Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཐེགས་མ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཐེགས་མ།next

ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཐེགས་མ།


LT39_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཐེགས་མ་བཞུགས་སོ། །རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། །རྩ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །མཁའ་ཁྱབ་ཡེ་ཤེས་རོལ་པས་རྟག་བཞུགས་ཤིང་། །ཉིན་མཚན་དུས་དྲུག་གདུལ་བྱར་གཟིགས་པ་རྣམས། །ཐུགས་རྗེ་བརྩེ་བ་ཆེན་པོས་དགོངས་སུ་གསོལ། །ཉམས་ཆགས་སྡིག་སྒྲིབ་འབྱོང་བར་བྱིན་གྱིས་རློབས། །བདག་ཅག་ཐོག་མེད་དུས་ནས་ད་ལྟའི་བར། །མ་ཤེས་མ་གུས་བག་མེད་ཉོན་མོངས་པས། །མི་དགེ་བཅུ་དང་ལྕི་བཞི་ལོག་པ་བརྒྱད། །མཚམས་མེད་ལྔ་དང་དཀོན་མཆོག་དཀོར་སྤྱད་སོགས། །ལུས་ངག་ཡིད་ཀྱིས་སྡིག་སྒྲིབ་བསགས་པ་དང་། །གཞན་ལ་བགྱིད་སྩལ་རྗེས་སུ་ཡི་རང་བས། །འཁོར་བ་ངན་སོང་རྒྱུ་རུ་གྱུར་པ་ཀུན། །རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །སོ་ཐར་བྱང་སེམས་བྱ་སྤྱོད་སྡོམ་པ་སྤྱི། །ཁྱད་པར་བླ་མེད་ནང་པའི་ཐེག་པ་ཡི། །དབང་བཞིས་བསྡུས་པའི་ས་མ་ཡ་འབུམ་སྡེ། །སྐུ་གསུང་ཐུགས་དང་ཡན་ལག་ཉི་ཤུ་ལྔ། །སྒྲུབ་པ་ལྷག་པའི་དམ་ཚིག་ལ་སོགས་པར། །ཚོར་དང་མ་ཚོར་དངོས་དང་བརྒྱུད་པ་ནས། །འགལ་ཉམས་དམ་འདས་རལ་པར་གྱུར་པ་ཀུན། །སྙིང་ནས་གནང་འགྱོད་དྲག་པོས་རྒྱུད་གདུངས་ཤིང་། །སྨྲེ་ངག་དང་བཅས་མཐོལ་ཞིང་


LT39_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ལགས་ན། །དམིགས་མེད་ཐུགས་རྗེའི་ཀློང་དུ་བཟོད་པར་བཞེས། །འདི་ཕྱིར་སྒྲིབ་པའི་མུན་ཚོགས་སྐད་ཅིག་ལ། །བསལ་ནས་ཡེ་ཤེས་སྣང་བ་རྒྱས་མཛད་གསོལ། །ཀྱེ་མ་མགོན་པོ་ཐུགས་རྗེའི་དབང་ཕྱུག་རྣམས། །དུས་ངན་མཐར་སྐྱེས་རྨུ་རྒོད་བདག་འདྲ་བ། །ཆོས་སྒོར་ཞུགས་ཀྱང་ཆོས་མིན་ལམ་ངན་ཏུ། །ལས་ཉོན་ཤུགས་ཀྱིས་དབང་མེད་འཇུག་རྣམས་ལ། །ལྷག་པར་ཐུགས་བསྐྱེད་དམ་བཅའི་རྩལ་སྤྲུགས་ཏེ། །ངན་འགྲོའི་གཡང་ལས་ཟློག་པར་མཛད་དུ་གསོལ། །བློ་སྣ་ཆོས་སུ་འགྱུར་བར་མཛད༴ །དམ་སྡོམ་རྣམ་པར་དག་པར་མཛད༴། ཚེ་དང་སྒྲུབ་པ་མཐར་ཕྱིན༴ །ཚེ་འདིར་སངས་རྒྱས་འགྲུབ་པར་མཛད༴ །ཐུགས་དམ་མ་གཡེལ་བླ་མ་སངས་རྒྱས་ཀྱི། །ཐུགས་རྗེས་གཟིགས་ཤིག་དཀོན་མཆོག་རིན་པོ་ཆེ། །བྱིན་རླབས་མ་ཆུང་རྩ་གསུམ་ལྷ་ཡི་ཚོགས། །བསམ་དོན་ཆོས་བཞིན་འགྲུབ་པའི་བྱིན་བརླབས་སྩོལ། །ཉེས་བཤགས་མདོར་བསྡུས་འདི་བཞིན་དཔལ་ཁྱིམ་སྔགས་འཆང་ཀརྨས་བསྐུལ་ངོར་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས། ཙཱ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


previousཉེས་བཤགས་མདོར་བསྡུས་དག་བྱེད་བདུད་རྩིའི་ཐེགས་མ།next