་ན་གནས་པ་དང་། དབྱར་གནས་གཅིག་ཏུ་གནས་པ་ལ་སོགས་མི་དགོས་སོ། །གསུམ་པ་གང་ཟག་གང་གིས་དགག་དབྱེ་བྱ་བ་ནི། སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། ཤེས་པ་རང་བཞིན་ཏུ་གནས་པ། ལུས་ཐ་མལ་པར་གནས། གནས་ལས་མ་ཕྱུང་བ་དང་། དགག་དབྱེ་བཞག་པ་མ་ཡིན་པ། དབྱར་གནས་ཁས་མ་བླངས་པ་མ་ཡིན་པ་སྟེ་ཁྱད་ཆོས་དྲུག་དང་ལྡན་པའི་རབ་བྱུང་སྡེ་ལྔ་ཆར་གྱིས་དགག་དབྱེ་བྱེད་པ་ཡིན་ནོ། །དབྱར་གནས་ཁས་མ་བླངས་པ་ལ་དགག་དབྱེ་མི་འབྱུང་སྟེ། ལྟུང་བ་གླེང་བ་སོགས་བཀག་པ་མེད་པས་སྐབས་དབྱེ་མི་དགོས་པའི་ཕྱིར། བཞི་པ་དགག་དབྱེ་བྱས་པའི་ཕན་ཡོན་ནི། ཆོས་རྣམ་པར་དག་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་འགྱུར་བ་དང་། དགག་དབྱེ་མ་བྱས་པའི་ཉེས་པ་ཁེགས་པ་ཡིན་ནོ། །འོ་ན་ཅིའི་ཕྱིར་དགག་དབྱེ་ཞེས་ན་དབྱར་ཟླ་བ་གསུམ་གྱི་རིང་ལ་ལྟུང་བ་


LT39_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དགག་དབྱེའི་དངོས་གཞི་འདི་ལ་རྩ་ད་རྦྷའི་ཆུན་པོ་འགྲིམ་པ་སྟེ། དེ་ནི་ཁ་ཅིག་གིས་རམ་པའི་ལྗང་པ་ལ་ངོས་འཛིན། ཡོངས་གྲགས་སུ་ཀུ་ཤ་ལ་བཞེད། དེའི་དགོས་དོན་བྱང་། བྱ་འདུལ་ཆེན་པོས། རྩ་ད་རྦྷ་ནི་ལྟ་སར་རྩུབས་པ། རེག་ན་འཇམ་པ་ལྟར་དགེ་འདུན་དེ་དག་ཀྱང་གཅིག་གིས་གཅིག་ལ་ལྟུང་བ་གླེང་བས་རྩུབ་པ་འདྲ་བ་དང་། བྱམས་སྙིང་རྗེས་རྒྱུད་བརླན་པས་འཇམ་པ་ཉིད་ཡིན་ནོ། །ཞེས་དང་། གཞི་འགྲེལ་ལས། རྩ་ཀུ་ཤ་འདི་དག་ཕན་ཚུན་འདུད་པ་བཞིན་ཏུ་བདག་ཀྱང་ལྟུང་བ་ཆོས་བཞིན་ཏུ་བྱ་བའི་ཕྱིར་དགེ་སློང་རྣམས་ལ་འདུད་པར་བྱེད་དོ། །ཞེས་པའི་དོན་ཏེ། ཆུན་པོ་གཉིས་རྒྱ་གྲམ་དུ་བཅིངས་པ་ནི་ཡུལ་རྟེན་གཉིས་ཕན་ཚུན་འདུད་པའི་བརྡར་གོ་བར་བྱའོ།། །། །།


LT39_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]


LT39_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་དྲན་ལ་སོགས་པ་བཀག་པ་དེ་ཉིད་དགག་དབྱེའི་ཉིན་པར་གླེང་བའི་སྐབས་དབྱེ་བས་ན་དགག་དབྱེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རྫས་ཀྱི་དགག་དབྱེ་ནི། དགག་དབྱེ་བྱས་པའི་དགེ་འདུན་དེ་ཐམས་ཅད་དགེ་ལེགས་ཀྱི་བསམ་པ་ཅན་དང་། བྱམས་པའི་བསམ་པ་ཅན་ཡིན་པས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་ཡིན་ལ། དེ་ལ་རྫས་ཐ་ན་ཁབ་ཡན་ཆད་ཀྱི་རྙེད་པ་འབུལ་བ་རྫས་ཀྱི་དགག་དབྱེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་དམིགས་བསལ་གྱི་དགག་དབྱེ་ལ་བཞི། དུས། ཆོ་ག །གཞི་དང་གང་ཟག་བཞག་པ། ཚོགས་ཀྱི་དགག་དབྱེ་རྣམས་སོ། །དང་པོ་ནི། དབྱར་ཚུལ་ཞུགས་མ་ཐག་པར་རྐྱེན་དབང་གིས་འགྲོ་དགོས་པ་བྱུང་ན། གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་ཉ་ཤི་གང་རུང་ཞིག་དང་བསྟུན་དགག་དབྱེ་བྱར་རུང་བ་ཡིན་ནོ། །ཡང་དགེ་སློང་འཐབ་དཀྲོལ་ཅན་གློ་བུར་དུ་འོངས་པའི་ཚེ་དབྱར་ཚུལ་ཞུགས་རྫོགས་པའི་འོག་ཏུ་དགག་དབྱེ་བྱ་དགོས་པ་ཡང་ཡོད་དོ། །གཉིས་པ་ནི། བྲེལ་བ་གློ་བུར་བ་བྱུང་ན་སྔགས་ཚིག་ལན་གཉིས་སམ་གཅིག་བརྗོད་པས་ཀྱང་ཆོག་པ་དང་། ཡང་དགག་དབྱེའི་ཉིན་དགེ་སློང་འཐབ་དཀྲོལ་ཅན་བྱུང་སྟེ་མཚམས་ནང་གི་དགེ་འདུན་ཐམས་ཅད་འདུ་མ་ཐུབ་ན་དཀྱིལ་


LT39_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ས་བཅད་པ་དེ་དགག་དབྱེ་བྱེད་པའམ། ཡང་ན་དེའི་ཉིན་དགག་དབྱེ་མི་བྱེད་པར་གསོ་སྦྱོང་བྱེད་པ་ཡང་ཡོད་དོ། །འཐབ་དཀྲོལ་ཅན་དང་ལྷན་དུ་དགག་དབྱེ་མི་བྱེད་པའི་རྒྱུ་མཚན་ནི་དེས་ཆོས་རྣམ་པར་དག་པ་གཏན་ལ་འབེབས་པ་ལ་གེགས་བྱེད་པ་ཡིན་ནོ། །གསུམ་པ་ནི། སྤྱིར་བཏང་དགག་དབྱེའི་ཉིན་ལྟུང་བ་སྡེ་ལྔ་པོ་ཐམས་ཅད་གླེང་དགོས་པ་ཡིན་པ་ལ་དགེ་སློང་འགའ་ཞིག་གིས་བདག་ལ་ལྷག་མའམ་ལྟུང་བྱེད་ཀྱི་སྡེ་ཚན་ནས་ལྟུང་བ་མི་གླེང་ན་དགག་དབྱེ་བྱེད་ལ། དེ་མིན་ན་དགག་དབྱེ་མི་བྱའོ་ཞེས་ཟེར་བའི་ཀྱང་དགག་དབྱེ་བྱ་རུང་བ་ལ་ནི་གཞི་འཇོག་པའི་དགག་དབྱེ་ཞེས་བྱ་བ་ཡིན་ཏེ། འདི་སྐབས་ཀྱི་གཞི་དེ་ལྟུང་བ་ལ་བྱེད་པའི་ཕྱིར། ཕམ་པའི་སྡེ་ཚན་ནས་མ་གླེང་གཞན་ནས་གླེངས་ཤིག་ཟེར་ན་དགག་དབྱེ་མི་འཆགས་ཏེ། ཇི་སྐད་དུ། བཞག་པར་བྱ་བ་མཐའ་ཉིད་མ་གཏོགས་སོ། །ཞེས་གསུངས་པའི་ཕྱིར། གཞན་ལྷག་མ་ཕྱིན་མ་གླེང་ཟེར་ཡང་གཞི་བཞག་པའི་དགག་དབྱེ་ཆགས་སོ། །གང་ཟག་བཞག་པ་ནི། གང་ཟག་ཤཱ་རིའི་བུ་ལྟ་བུས་མ་གླེང་ཟེར་བའི་གང་ཟག་ལྷ་བྱིན་ལྟ་བུ་ལ་བརྟེན་ནས་བྱུང་བའི་ལྟུང་བ་མ་གླེང་ཟེར་ཡང་དགག་དབྱེ་རུང་བའོ། །བཞི་པ་ནི། དགོན་པར་དམག་འཁྲུགས་ལ་སོགས་པའི་ཇག་པ་བྱུང་བའི་ཚེ།


LT39_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལམ་དུ་གང་མཐོང་ངའི་དགེ་སློང་ཞིག་གི་དྲུང་དུ་ཕྱིན་ཏེ། ཚེ་དང་ལྡན་པ་དག་དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་མོད་ཀྱི། གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ། །ཞེས་བརྗོད་ལ་འགྲོ་བར་གསུངས། འདི་ལ་ནི་ཚེས་བཅོ་ལྔ་ལྟ་བུ་དང་། དགེ་འདུན་འདུ་བ་དང་། གསོལ་བའི་ལས་དང་། རྩ་དར་བྷ་འགྲིམ་པ་ལ་སོགས་པ་གང་ཡང་མི་དགོས་སོ། །ཡང་གང་ཟག་རེ་རེ་བ་དབྱར་མ་རྫོགས་པར་འགྲོ་དགོས་པ་བྱུང་ན་ཡང་ཆོ་ག་འདི་ལྟར་བྱ་ཞིང་། ཡང་ན་དགེ་འདུན་གྱི་དགག་དབྱེ་བྱེད་པ་པོ་བསྐོས་ཏེ། ཉ་ཤི་གང་རུང་དང་བསྟུན་དགག་དབྱེ་བྱས་ཀྱང་རུང་ངོ། །གཉིས་པ་ལག་ལེན་བཤད་པ་ལ་ལྔ། ཆོ་གའི་སྦྱོར་བ། དངོས་གཞི། རྗེས་བྱ། ཞར་ལ་ལྗོངས་རྒྱུ་བཤད་པ། དགག་དབྱེ་བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ལ་གཉིས། རིང་བ་དང་ཉེ་བའི་སྦྱོར་བའོ། །དང་པོ་ནི། དགག་དབྱེ་འབྱུང་བའི་སྔ་རོལ་ཞག་བཅུའམ་བཅོ་ལྔ་ནས་དགག་དབྱེ་བ་བྱུང་བར་འགྱུར་རོ་ཞེས་སྤྱོད་ཡུལ་ལ་སོགས་པའི་གྲོང་དུ་གོ་བར་བྱ་བ་དང་། མཆོད་རྟེན་དང་གཙུག་ལག་ཁང་ལ་སོགས་པའི་ཁྱམས་རྣམས་བྱི་དོར་བྱ་བ་དང་། མཁོན་ཡོད་ན་བཟོད་པར་གསོལ་བ། ཚེས་བརྒྱད་ནས་བཅུ་བཞིའི་བར་སེང་གེའི་


LT39_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་བརྒྱན་པ། མར་མེའི་ཀོང་བུ་གཟུག་པ། མཆོད་པའི་བྱེ་བྲག་དུ་མ་སྤྲོ་བ། ཆོས་བཤད་ཉན་ཉམས་སུ་མྱོང་བས་དུས་འདའ་བར་བྱའོ། །དེའང་དབྱར་སྔ་མ་ཡིན་ན་སྟོན་ཟླ་འབྲིང་པོ་དབྱུག་པའི་ཟླ་བའམ། སྔར་སྣུར་ཡིན་ན་ཁྲུམ་ཟླ་དང་། ཕྱི་མ་ཡིན་ན་སྟོན་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས་བཅུ་བཞིའི་མཚན་ཐོག་ཐག་འཆད་ནུས་པའི་དགེ་སློང་སྡེ་སྣོད་འཛིན་པ་ཡོད་ན་ཁྱིམ་པ་རྣམས་ཀྱང་ཉན་པར་བསྐུལ་ཏེ་ཆོས་བསྟན། དེའང་ཁྱིམ་པ་དང་ཐུན་མོང་དུ་ཉན་པར་རུང་བ་མདོ་སྡེ་ལས་རྣམ་འབྱེད་འཛངས་བླུན་རྒྱལ་བའི་སྐྱེས་རབས་རྣམས་ལུང་བཤད་སྦྲགས་མ་གྲུབ་ན་ཆོས་ལེགས་སོ། །དེ་ཙམ་མི་ནུས་ན་མཚན་ཐོག་ཐག་འཆད་ཉན་བྱ་བའི་དོད་དུ་རྒྱན་བཀོད། མཆོད་བཤམ། དགེ་ཚུལ་སློང་བར་ཕྱེད་པའི་ཡོལ་བ་སོགས་སྟ་གོན་གྲུབ་ནས་ཉི་མ་ནུབ་པ་དང་གཎྜིས་ཚོགས་བསྡུས་ཏེ། ཐུབ་བསྟོད་དང་སྡོམ་རྒྱུན་གསོལ་འདེབས་མདོ་བསྐུལ་ནས་བརྩམས། ཚུལ་ཁྲིམས་རང་བསྔགས་མདོའི་སྨོན་ལམ་རྫོགས་ཀྱི་བར་གྲུབ་ནས་བསྐོར་བ་བཅས་ཚོགས་གྲོལ། དགག་དབྱེ་འདི་གསོ་སྦྱོང་དང་དོན་གཅིག་པས་དགེ་ཚུལ་སློང་དབྱར་མ་གནས་པ་རྣམས་ཀྱང་འདི་ནུབ་ནས་འབྱོན་པའི་སྲོལ་ཡོད་དོ། །སང་ཉིན་མཁོ་བའི་རྩྭ་ཟོར་བ་ཞེས་འཇག་མའི་ཆུན་པོ་རྒྱ་གྲམ་བཅིངས་


LT39_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་ཚུལ་སློང་གྲངས་མཉམ་ཡང་ཉེ་བར་བསྡོབས། གཉིས་པ་ནི། བཅུ་བཞིའི་མཚན་མོའི་མཐར་རྫོགས་པའི་སྐྱ་རེངས་འཆར་བའི་རྗེས་སུ་ལས་ཀྱི་གཎྜི་བརྡུངས་ཏེ་དགེ་འདུན་རྣམས་འདུས་པ་ན་སྒོ་ཁྱམས་སུ་གསོ་སྦྱོང་སྐབས་ལྟར་ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་མཛད། འདི་སྐབས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱིས་དགག་དབྱེ་མཛད་ལ་སླད་ཀྱིས་སོགས་ཁ་བསྒྱུར། དེ་ནས་མཐུན་པ་སྒྲུབ་པའི་ཕྱིར་དུ་གཙུག་ལག་ཁང་དུ་དགེ་སློང་ནང་དང་དགེ་ཚུལ་ཕྱི་རིམ་གྱིས་གདིང་ཆོས་བཅས་ཐད་གྲལ་དུ་བཞུགས། དབུ་མཛད་ཀྱིས་བསྐུལ་ནས་ཐུབ་བསྟོད། སྡོམ་རྒྱན་གསོལ་འདེབས་གྲུབ་མ་ཐག་ཐམས་ཅད་བཞེངས་ཏེ་གཉིས་རེ་ཞལ་སྤྲོད་ཀྱི་རྣམ་པ་དང་། ཕྱག་ཟིང་པོ་ཞེས་ཕྱག་གཡས་པ་ཁ་ཡར་བསྟན་ལྷན་ཅིག་བརྐྱངས་ལ་གུས་འདུད་བཅས། དབྱར་དགེ་འདུན་གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་བྱས་ལ་རང་གྲལ་དུ་བཞུགས། དེ་ནས་མཚམས་ནང་དེ་ན་ཡོད་པའི་དགེ་སློང་ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གཉིས་ཀ་འབུལ་བའི་སྔགས་ནི་དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། འབུལ་བ་པོས་གདིང་ཆོས་


LT39_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་ཕྱག་སྔོན་འགྲོས། ཚེ་དང་ལྡན་པ་དགོངས་སུ་གསོལ། །དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་ཏུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་། ཐོས་པ་དང་། དགོས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། འདི་གཎྜི་མ་བཏང་གོང་དུ་ལེན་གྲུབ་པ་བྱེད་ནས་སྐབས་འདིར་ལེན་པ་པོས་དགེ་འདུན་གྱི་ནང་དུ་བརྗོད་དགོས་པས་བསླབ་ཕྱག་འགྲེང་འདུད་བཅས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ་གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ནས་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་ཏུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་


LT39_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དེ་ནས་མདོ་བསྐུལ་ལ། དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། ཞེས་བསྒྱུར་ནས་རྒྱུད་ཆགས་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་འདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ཀྱི་བཤགས་པ་བྱེད་དགོས་ནའང་བྱས་ལ་དགེ་ཚུལ་སློང་གི་བར་དུ་དབྱར་བདག་པས་ཡོལ་བས་བཅད། མཁན་པོ་ཁྲིར་བཞུགས་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་མཐུན་བྱིན་རླབས་འདི་ལས་གྲལ་དུ་མ་ལུས་པའི་གོང་དུ་བྱ་བར་གསུངས་ཀྱང་མི་འགྲུབ་པས་འདིར་བགྱི་སྟེ་མཁན་པོས་དགེ་གསོལ་ནས་བརྩམས། ཆོས་བཞིན་ཏུ་སླར་བགྱིའོ། །འདི་ནི་གསོལ་བའོ། །ཞེས་པའི་བར་བརྗོད་པ་ལས་གསོ་སྦྱོང་ཞེས་པའི་ཚིག་དགག་དབྱེ་ཞེས་བསྒྱུར། དེང་སང་ཕལ་ཆེར་དབྱར་ངོ་གསུམ་སྟེ་ཟླ་བ་ཕྱེད་གཉིས་བཞུགས་པ་ལྟར་ན། དགག་དབྱེ་བཅུ་བཞི་པ་ཞེས་བསྒྱུར་དགོས་སོ། །གནས་བློ་མཐུན་ནི་སྔ་རབས་པ་ཁ་ཅིག་གིས་མཛད་ཀྱང་སྔར་གསོ་སྦྱོང་གི་གནས་སུ་བློ་མཐུན་བྱས་པ་མ་ཞིག་ན་འདིར་བསྐྱར་ནས་བྱ་མི་དགོས་པས་ད་ལྟའི་ཕྱག་ལེན་ལ་མི་བྱེད་དོ། །དེ་ནས་དགག་དབྱེ་བྱེད་པ་པོ་བསྐོ་


LT39_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ལས་བྱེད་པ་པོ་སྟེ་མཁན་པོས། དབྱང་བདག་གཉིས་ལ་མཉམ་དུ། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། བསྐོ་དུ་དགོས་ལ་དཔག་པའི་ཁྱེད་དག་ཁྱེད་རྣམས་ཞེས་འཕྲད་བསྒྱུར་ཤེས་པར་བྱ། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པ་སྤྲོའམ་ཞེས་དྲི། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། ཡང་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་པོ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱི་བར་འགྱུར་རོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་


LT39_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་བར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བ་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་ཏུ་འཛིན་ཏོ། །ཞེས་བརྗོད། ཡང་ལས་བྱེད་པས། དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །ཞེས་བརྗོད། གཉིས་པ་དངོས་གཞི་གཉིས། ཚུལ་ཁྲིམས་དང་ཆོས་རྣམ་པར་དག་


LT39_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ལྟུང་བའི་དགག་དབྱེ་དང་། རྙེད་པའི་སྒོ་དབྱེ་བའི་ཕྱིར་རྫས་ཀྱི་དགག་དབྱེའོ། །དང་པོ་ནི། མཁན་པོ་ཁྲི་ལས་བབས་ཏེ་གདིང་བའི་སྟེང་ཞལ་ཕྱིར་ཕྱོགས་པར་བཞུགས། དབྱར་བདག་གཉིས་ནས་རྩྭ་ཟོར་བའི་ཆུན་པོ་མཁན་པོ་ནས་བརྩམས་དགེ་ཚུལ་སློང་ཐམས་ཅད་བྲི་མ་ཚར་བ་དང་བསྟུན་རྩྭ་ཆུན་སོ་སོར་ཐོགས་ཏེ་མཁན་པོའི་མདུན་གདིང་ཆོས་སྣམ་སྦྱར་བཅས་བསླབ་ཕྱག་ཕུལ་ནས། བསྟན་པ་རིན་པོ་ཆེའི་སོགས་ཉེ་ཚིག་གི་མཇུག་དགག་དབྱེའི་ཆོ་ག་ལ་ཐུགས་གཏད་པར་ཞུ། དེས་ཀྱང་ཆོས་བཞིན་འདུལ་བ་སོགས་ལན་སྦྱིན། དེ་ནས་ཙོག་པུར་འཁོད་ལ་ཡུལ་རྟེན་གཉིས་ཀས་རྩྭ་ཆུན་རྒྱ་གྲམ་དེའི་རྩ་བ་རང་རང་གི་རྐང་པས་མནན། རྩེ་མོ་ཡ་རེ་མཁན་པོ་ཡ་རེ་སོ་སོའི་ལག་གཡས་སྟེང་གཡོན་འོག་ཏུ་ཡོང་བར་བྱས་ནས་འཛིན་ཏེ། མཁན་པོ་དགོངས་སུ་གསོལ། །དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་


LT39_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། །ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་མམ། རྐྱེན་དབང་གིས་མ་འགྲུབ་ན་གཉིས་སམ་གཅིག་བརྗོད་པས་ཆོག །མཇུག་ཏུ་ཐབས་ལེགས་བྱའོ། །དེ་ནས་དབྱར་བདག་རྒན་པ་མཁན་པོའི་གཡས་སུ་གདིང་བའི་སྟེང་གཟན་ཕབ་བཅས་དེ་ལ་ཕྱོགས་པར་བཞུགས། མཁན་གྲོགས་དགེ་སློང་བགྲེས་པ་གཉིས་བཅས་གདིང་ཆོས་སྣམ་སྦྱར་བསླབ་ཕྱག་སྔོན་འགྲོས་འགྲེང་འདུད་ཐལ་སྦྱར་གྱིས། ཉེ་ཚིག་ཞུ་ལེན་འཕྲོས་ཙོག་པུར་བཞུགས་ནས་རྩྭ་ཆུན་འཛིན་ལུགས་སྔར་བཞིན་གྱི་དགག་དབྱེ་ཐབས་ལེགས་བྱ། དགེ་སློང་གཉིས་རང་གྲལ་དང་མཁན་པོ་ཁྲིར་འཁོད། དེ་ནས་དབྱར་བདག་པ་གཉིས་ཀྱིས་རྒན་གཞོན་གྲལ་རིམ་གཡས་གཡོན་རིམ་འདེད་ཀྱིས་དགེ་སློང་གསུམ་རེ་བཀུག་ནས་དགག་དབྱེ་ཐམས་ཅད་གྲུབ་པ་དང་རྩྭ་ཆུན་རྣམས་བསྡུས་ལ་དགེ་སློང་གི་གྲངས་བགྲང་། དབྱར་རྒན་པས་རྒན་པའི་གྲལ་མཐར་བསླབ་ཕྱག་འགྲེང་སྟེ་ཐལ་སྦྱར་བཅས་མཁན་པོ་ལ་ཕྱོགས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་


LT39_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་པའི་རྗེས་སུ་མཁན་པོས་བསྐུལ་ཏེ་གྲལ་ན་འཁོད་པ་རྣམས་ཀྱིས། ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། གཉིས་པ་ནི། དབྱར་བདག་པས་རྫས་ཀྱི་དངོས་པོ་དར་རས་སམ་ཁབ་ཡན་ཆད་གང་རུང་ཐོགས་ཏེ་ཕྱག་སོགས་མི་དགོས་པས་འགྲེངས་བཞིན་པར། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་རུང་ངམ། ཞེས་བརྗོད་པས། ཐམས་ཅད་ཀྱིས་ལེགས་པར་རུང་ངམ། ཤིན་ཏུ་རུང་ངོ་། །ཞེས་བརྗོད། དེ་ནས་དབྱར་བདག་གཉིས་ཡོལ་བའི་ཕྱི་རོལ་དུ་སོང་ནས་དགེ་ཚུལ་ལ་རྩ་བཀྲམ་པ་བྱེད་ཚུལ་གང་མཚུངས་ཀྱིས་དགག་དབྱེ་བྱ་ཞིང་གྲངས་བགྲང་། ཡོལ་བའི་ཕྱི་དགེ་སློང་རྒན་རིམ་གྱི་རྒྱབ་ཕྱོགས་ནས་གདིང་ཕྱག་སོགས་བཅས། དགེ་ཚུལ་འདི་སྙེད་ཀྱིས་དགག་དབྱེ་མཛད་སོགས་ཞུ། དགེ་ཚུལ་སློང་ལྷན་ཅིག་ལེགས་པར་མཛད་དོ་སོགས་བརྗོད་དོ། །དེ་འཕྲལ་བགྲེང་བཞིན་པར་རྫས་དགག་ལན་བཅས་སྔར་བཞིན་གྲུབ་ནས་ཡོལ་བ་བསལ་ལོ། །གསུམ་པ་ནི། མཁན་པོས་བསྐུལ་ཏེ་དགོངས་གསོལ་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་


LT39_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཏེ་གཙུག་ལག་ཁང་ལ་བསྐོར་བ་བཅས་ཆོགས་གྲོལ། སླར་དུང་གི་སྒྲས་ཚོགས་བསྡུས་ཏེ་ཆོས་སྤྱོད་བགྲོ་གླེང་གང་རྒྱས་ཐོག་སྤྱོད་ཡུལ་གྱི་གྲོང་ནས་ཕུལ་བའི་གོང་བུ་སོགས་ཡོད་ན་མཉམ་པར་བགོ། །དེ་ནས་དབྱར་གྱི་རྙེད་པ་ཆེ་ཆུང་གང་ཡོད་པ་རྣམས་ཀྱང་འདུལ་བ་གཞུང་ལས་གསུངས་པ་བཞིན་བགོ་བ་སོགས་དགོས་ཀྱང་ཇི་བཞིན་མི་འགྲུབ་ན་ཡུལ་སྲོལ་དང་བསྟུན་པ་ལས་འོས་མ་མཆིས། གོང་དུ་བྲིམ་པའི་རྩྭ་ཆུན་གྱིས་ཕྱུགས་ནད་སེལ་བར་བཤད་ཅིང་གང་ལྟར་གཙང་སར་དོར། དགེ་ཚུལ་བསྐོས་པ་གཉིས་ཀྱིས་ཚུལ་ཤིང་རྣམས་བསྡམས་ནས། དེའི་སྣེ་མོར་ཅོད་པན་དར་རས་གོས་ཆེན་སོགས་ཁྲུ་གང་ཕྱིན་ཆད་འཕན་མགོ་ལྡན་པ་ལ་ཡི་གེ་འབྲི་ཚུལ་དཔེར་ན། ཨོཾ་སྭ་སྟི་སིདྡྷཾ། རྒྱལ་བསྟན་རྒྱས་ཤིང་དེར་འཛིན་འཕེལ་བའི་ཕྱིར། །རྔ་ཆེན་ཆུ་ཁྱི་ལོ་རུང་བྱར་སྔ་མ། །ཞལ་བཞེས་རྣམ་དག་བསླབ་གསུམ་ལྡན་པའི་ཚོགས། །ཐུབ་བསྟན་ཆོས་འཁོར་གླིང་དུ་འདུས་པའི་སྡེ། །དགེ་སློང་བརྒྱ་ཕྲག་གཅིག་ལ་བཅུ་གསུམ་ལྷག །དགེ་ཚུལ་ལྔ་བཅུ་རྩ་ལྔས་ཚུལ་ཤིང་བཞེས། །ཐོས་བསམ་སྒོམ་པས་དོན་གཉིས་ལྷུན་གྲུབ་མཛད། །དགེ་འདིས་རྒྱལ་བསྟན་འཕེལ་ཞིང་རྒྱལ་ཁམས་བདེ། །འགྲོ་ཀུན་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །སརྦ་ཐཱ་ཛ་ཡནྟུ། ཞེས་པ་ལྟ་བུ། འཕན་


LT39_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཆུང་ལ་དཔག་པའི་ཚིགས་བཅད་མཁན་པོས་མཛད་པ་བྲིས་ཏེ་བཏགས་པ་གཙུག་ལག་ཁང་གི་སྒོ་གོང་ངམ་སྒོ་གླེགས་སུ་འདོགས་པར་བྱའོ། །དགག་དབྱེ་བྱས་པའི་ཉིན་པར་ཚེས་བཅོ་ལྔར་ཡིན་ཡང་། གསོ་སྦྱོང་བྱ་མི་དགོས་ཏེ། དགག་དབྱེ་བྱས་པས་གསོ་སྦྱོང་གི་གོ་ཆོད་པའི་ཕྱིར་སྟེ། འདུལ་བ་སུམ་བརྒྱ་པ་ལས། དགག་དབྱེ་དག་པ་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་དང་། འདུལ་བ་ཚིག་ལོ་ལས། །སྡིག་པ་དམན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེས་དབྱར་ཁས་མ་བླངས་པའི་རབ་བྱུང་དེ་ཉིད་གློ་བུར་དུ་ལྷགས་པ་གཞན་ཡོད་ནའང་དགག་དབྱེ་བྱེད་དགོས་པར་གྲུབ་བོ། །ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བ་ལས་མཚམས་གཞན་གྱི་གཙུག་ལག་ཁང་དུ་དགག་དབྱེ་བྱེད་པ་དང་ཐུགས་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་དོ། །བཞི་པ་ནི། དགག་དབྱེ་ཐོན་པའི་ཚེས་བཅུ་དྲུག་གི་ཉིན་གནས་ལ་ཆགས་ཞེན་དང་། དུབ་པ་ལ་སོགས་པ་སྤང་བའི་ཕྱིར། རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་གསུངས་པ་ལྟར། ཁམས་ཀྱི་དུབ་པ་བསང་ཕྱིར་སྤྱོད་ལམ་རྣམ་བཞི་བག་ཡོད་ཞི་དུལ་ཚུལ་


LT39_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཛེས་ཤིང་དངས་སྤྲོ་བས་སྐྱོ་བསང་གི་དགའ་སྟོན་སོགས་དང་འབྲེལ་བར་ཞག་བདུན་ལ་སོགས་པར་ཅི་བདེར་རྒྱུ། གལ་ཏེ་ལྗོངས་རྒྱུ་སོགས་ལ་མི་སྤྲོ་བ་ཞིག་ཡིན་ཏུ་ཟིན་ཀྱང་དབྱར་ཁས་བླངས་ཕྱིན་དགག་དབྱེ་གྲོལ་ནས། དབྱར་གནས་པ་ནས་ཕྱི་རོལ་ལོགས་སུ་གོམས་པ་བརྒྱད་ཅུ་ཙམ་མ་སོང་ན་ཉེས་བྱས་ཡིན་པར་གསུངས་པས་ལྗོངས་རྒྱུའི་གཡབ་གུར་སོགས་ཡོད་ན་དེར་འབྱོན་པ་ཡིན་ནོ། །ལྔ་པ་ནི། དགག་དབྱེ་གང་དུ་བྱ་བའི་གནས་དེ་ན་དགེ་སློང་བཞི་ལས་མེད་ན། དགག་དབྱེ་བྱེད་པ་པོ་བསྐོར་མི་རུང་བས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་གོང་ལྟར་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབས་ཏེ། ཕན་ཚུན་བརྗོད་རེས་ཀྱིས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱིས་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་དང་ཐབས་


LT39_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱ། རང་གཅིག་པུ་ཡིན་ན། ལྷ་རྣམས་དགོངས་སུ་གསོལ། ཞེས་སྦྱར་ནས་དངོས་གཞི་ཙམ་ལན་གསུམ་བརྗོད་པས་བྱིན་བརླབས་ཀྱི་ཆོ་ག་འགྲུབ་བོ། །བདེ་ལེགས་ཀུན་གྱི་འབྱུང་གནས་སངས་རྒྱས་བསྟན། །དེ་ཡི་རྩ་བ་ཆོས་འདུལ་ཡིད་བཞིན་ནོར། །རྣམ་པར་དག་བྱེད་གཞི་གསུམ་ཆོ་ག་ལས། །དབྱར་དགག་ལག་ལེན་གོ་གསལ་ཡིད་འོང་བཀོད། །ལུང་རྟོགས་སྡོང་པོ་ཚུལ་ཁྲིམས་བསུང་ཞིམ་ཅན། །བདུད་དང་ཉོན་མོངས་གདུང་བ་ཟིལ་གནོན་པའི། །ཚོགས་མཆོག་ལྗོན་པས་ས་ཆེན་ཀུན་ཁྱབ་སྟེ། །ཐུབ་བསྟན་རིན་ཆེན་སྙེ་མ་གཡུར་ཟ་ཤོག །ཅེས་པ་འདི་ནི། སྙིགས་འགྲོའི་མགོན་པོ་ཁྱབ་བདག་རྡོ་རྗེ་འཆང་པདྨའི་མཚན་ཅན་གྱི་དགོངས་པ་ལ་ཤིན་ཏུ་གནས་པ་དང་། མཁན་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་ཟླ་བ་བཟང་པོའི་ཞལ་སྔ་ནས་ཀྱིས་རིང་ནས་གསུང་གིས་རྗེས་སུ་གནང་ཡང་རིམ་ལུས་སུ་གྱུར་པ། སླད་ནས་སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་པ་ཆེན་པོ་དཔོན་སྤྲུལ་རིན་པོ་ཆེས་ཐུགས་བསྐྱེད་ཆེན་པོས་འདི་དག་གི་ལག་ལེན་མཇུག་པ་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་ཐམས་ཅད་མཁྱེན་པ་མི་བསྐྱོད་ཞབས་ཀྱི་གསུང་རབ་རྩ་བར་བཟུང་། ཞི་འཚོ་གཉིས་པ་ལོ་ཆེན་དྷརྨ་ཤྲཱིའི་གཞུང་ལས་གཅེས་པར་བཏུས། ཁྱད་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་ཀྱི་ཞལ་སྔ་ནས་འདུལ་བའི་ཕྱག་ལེན་རྣམས་གོ་ཁྲིད་ཞིབ་མོ་དང་།


LT39_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་སྨིན་གྲོལ་གླིང་པའི་ཕྱག་བཞེས་ཕྲ་ཞིབ་གཏན་ལ་དབབ་པའི་རེག་ཟིག་ཕྱག་བྲིས་མ་བཅས་བཀའ་དྲིན་ཆེན་པོས་སྩལ་བ་བཅོས་མེད་གོ་གསལ་དུ་སླེབས་ཏེ་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་འདིས་ཀྱང་ཕན་བདེ་མ་ལུས་པའི་འབྱུང་གནས་ཐུབ་བསྟན་རིན་པོ་ཆེ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་སྐྱེ་བ་ཀུན་ཏུ་དྲི་མ་མེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


LT39_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་ལས་དབྱར་གནས་དང་དགག་དབྱེའི་ལས་ཀྱི་ཆོ་ག་ཞིབ་མོ་རྣམ་པར་གསལ་བའི་སྒྲོན་མེ།next