Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན།next

སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན།


LT39_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །


LT39_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་ཤཱཀྱ་སེང་གེ་དགོངས་སུ་གསོལ། །ཕྱོགས་བཅུར་བཞུགས་པའི་


LT39_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་ཉན་རང་དགེ་འདུན་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །འཕགས་པ་རྣམས་ཀྱང་བདག་ལ་དགོངས་སུ་གསོལ། །ཀུན་མཁྱེན་ཐར་པའི་ལམ་སྟོན་ཤཱཀྱའི་རྒྱལ། །སྟོན་དང་བསྟན་པ་གཉིས་གྱུར་ཆོས་འདུལ་བ། །སྐྱེས་བུ་ཟུང་བཞི་ཚོགས་མཆོག་དགེ་འདུན་གྱི། །རྗེས་སུ་སློབ་ནས་སོ་ཐར་རིས་བརྒྱད་པོའི། །སྤང་འཇུག་བསླབ་བྱ་རྒྱུད་ལ་འབྱོར་པ་དང་། །བཅས་འགལ་ཉེས་ལྟུང་བྱང་བར་བྱིན་གྱིས་རློབས། །ལྟུང་དང་འབྱུང་དང་དེ་ལྡང་ངེས་པར་འབྱུང་། །གང་ཟག་བཅས་དང་རབ་དབྱེར་རྣམ་ངེས་པའི། །ཆོས་འདུལ་མ་ཐོས་སྤང་


LT39_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བླང་མ་ཤེས་དང་། །བསླབ་ལ་མ་གུས་ཤེས་ཀྱང་བག་མེད་དབང་། །ཉོན་མོངས་མང་བས་ཚུལ་བཞིན་བསྒྲུབ་མ་ནུས། །ལྟུང་བའི་སྒོ་བཞིར་ཞུགས་པ་མཐོལ་ལོ་བཤགས། །ཐོག་མར་ངེས་འབྱུང་བསམ་པས་མ་ཟིན་དང་། །བར་དུ་རྟོག་དཔྱོད་མ་ཞུགས་བསྲུང་སྡོམ་འཆལ། །ཐ་མ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པས། །བསླབ་པ་དྲི་བཅས་གྱུར་པ་མཐོལ༴ །མི་མཐུན་སེམས་སྐྱེས་ཐོབ་བྱུང་སེམས་མ་སྐྱེས། །སྐྱེ་བའི་གེགས་རྣམས་ཤེས་བཞིན་དང་དུ་བླངས། །ལོག་ལྟ་ཆོས་སྤང་བསླབ་པ་སྤང་འདོད་སོགས། །སྡོམ་པ་བཏང་ཡང་དུས་མཚམས་ངོ་མ་ཤེས། །བླངས་ལ་མ་ཐོབ་ཉེས་རྣམས་མཐོལ་ལོ༴ །སྐྱབས་འགྲོའི་བསླབ་བྱ་དགག་དང་བསྒྲུབ་ཕྱོགས་དྲུག །ཆ་མཐུན་ལྔ་དང་བསྙེན་གནས་ཡན་ལག་བརྒྱད། །དགེ་བསྙེན་རྩ་བཞི་ཆང་ལྔ་དགེ་ཚུལ་གྱི། །ཕམ་འདྲ་བཤགས་བྱའི་ཉེས་བྱས་ཉམས་གསུམ་སོགས། །བསླབ་ཚིགས་སྔ་མར་འགལ་རྣམས་མཐོལ༴ །ཁ་སྐོང་ཆོས་དང་མི་ལྡན་ལས་གྲལ་ཞུགས། །མ་འདུས་འདུས་པ་ཕྱིར་ཟློག་མི་མཐུན་སྐྱེད། །བརྟན་མཁས་མ་ཚང་མཁན་པོའི་བྱ་བ་བྱས། །གནས་པ་སློབ་མར་ནད་གཡོག་འགྱོད་བསལ་དང་། །སྡིག་ལྟ་སྤོང་སོགས་བུ་ཡི་འདུ་ཤེས་ཀྱིས། །


LT39_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ནས་ཕན་པ་མ་བཏགས་མཐོལ༴ །མཁན་སློབ་གསང་སྟོན་གནས་ཀློག་སློབ་དཔོན་ལྔར། །སྟོན་པའི་འདུ་ཤེས་མ་བཞག་ཚུལ་འཆལ་དང་། །མཉམ་འགྲོགས་སྤང་བླང་སློབ་པའི་གནས་མ་བསྟེན། །བསྙེན་པར་རྫོགས་ནས་བཅུ་དྲུག་ལོ་ལོན་ཀྱང་། །འདུལ་བའི་སྡེ་སྣོད་མི་ཤེས་བྱིས་པ་དང་། །ཚུལ་འཆལ་སྲེ་ད་ལྟ་བུར་གྱུར་བཞིན་ཏུ། །དགེ་འདུན་སྤྱི་ཡི་དཀོར་སྤྱོད་ནན་ཏུར་གྱི། །ཆད་ལས་དང་དུ་མ་བླངས་མཐོལ༴ །རྨ་ཡི་སྒོ་གསུམ་དག་ལ་མི་ཚངས་སྤྱོད། །ཡུལ་དུས་རིན་ཐང་ཚང་བ་མ་བྱིན་བླངས། །མི་རུ་ཆགས་དང་མི་སྲོག་བསམ་བཞིན་གཅོད། །མངོན་ཤེས་བཟང་བརྫུ་མི་ཆོས་བླ་མའི་རྫུན། །གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བ་ཡིས། །འདི་བཞི་གང་རུང་གཅིག་སྤྱོད་འཆབ་བཅས་པས། །དགེ་སློང་སྡོམ་པ་རྩད་ནས་གཅོད་གྱུར་ཏེ། །ཆུ་ཤིང་རུལ་པ་ཇི་བཞིན་དགེ་འདུན་གྱི། །གྲལ་ལ་མི་དབང་བཞིན་ཏུ་ཕྱིན་པ་དང་། །ཡན་ལག་མ་ཚང་སྦོམ་པོ་ལྕི་ཡང་སོགས། །ཕས་ཕམ་ལྟུང་བས་གོས་པ་མཐོལ༴ །བསྒྲོད་མིན་གནས་སུ་ཁུ་བ་འབྱིན་པ་དང་། །ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན། །འཁྲིག་ཚིག་རྗེན་སྨྲ་འཁྲིག་པའི་བསྙེན་བཀུར་བསྡགས། །ཕོ་མོ་


LT39_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་སྨྱན་བྱས་འདུས་ཏེ་འཕྲད། །རང་དོན་ཚང་ལྷག་ཁང་པ་ཁང་ཆེན་བརྩིགས། །བརྗོད་གཞི་མེད་དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་སྐུར་བཏབ་དགེ་འདུན་དབྱེན། །དབྱེན་དེའི་རྗེས་ཕྱོགས་བསླབ་པ་དང་འགལ་བས། །ཁྱིམ་སུན་འབྱིན་ཚེ་སྐྲོང་བྱེད་ལ་བསྙོན་པ། །ལྟུང་བྱུང་བསྐུལ་ཚེ་བཀའ་བློ་མི་བདེ་རྣམས། །གང་སྤྱད་སྡོམ་པའི་ལྷག་ལས་མ་ལུས་ཀྱང་། །ངོ་ཚ་མེད་པས་སྦོ་མགུ་མ་སྤྱད་པ། །ལྷག་ལྟུང་བཅུ་གསུམ་ཕོག་པ་མཐོལ༴ །རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་། །གོས་རྒྱུ་ཟླ་གཅིག་འཇོག་དང་དགེ་སློང་མར། །ཆོས་གོས་འཁྲུར་འཇུག་དེ་ལས་གོས་རྒྱུ་ལེན། །ཉེ་དུ་མིན་པའི་ཁྱིམ་པར་གོས་རྒྱུ་སློང་། །སྟེར་ན་སྟོད་གཡོག་སྨད་གཡོག་ལྷག་པོར་ལེན། །རང་ལ་སྟེར་བསམ་ཆོས་གོས་གནས་དཔགས་པ། །རིན་དང་ཁྲུ་ཚད་ཀྱིས་སློང་བརྟགས་དྲན་སློང་། །གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་དང་། །སྲིན་བལ་ནང་ཚང་ཅན་གྱི་མལ་སྟན་བྱེད། །དཀོན་སར་བལ་ནག་འབའ་ཞིག་བཏིང་དང་སྟན། །ཆ་གཉིས་ལྷག་བྱེད་ལོ་དྲུག་མ་སོང་བར། །སྟན་གསར་སྒྲུབ་དང་བདེ་གཤེགས་མཐོ་གང་བའི། །རྙིང་པས་མ་བླན་གདིང་བ་གསར་པ་


LT39_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་། །བལ་ནག་རྙེད་ནས་དཔག་ཚད་གསུམ་མཐར་ཁྱེར། །དགེ་སློང་མ་ལ་བལ་འཁྲུ་རྨེལ་བཅུག་དང་། །གསེར་དངུལ་ལེན་དང་ཚོང་འབུན་མངོན་ཚན་ཅན། །ཆེད་དུ་ཚོང་བྱེད་ལྷུང་བཟེད་བྱིན་མ་བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་འཆང་བ། །གླ་རྔན་མེད་པར་འཐགས་འཇུག་ཐགས་རྒྱ་སྐྱེད། །དགེ་སློང་གོས་བྱིན་སླར་ཕྲོགས་བརྟད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་། །སྨན་བཞི་དུས་ལས་འདས་པར་གསོག་འཇོག་སྟེ། །གང་ལ་ལྟུང་བྱུང་དངོས་པོ་དེ་སྤངས་པས། །མ་བཅོས་རྣམ་སྨིན་ངན་འགྲོར་ལྟུང་བྱེད་པའི། །སྤང་ལྟུང་སུམ་ཅུས་གོས་པ་མཐོལ༴ །ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་ནས་བརྗོད། །ཕྲ་མས་འབྱེད་དང་སྐྱོ་སྔོགས་བཟླུམས་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་པར་མ་རྫོགས་དང་། །ལྷན་ཅིག་ཆོས་འདོན་གནས་ངན་ལེན་ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེས་ངོར་འཕྱ། །བསླབ་གཞི་ཁྱད་གསོད་ས་བོན་སྐྱེ་བ་གཅོད། །བདག་གི་ངོར་འཕྱ་བསྒོ་བ་རྣར་


LT39_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཟོན་ཏེ། །ལྟུང་བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས། །ཁྲི་དང་གདིང་བ་མ་བསྡུས་བཏིང་སྟེ་སོང་། །དགེ་སློང་སྐྲོད་དང་ཐོ་འཚམས་ཕྱིས་གནོན་བྱས། །མལ་ཁྲིས་བུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩྭར་འདེབས་གཙུག་ལག་ཕ་གུ་རིམ་གསུམ་ལྷག །ཤེས་བཞིན་འཇིག་རྐྱེན་སར་བརྩིགས་དགེ་སློང་མར། །མ་བརྐོས་ཆོས་སྟོན་བསྐོས་ཀྱང་ཉི་ནུབ་དང་། ཁ་ཟས་ཕྱིར་སྟོན་གོས་བཙེམས་ཆོས་གོས་སྦྱིན། །དོན་མཐུན་ལམ་འགྲོགས་གྲུར་ཞུགས་གྱེན་མཐུར་འགྲོ། །དབེན་པར་གཅིག་འདུག་པ་ངང་མཉམ་དུ་འགྲེང་། །རྫུན་གྱིས་སྦྱོར་བཅུག་དུས་རུང་ཁ་ཟས་ཟོས། །ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་ཟ་དང་ལྷུང་བཟེད་དོ། །ཟོས་ཤིང་ཟོས་རྗེས་བཟའ་དང་བཅའ་བ་ཟ། །སྤང་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ནས་ཟ། །དུས་མིན་ཕྱེད་ཡོལ་ཟ་དང་གསོག་འཇོག་ཟ། །བྱིན་ལེན་མ་བྱས་སྨན་བཞི་ཁ་རུ་མེད། །བསོད་པ་ཞིམ་པའི་ཟས་སློང་སྲོག་ཆགས་བཅས། །ཆུར་སྤྱོད་ཉལ་པོ་བྱེད་པའི་ཁྱིམ་དུ་ཉལ། །ཉེར་འགྲེང་གཅེར་བུ་པ་ལ་ཁ་ཟས་བྱིན། །དམག་བལྟ་དམག་སར་ཞག་གཉིས་ལྷག་


LT39_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྡད། །དམག་གི་རུ་བཀོད་བྱེད་དང་དགེ་སློང་རྡེག །བརྡེག་རྩོམ་གནས་ངན་ལེན་གྱི་ལྟུང་བ་འཆབ། །དགེ་སློང་ཟས་གཅོད་དུས་མིན་མེ་ལ་རེག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ། །སྡིག་ལྟ་མི་བཏང་སྤངས་པའི་རྗེས་སུ་ཕྱོགས། །དགེ་ཚུལ་བསྙིལ་དང་ཟང་ཟིང་ཆོས་ལོངས་སྤྱོད། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་གྱོན། །རིན་ཆེན་དམག་ཆས་རྒྱན་དང་རོལ་མོར་རེག །གནང་བའི་དུས་མིན་ཁྲུས་བྱེད་དུད་འགྲོ་གསོད། །དགེ་སློང་གཞན་ལ་འགྱོད་སྐྱེད་གག་ཚིལ་དགག །ཆུར་རྩེ་བུད་མེད་གནས་གཅིག་ཉལ་བ་དང་། །དགེ་སློང་དང་ངས་བྱེད་དེ་ཡི་ཡོ་བྱད་སྦེད། །སྔར་བྱིན་གདེང་མེད་སླར་སླངས་སྤྱོད་པ་དང་། །གཞི་མེད་སྐུར་བཏབ་གྲོགས་མེད་བུད་མེད་དང་། །རྐུན་པོ་དང་འགྲོགས་རྒྱང་གྲགས་གཅིག་ཏུ་ཕྱིན། །ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག །ས་བརྐོ་མགྲོན་སར་དུས་ལས་ལྷག་པར་ཟོས། །སློབ་པ་ཁྱད་གསོད་འཐབ་པའི་ཉན་རྣ་བྱེད། །ལས་གྲལ་མི་སྨྲ་འགྲོ་དང་མ་གུས་འགལ། །ཆང་འཐུང་དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ། །ཟས་བཅས་སྔ་ཕྱི་ཁྱིམ་གསུམ་ཁྱིམ་བཞི་འདས། །རྒྱལ་པོ་བཙུན་མོར་རྩེ་བའི་


LT39_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ་ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་དང་། །རིན་ཆེན་ཁབ་རལ་ཁྲི་རྐང་ཆེ་མཐོ་བཟོས། །ཤིང་བལ་དགེ་འདུན་མལ་དུ་བརྡལ་ཏེ་བགོས། །གདིང་གཡན་རས་ཆེན་ཆོས་གོས་ཚད་ལྷག་འཆང་། །སྤྱད་ན་ངན་སོང་ལྟུང་བྱེད་འབའ་ཞིག་པ། །དགུ་བཅུ་ཐམ་པས་གོས་པ་མཐོལ༴ །དགེ་སློང་མ་ལས་གྲོང་དུ་ཟས་བླངས་ཟོས། །ཁྱིམ་དུ་ངོས་མགྲོན་ཟས་སྦྱིན་མ་ཟློག་དང་། །བསླབ་སྡོམ་བྱིན་ལས་རུང་བ་མིན་པ་བླངས། །ནགས་མ་མྱུལ་བར་དགོན་པར་བླངས་ཟོས་བཞི། །སོ་སོར་སྨྲེ་སྔགས་འགྱོད་བཅས་མཐོལ༴ །ཤམ་ཐབས་ཟླུམ་མིན་རྩིངས་འཇོལ་གླང་སྣ་འདྲ། །ལྟེ་བ་དང་འཕུར་མ་གདེངས་ཀ་ལྟ་བུ་བདུན། །སྣམ་སྦྱར་བླ་གོས་ཟླུམ་པོར་མ་བགོས་དང་། །ཧ་ཅང་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུ། །ལུས་ངག་མ་བསྡམས་ཆོས་གོས་ལེགས་མ་བགོས། །ཅ་ཅོ་མིག་གཡེངས་གཉའ་ཤིང་གང་ཙམ་ལས། །རིང་ལྟ་མགོ་བཏུམས་གོས་བརྫེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོད་རྒྱང་ཆང་པའི་བྲང་དང་རྟིང་བཙུགས་འགྲོ། །ལག་པ་དཀུར་བརྟེན་ལུས་བསྒྱུར་ལག་པ་གཡོབས། །མགོ་བསྒྱུར་ཕྲག་པ་སྤྲད་དང་ལག་པ་སྦྲེལ། །ཁྱིམ་འགྲོའི་སྤྱོད་ཡུལ་ཉི་ཤུར་འགལ་


LT39_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །སྟན་ལ་མ་བསྒས་མ་བརྟགས་འཕོངས་སྡེབ་འདུག །རྐང་བརྐྱངས་བསྣོལ་དང་བརླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་དགུག་རྐང་པ་ཕན་ཚུན་གདངས། །འདོམས་མཐོང་འདུག་ཚུལ་སྤང་བྱ་དགུ་པོ་དང་། །ལག་པས་འགྲམ་བརྟེན་སྟན་ཁུར་སོང་བ་དང་། །ལེགས་པར་མི་ལེན་ཁ་ད་ཆད་དུ་ལེན། །ཟན་དང་བྱ་ན་མཉམ་པར་མི་ལེན་དང་། །མཐར་ཆགས་མི་ལེན་ལྷུང་བཟེད་ཟུར་མིག་ལྟ། །བཟེད་སྔས་སྔར་བྱུང་སྦས་ནས་བཟེད་པ་དང་། །སྣོད་གཞན་སྟེང་བཟེད་ཟས་བླངས་སྐྱོན་བརྒྱད་དང་། །ལེགས་པར་མི་བཟའ་ཧ་ཅང་ཁམ་ཆེ་ཆུང་། །རན་མིན་ཟས་ལས་སྔོན་ཏུ་ཁ་གདངས་དང་། ཁ་ཟས་ཟ་བཞིན་ཚིག་སྨྲ་ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་ཟ། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། ཁམ་གཅིག་མཁུར་སྤོ་རྐན་ཏོག་ཁམ་འཕྲོ་བཅད། །ལག་བལྡག་སྣོད་འབྱོག་ལག་སྤྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་བཟའ་བའི་སྐྱོན་ཉེར་གཅིག །ལྷུང་བཟེད་འཕྱས་བཏགས་ལག་པ་ཟས་འབགས་པས། །ཆུ་སྣོད་ལ་རེག་འབགས་ཆུ་གཞན་ལ་གཏོར། །མ་དྲིས་ཁྱིམ་དུ་ཆུ་དོར་ཟས་ལྷག་བཞག །ས་རྗེན་གད་ཁ་རི་གཟར་བང་རིམ་བཞིར། །བཞག་འདྲིལ་གད་གཡང་དཀན་གཟར་


LT39_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་བཞིན་འཁྲུ། །འབབ་ཆུའི་རྒྱུན་ལས་ཟློག་སྟེ་འཁྲུ་དང་གཅུ། །ལྷུང་བཟེད་སྨྱོད་ཉེས་ལ་བསྙེན་བཅུ་བཞི་དང་། །འགྲེངས་དང་ཉལ་ལ་ཆོས་བཤད་རང་ཉིད་དམའ། །མདུན་ལ་རྒྱབ་དང་ལམ་པོའི་འགྲམ་ནས་བཤད། །མགོ་གཡོགས་བརྗེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་ཅན་དང་ཞྭ་གྱོན་ཅོད་པན་བཏགས། །ཕྲེང་བས་ལུས་བརྒྱན་མགོ་དཀྲིས་གླང་རྟ་ཞོན། །ཁྱོགས་དང་བཞོན་པའི་སྟེང་འདུག་མཆིལ་ལྷྭམ་གྱོན། །མཁར་བ་གདུགས་མཚོན་རལ་གྲི་དགྲ་ཆ་ཐོགས། །གོ་ཆ་གྱོན་ལ་ཆོས་བཤད་ཉེས་ཉེར་དྲུག །མི་ན་བཞིན་ཏུ་འགྲེང་སྟེ་བཤང་གཅི་དོར། །ཆུ་ནང་བཤང་གཅི་སྐྱུགས་པ་མཆིལ་སྣབས་འཕངས། །རྩྭ་སྔོན་བཤང་གཅི་དོར་བཅས་བསྒྲུབ་ཚུལ་གསུམ། །གནོད་མེད་ཤིང་ལ་མི་གང་ལྷག་པར་འཛེག །རྒྱུ་བ་གཅིག་སྟེ་གང་སྤྱད་ཉིས་བྱས་ཉིད། །བརྒྱ་དང་བཅུ་གསུམ་ལས་འདས་མཐོལ་ལོ་བཤགས། །སྤྱད་ན་ངན་འགྲོང་ལྟུང་བའི་སྡེ་ལྔ་པོས། །བྱང་གྲོལ་བར་ཆད་མི་འདོད་སྡིག་ལྟས་ཉམས། །ཕམ་པ་གང་རུང་བྱུང་བས་ཚུལ་ཁྲིམས་ཉམས། །བཅས་ལྟུང་སྤོང་བའི་ལུས་ངག་བྱ་བ་ཉམས། །ཚུལ་འཆོས་ཁ་གསག་གཞོག་སློང་རྙེད་འཚོལ་དང་། །ཐོབ་འཇལ་ལོག་འཚོ་ལྔར་སྤྱད་འཚོ་བ་ཉམས། །ཉམས་པ་


LT39_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞིས་གོས་པ་མཐོལ༴ །གྲོང་དུ་འཇུག་ཚེ་བཙོན་རའི་འདུ་ཤེས་དང་། །གཙུག་ལག་ཁང་དུ་མདོ་སྡེ་བཞིན་སྤྱོད་དང་། །ཟས་ལ་ནད་ཀྱི་གཉེན་དང་འཇིག་རྟེན་གྱི། །མཐུན་འཇུག་བྱ་བར་འོན་ལོང་ལྐུག་པའི་ཚུལ། །ཉལ་ཚེ་ལུས་སེམས་མ་འཕྱར་ཐུམ་འཕྲད་ཀྱི། །འདུ་ཤེས་ལྔ་པོ་མི་ལྡན་མཐོལ། །ལུས་ན་འདུ་འཛི་སེམས་ནི་རྣམ་གཡེང་ལས། །བསྲིང་བ་གཉིས་ལྡན་འདོད་ཆུང་ཆོག་ཤེས་པས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང་། །སྤང་དང་ཀློག་པར་མ་བརྩོན་མཐོལ༴ །མཚམས་ནང་གསོ་སྦྱོང་མ་འདུས་འདུན་ཡོངས་དག །མ་བླངས་མ་ཕུལ་ལྟུང་བ་ཤེས་བཞིན་བཅབ། །སོ་ཐར་གུས་པས་མ་མཉན་ཐོས་སྒོམ་དང་། །སྲོག་ཆགས་གནོད་སྤོང་ཕྱིར་དུ་དབྱར་ཟླ་གསུམ། །གནས་མ་བཅས་སོགས་བསླབ་པ་ཡོངས་སྦྱོང་གི། །གཞི་གསུམ་དག་དང་གང་འགལ་མཐོལ༴ །ཕྱག་དར་ཁྲོད་དང་དུར་ཁྲོད་དོར་བའི་གོས། །ཆད་ལྡན་འཚོ་བའི་ཡོ་བྱད་བཅུ་གསུམ་པོ། །ཆོས་ཀྱི་རྒྱལ་མཚན་སྤངས་ནས་མི་རུང་བའི། །རྒྱུར་བྱས་ཚོན་ཆེན་བརྒྱད་ཀྱིས་བགོས་པ་ཡི། །ཁྱིམ་པའི་རྟགས་བླངས་དུས་རུང་ཐུན་ཚོད་རུང་། །ཞག་བདུན་འཚོ་བཅད་སྨན་བཞི་རང་དུས་ལས། །འདས་འཆར་བཟའ་བཏུང་རུང་


LT39_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆུ་མ་བཏབ། །ལག་ཉར་བླངས་ཤིང་སྒོག་བཙོང་ལྟོར་ཟོས་ནས། །གཙུག་ལག་ཁང་དུ་ཕྱིན་སོགས་བདེར་གནས་པའི། །རྐྱེན་གྱི་གཞི་དང་གང་འགལ་མཐོལ༴ །གོས་སྨན་རང་སྔགས་བྱིན་གྱིས་མ་བརླབས་སོགས། །གསོལ་རྐྱང་གསོལ་བ་དང་གཉིས་དང་བཞི་ཡི། །ལས་ལ་མ་ཞུགས་ཡན་ལག་མ་ཚང་དང་། །ལྟུང་བ་ཕྱིར་བཅོས་མ་བྱས་བཏང་སྙོམས་ལུས། །རྩོད་བཞིའི་གཞི་བཏིང་ཆོས་མིན་ཕྱོགས་སུ་བལྟས། །ཆོ་ག་ཁྱད་འབྲེལ་ཉེས་པ་དག་བྱེད་ཀྱི། །གཞི་གཉིས་པོ་དང་གང་འགལ་མཐོལ༴ །གནས་མལ་ལ་སོགས་ཞུམ་དང་ཁེངས་པ་ཡི། །མཐའ་གཉིས་སྤངས་ནས་ལེགས་པར་མ་སྦྱོང་དང་། །ཁྲིམས་དག་ཐོས་སྒོམ་མ་ནུས་ལེ་ལོ་ཅན། །དཀོར་ལ་བུ་ལོན་ཚུལ་དུ་སྤྱོད་བྱས་དང་། །ཚུལ་འཆལ་ནམ་ཡང་དགེ་འདུན་གནས་དང་དཀོར། །ཏིལ་འབྲུ་ཙམ་ཡང་སྤྱད་པར་བཀག་བཞིན་ཏུ། །བག་མེད་ཅི་དགར་ལོངས་སྤྱད་མཐོལ༴ །ཚོང་ཁེ་ཞིང་ལས་ཤགས་དང་རྒྱན་པོ་འགྱེད། །འདུས་ལ་བལྟ་དང་འཁྲིག་པའི་གཏམ་གླེང་སོགས། །ཚངས་སྤྱོད་བར་ཆད་གནས་གྲོགས་སྤངས་ནས་ནི། །དྲན་དང་ཤེས་བཞིན་མ་བསྟེན་མཐོལ༴། འདུས་བྱས་ཐམས་ཅད་མི་རྟག་ཟག་བཅས་ནི། །སྡུག་བསྔལ་ཆོས་


LT39_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟོང་ཞིང་བདག་མེད་པ། །མྱང་འདས་ཞི་བ་ལྟ་བ་བཀའ་རྟགས་ཀྱི། །ཕྱག་རྒྱ་བཞི་པོ་མ་འཛིན་མཐོལ༴ །ཛམ་ལྷར་ཆུ་སྦྱིན་འཕྲོག་མར་ཆང་བུ་དང་། །འབར་མ་འཇུར་གེགས་ཅན་ལ་གཏོར་མ་དང་། །ཆབ་སྦྱིན་མ་བསྩལ་སྤྱོད་པ་བཀའ་རྟགས་ཀྱི། །ཕྱག་རྒྱ་བཞི་དང་མི་ལྡན་མཐོལ༴ །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་ཏུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མའི་ཚལ་ཉམས་བཞིན། །བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་ཏུ་ནི་བསླབ་པ་གཅིག་སྤྱོད་པའི། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་བསྩལ་


LT39_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱིད།། ༈ །།བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བས་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །མིག་ལྡན་འགྲོ་བ་ཡོད་པ་ཡིས། །ཉམ་ང་བ་དག་ཇི་བཞིན་ཏུ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །སྐུར་པ་མི་གདབ་གནོད་མི་བྱ། །སོ་སོ་ཐར་པའང་བསྡམ་པར་བྱ། །ཟས་ཀྱི་ཚོད་ཀྱང་རིག་པར་བྱ། །བས་མཐའི་ནགས་སུ་གནས་པར་བྱ། །ལྷག་པའི་སེམས་ལ་ཡང་དག་སྦྱོར། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་ལྟར་བུང་བ་མེ་ཏོག་ལས། ཁ་དོག་དྲི་ལ་མི་གནོད་པར། །ཁུ་བ་གཞིབས་ནས་འཕུར་བ་ལྟར། །དེ་བཞིན་ཐུབ་པ་གྲོང་དུ་རྒྱུ། །བདག་གི་རིགས་དང་མི་རིགས་ལ། །བརྟག་པར་བྱ་སྟེ་གཞན་རྣམས་ཀྱི། །མི་མཐུན་པ་དང་གཞན་དག་གི། །བྱས་དང་མ་བྱས་རྣམས་ལ་མིན། །ལྷག་པའི་སེམས་ལ་བག་བྱ་ཞིང་། །ཐུབ་པའི་ཐུབ་གཞི་རྣམས་ལ་བསླབ། །ཉེར་ཞི་རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །སྦྱིན་པས་བསོད་ནམས་རབ་ཏུ་འཕེལ། །ལེགས་བསྡམས་དགྲ་སོགས་མི་འབྱུང་


LT39_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དགེ་དང་ལྡན་པས་སྡིག་པ་སྤོང་། །ཉོན་མོངས་ཟད་པས་མྱ་ངན་འདས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སློང་དག །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ངག་རྣམས་བསྲུང་ཞིང་ཡིད་ཀྱང་རབ་བསྡམ་སྟེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་ལ་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །བདག་དང་སེམས་ཅན་ཀུན་གྱི་སྡིག་པའི་ལས། །ཉེས་པར་གྱུར་གང་མཐོལ་ཞིང་བཤགས་པར་བགྱི། །སླན་ཆད་ནམ་ཡང་བགྱིད་པར་མ་གྱུར་ཅིག །ལས་ཀྱི་སྒྲིབ་པའང་གཏན་ཏུ་ཟད་བྱེད་ཤོག །ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །


LT39_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རློམས་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕ་མ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་སངས་རྒྱས་རབ་བདུན་གྱི་གསོ་སྦྱོང་གི་ཚིགས་སུ་བཅད་པ་དང་། སོ་ཐར་སྡོམ་པའི་ཉེས་ལྟུང་མཐོལ་བཤགས་ཞར་བྱུང་བསླབ་བྱའི་གནད་རྟོགས་པར་འགྱུར་བ་འདི་བཞིན། བསྟན་འགྲོའི་དཔུང་གཉེན་ཟླ་བཟང་མཆོག་སྤྲུལ་རིན་པོ་ཆེས་བཀའ་བསྩལ་ལྟར། འདུ་གསུམ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཡང་དབེན་ཏུ་བྲིས་པ་བསྟན་དང་འགྲོ་ལ་ཡུན་རིང་སྨན་པར་གྱུར་ཅིག །སརྦ་མཎྜ་ལཾ།། ༈ །།གཎྜཱིའི་མདོ་ལས། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཎྜཱིིའི་གཟུགས་ཀྱིས་བཞུགས་སོ། །ཞེས་དང་། རྒྱལ་པོ་གང་ཚེ་ཡུལ་འཁོར་དུ། །གཎྜཱི་དེ་ནི་གྲགས་འགྱུར་བ། །དེར་ནི་དཔལ་དང་གྲགས་པ་དང་། །འདོད་པ་དང་ནི་ལོ་ལེགས་འགྱུར། །ཞེས་སོགས་དང་། དུས་བཞི་དག་ཏུ་ཐོས་པ་


LT39_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་རྣམས་བྱང་ཆུབ་ཐོབ་པར་འགྱུར། །གང་ཞིག་སྙིང་ནས་ཡི་རང་བ། །དེ་ནི་གྲོལ་འགྱུར་ཐེ་ཚོམ་མེད། །ཅེས་སོགས་ཕན་ཡོན་དང་། །རྒྱུ་ཆད་དང་བརྡུང་ལུགས་ཚུལ་མ་ཡིན་པས་ཡུལ་འཁོར་ལ་འཚེ་བ་དང་། དགེ་འདུན་མི་མཐུན་པ་དང་། མ་བསྡམས་པར་འགྱུར་བའི་ཉེས་དམིགས་སོགས་གསུངས་སོ། །ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །ཅེས་བསོད་ནམས་ཀྱི་ཞིང་མཆོག་ཏུ་གྱུར་པ་དང་། སློབ་པ་བྱིན་པ་སྤྱོད་པ་སྟེ། །ཞེས་ཡོན་སྦྱོང་ནུས་པས་ལོངས་སྤྱད་རུང་བ་དང་། བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ཅེས་སོ་སྐྱེ་ཡིན་ཀྱང་ཁྲིམས་དག་སྤང་ཀློག་ལ་བརྩོན་པ་ལ་ནི་སྟོན་པས་རྗེས་སུ་གནང་བས་ཉེས་པ་མེད་ལ། ལྷག་མ་ལེ་ལོས་བཅོམ་པ་ཡིན། བདག་ཉིད་ལ་ནི་བུ་ལོན་སྤྱོད། །ཅེས་ཁྲིམས་དག་ཀྱང་རྒྱུད་ལེ་ལོས་ཁྱེར་བས་ཐོས་སྒོམ་མི་ནུས་པ་དག་གིས་དབུལ་པོའི་བུ་ལོན་ལྟར་སྐྱེ་བ་ཕྱི་མར་འཇལ་དགོས་ལ། ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་པ་ཀག། ཅེས་ཁྲིམས་འཆལ་གྱིས་ནི་དད་གཤིན་དཀོར་རྫས་ཁབ་ཙམ་ཡང་མི་དབང་ཞིང་སྤྱད་ན་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་སྟེ། སངས་རྒྱས་མཛོད་ཀྱི་


LT39_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ཤ་བཅད་གཏུབས་ཏེ་སྦྱིན་བདག་ལ་འཇལ་ལོ། །ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོང་ངོ། །སྐྲ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་བར་མི་ནུས་ན་གོས་དང་ཟས་དང་མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས། ཞེས་དང་། ཤཱ་རིའི་བུ་རོས་གང་བའི་ས་དེ་ན་ངའི་ཆོ་ག་བཞིན་ཏུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སློང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལག་གིས་བླང་བའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི་དགེ་སློང་གི་ངན་དུག་པར་འགྱུར་རོ། །ཞེས་གསུངས། །


previousསོ་ཐར་གྱི་བཤགས་སྡོམ་ཞི་གནས་གསོ་སྦྱོང་དང་འབྲེལ་པ་ཉེས་ལྟུང་དག་བྱེད་གངྒཱའི་ཆུ་རྒྱུན།next