Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
གསང་སྔགས་གསར་རྙིང་གི་རིང་ལུགས་དང་འབྲེལ་པ་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསང་སྔགས་གསར་རྙིང་གི་རིང་ལུགས་དང་འབྲེལ་པ་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།next

གསང་སྔགས་གསར་རྙིང་གི་རིང་ལུགས་དང་འབྲེལ་པ་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།


LT39_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གསར་རྙིང་གི་རིང་ལུགས་དང་འབྲེལ་པ་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཞེས་བྱ་བ་བཞུགས་སོ། །


LT39_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཆོས་དབྱིངས་ནམ་མཁའི་མཐའ་དང་མཉམ་པ་ཡི། །ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་རབ་འབྱམས་དང་། །སེམས་དཔའ་རྡོ་རྗེ་སངས་རྒྱས་ཀུན་གྱི་དངོས། །རྩ་བརྒྱུད་བླ་མ་རྒྱལ་བ་སྲས་དང་བཅས། །དམ་ཚིག་རྗེས་གཅོད་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་དབང་གིས་མོས་པའི་གནས་འདིར་གཤེགས། །རྣལ་འབྱོར་ཉམས་པ་ཅན་ལ་ཐུགས་རྗེས་དགོངས། །རྡོ་རྗེའི་དམ་ཚིག་ཉམས་པ་མཐོལ་བཤགས་ན། །བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ། །བདག་དང་མཁའ་མཉམ་མར་གྱུར་འགྲོ་བ་ཀུན། །ཞིང་རྡུལ་


LT39_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སྙེད་སྒོ་གསུམ་གུས་བཏུད་ནས། །ཕྱག་འཚལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་ཚོགས། །བཅས་དང་རང་བཞིན་ཁ་ན་མ་ཐོ་བ། །ཁྱད་པར་རྡོ་རྗེ་ཐེག་པའི་འདུལ་བ་ལས། །འགལ་ཉམས་རལ་བར་གྱུར་པ་གང་མཆིས་པ། །གནོང་འགྱོད་དྲག་པོས་སྙིང་ནས་མཐོལ་ཞིང་བཤགས། །མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་ལ། །མཉེས་པ་དགུ་ཡིས་ཚུལ་བཞིན་མ་བསྟེན་ཅིང་། །མཐུན་རྐྱེན་མ་བསྒྲུབ་དབང་གི་རྒྱུད་མ་སྨིན། །རས་ཆོད་དབང་གིས་གསང་བའི་ཐེག་པར་ཞུགས། །རྒྱུད་དོན་


LT39_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྲོལ་མན་ངག་གནད་ལ་རྨོངས། །བསྲུང་མཚམས་མ་ཤེས་ཤེས་ཀྱང་ལེ་ལོས་གཡེང་། །ཐོག་མའི་རྟེན་འབྲེལ་ལོག་པ་མཐོལ་ལོ་བཤགས། །བསྲུང་བྱ་ཀུན་གྱི་གཞིར་གྱུར་འཇིག་རྟེན་པའི། །ཡང་དག་ལྟ་འཛིན་གསུམ་ལ་སྐྱབས་སུ་འགྲོ། །བྱང་ཆུབ་སེམས་བསྐྱེད་དཀྱིལ་འཁོར་དབང་བསྐུར་བ། །ཇི་བཞིན་ལག་ཏུ་མ་བླངས་མཐོལ་ལོ་བཤགས། །རྒྱུད་སྡེ་ཀུན་གྱི་གཞི་འམ་རྩ་བ་ནི། །བྱ་རྒྱུད་སྤྱི་ཡི་དམ་ཚིག་མཐའ་དག་དང་། །བྱེ་བྲག་སྤྱི་རྒྱུད་ནས་གསུངས་བཅུ་བཞི་པོ། །དཀོན་མཆོག་སྔགས་ལ་དད་དང་ཐེག་ཆེན་མོས། །ཞིང་མཆོག་ལ་གུས་མི་སྡང་དུས་མཚམས་མཆོད། །གཞན་གཞུང་མི་བཀུར་མགྲོན་མཆོད་བྱང་སེམས་བརྟན། །བསོད་ནམས་བཟླས་པ་དམ་ཚིག་གཞན་བསྲུང་བརྩོན། །དམ་མེད་སྔགས་རྒྱ་མི་སྦྱིན་རྒྱུད་སྦ་ཞིང་། །ཐོས་བསམ་སྒོམ་པས་མ་རྟོགས་མཐོལ་ལོ་བཤགས། །གཞན་ཡང་ལེགས་གྲུབ་ནས་བཤད་སུམ་ཅུ་པོ། །དཀོན་མཆོག་སྔགས་དང་ཐེག་པ་ཆེ་ལ་མོས། །ལྷ་ལ་དུས་མཚམས་མགྲོན་ལ་གློ་བུར་མཆོད། །བསོད་ནམས་ཚོགས་བསགས་བཟླས་བརྗོད་ཚུལ་བཞིན་བརྩོན། །སྤྱི་དང་བྱེ་བྲག་རིགས་ཀྱི་དམ་ཚིག་བརྟན། །རྒྱུད་སྲུང་རྟོགས་དང་སྒོ་གསུམ་ཉེ་བར་ཞི། །ཁྲུས་


LT39_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཙང་སྦྲ་སྒྲུབ་ཕྱོགས་བཅུ་གཉིས་དང་། །ལྷ་ལ་མི་སྡང་གཞན་གྱི་གཞུང་མི་མཆོད། །མ་གནང་མི་ལེན་གསང་སྔགས་རང་བཟོར་མིན། །གདོན་གྱི་ལས་མིན་ལས་སྒྲུབ་གཞན་མི་བསྒྱུར། །དམ་མེད་མི་སྦྱིན་ཕྱག་རྒྱ་སོགས་མི་འགོང་། །མ་བསྡམས་པ་མིན་མ་གནང་ཟས་མི་ཟ། །བྱམས་པ་མི་གཏོང་མ་ཟིན་སྨྲ་བ་མིན། །ཁྲོས་ནས་དྲག་ཤུལ་མི་སྤྱོད་བདག་མི་བརྙས། །གཞན་སུན་མི་འབྱིན་གནས་ངན་ལེན་རྣམས་སྤང་། །ལྟད་མོ་མི་ལྟ་གཤང་གཅི་ཆུར་མི་འདོར། །བཅོ་བརྒྱད་དགག་པའི་སྒོ་ནས་གསུམ་རྣམས་དང་། །སོ་སོའི་རིགས་ཀྱི་དམ་ཚིག་ཇི་སྙེད་པ། །རྒྱུད་འདིར་ཞུགས་པ་མ་ཟད་བླ་མེད་ཀྱི། །རྣལ་འབྱོར་པས་ཀྱང་བསྲུང་བྱ་ཡིན་པ་ལ། །སྤང་བླང་གོ་ལྡོག་གྱུར་པ་མཐོལ་ལོ་བཤགས། །སྤྱོད་རྒྱུད་མི་དགེ་བཅུ་དང་དམ་པའི་ཆོས། །བྱང་ཆུབ་སེམས་སྤོང་སེར་སྣས་འགྲོ་ལ་གནོད། །སྤང་བྱ་བཅུ་བཞི་རིགས་ཀྱི་དམ་ཚིག་སོགས། །བསྒྲུབ་བྱ་རྣམས་ལས་འགལ་བ་མཐོལ་ལོ༴ །རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་བཤད་རྒྱུད་ལུགས། །རྣམ་སྣང་རིགས་ལ་དཀོན་མཆོག་གསུམ་པོ་བཀུར། །རྡོ་རྗེའི་རིགས་ལ་རྡོར་དྲིལ་སློབ་དཔོན་བཟུང་། །རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་སྦྱིན། །པདྨའི་རིགས་


LT39_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་གསང་ཐེག་པ་བཟུང་། །ལས་ཀྱི་རིགས་ལ་མཆོད་པར་བརྩོན་པ་སྟེ། །བསྒྲུབ་ཕྱོགས་བཅུ་བཞི་མ་བསྟེན་མཐོལ་ལོ་བཤགས། །དཀོན་མཆོག་བྱང་ཆུབ་སེམས་དོར་ལྷ་སྔགས་རྒྱ། །བླ་མར་སྨད་ཅིང་ཉེར་སྤྱད་ཕྱག་མཚན་འགོང་། །བཟའ་བ་མི་སྤྱོད་གསང་བསྒྲག་བསླབ་པ་འདོར། །འཚེ་ཞིང་ཐེག་དམན་ལ་དགའ་གཞན་དོན་སྐྱོ། །ཕྱིན་དྲུག་སྤྱོད་དོར་བྱ་མིན་བྱ་བ་སྟེ། །དགག་ཕྱོགས་བཅུ་བཞི་བགྱིས་པ་མཐོལ་ལོ། །རྩ་རྒྱུད་ནས་གསུངས་ལྷ་ལྔའི་དམ་ཚིག་དང་། །དཔལ་མཆོག་དང་པོས་བསྟན་པའི་རྩ་ལྟུང་བཅུ། །རྩ་བ་བྱང་སེམས་ཕམ་པ་བཅུ་བཞི་དང་། །ཡན་ལག་ཚུལ་ཁྲིམས་གསུམ་སྟེ་རིགས་ལྔ་སྤྱི། །མདོར་བསྡུས་བསྒྲགས་ཏེ་བཟུང་བ་ལས་འགལ་ཞིང་། །ཕྱིར་བཅོས་ཚུལ་བཞིན་མ་བགྱིས་མཐོལ༴ །གསང་བ་བླ་མེད་སྒོར་ཞུགས་རྣལ་འབྱོར་པས། །ཐོག་མར་བླང་བྱ་རྡོ་རྗེའི་བརྟུལ་ཞུགས་ནི། །ཤ་ཆེན་གཤང་གཅི་ཁུ་ཁྲག་བདུད་རྩི་ལྔ། །སྲོག་གཅོད་བརྫུན་སྨྲ་འདོད་སྤྱོད་ནོར་ལ་ཆགས། །དངོས་སྦས་དགོངས་ཏེ་གསུངས་རྣམས་རྒྱུ་ཚོགས་ཙམ། །མ་བསྟེན་འདུས་པའི་རྒྱུད་དང་འགལ་བ་བཤགས། །བདེ་མཆོག་ནས་གསུངས་ཚངས་སྤྱོད་ཉི་ཤུ་གཉིས། །ཚེས་བཅུར་རིགས་ལྡན་མ་དང་ཕྱི་རོལ་མཆོད། །ལག་མཆོད་


LT39_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཞི་ཡི་ངེས་དོན་མཆོད། །ཕྱག་རྒྱ་བཞི་བརྟེན་དཔའ་བོ་དཔའ་མོ་མཆོད། །བརྡའ་དང་གཡོན་པའི་ཀུན་སྤྱོད་མ་བགྱིས་དང་། །རྨོངས་པས་བགྲོད་ཅིང་རང་གཞན་ཐ་དད་འཛིན། །གུས་པ་ལྷོད་ཅིང་ཕྱག་རྒྱ་མི་བརྟེན་འབྲལ། །སྤྱོད་པ་ཉམས་ཤིང་དམ་ཚིག་རྫས་ལ་ཁྲོ། །ཕོ་ཉ་གསུམ་གྱི་སྒྲུབ་པ་ལ་གནས་པའི། །རིག་མའི་བརྟུལ་ཞུགས་ཐུན་མོང་ཐུན་མིན་རྣམས། །མ་བསྟེན་ལོག་པར་བསྒྲུབ་པ་མཐོལ་ལོ་བཤགས། །དཀོན་མཆོག་མི་སྤང་དམ་ཚིག་རྣམས་ལ་སྤྱད། །རྡོ་རྗེ་དྲིལ་བུ་གླེགས་བམ་གཙུག་ཏུ་བཅངས། །སྦྱིན་སྲེག་དཀྱིལ་འཁོར་རབ་གནས་ལས་ལ་བརྩོན། །འབྱུང་པོར་གཏོར་མ་སྦྱིན་ཅིང་བཟླས་བསྒོམ་འབད། །སློབ་མར་ཆོས་བཤད་སེམས་ཅན་བྱམས་པས་བསྡུ། །རྒྱལ་ལ་ཚོགས་བསགས་ཛམ་ལར་ཆུ་སྦྱིན་བཏང་། །མཆོད་རྟེན་སཱཙྪ་དགེ་བའི་ལས་བྱ་ཞེས། །ལས་དང་པོ་ཡིས་བསྒྲུབ་བྱ་བཅུ་བཞི་པོ། །གུར་ལས་གསུངས་རྣམས་མ་བགྱིས་མཐོལ་ལོ་བཤགས། །རྒྱུན་གྱི་བྱ་བ་མཆོད་པའི་དེ་ཉིད་དང་། །སྦ་གསང་ཕོ་ཉ་སྔགས་བཟླས་ཞིང་ལ་གུས། །སྤྱོད་བརྟུལ་ཀློག་པ་ཐོས་བསམ་སྒོམ་བྱིན་རླབས། །མངོན་བརྗོད་བླ་མ་ནས་གསུངས་སྤྱོད་པ་དགུ། །ཚུལ་བཞིན་མ་རྟོགས་མ་


LT39_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་མཐོལ་ལོ་བཤགས། །རྩ་བཞི་ཆང་བཅས་བསྲུང་བྱ་རྣམ་པ་ལྔ། །རྒྱན་པོ་བཟའ་མིན་ངན་ཚིག་འབྱུང་པོ་དང་། །ཀླ་ཀློའི་ཆོས་སྟེ་བྱ་བ་མིན་པ་ལྔ། །དུད་འགྲོ་བྱིས་པ་སྐྱེས་པ་ཕོ་དང་མོ། །དཀོན་མཆོག་མཆོད་རྟེན་བསྣུན་པ་མིན་པ་ལྔ། །གྲོགས་པོ་རྗེ་དཔོན་སངས་རྒྱས་དགེ་འདུན་དང་། །ཡིད་བརྟོན་བླ་མར་འཁུ་བ་མིན་པ་ལྔ། །གཟུགས་སྒྲ་དྲི་རོ་རེག་བྱར་ཞེན་མིན་ལྔ། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་པོ། །དང་པོའི་སངས་རྒྱས་རྒྱུད་ཀྱི་རྒྱལ་པོ་ལས། །གསུངས་རྣམས་ཇི་བཞིན་མ་བསྒྲུབ་མཐོལ་ལོ་བཤགས། །སྒོ་གསུམ་བག་ཆགས་དང་བཅས་རྡོ་རྗེ་བཞིར། །ཐབས་ཤེས་ཁྱད་པར་ཅན་གྱི་སྡོམ་པའི་ཁྲིམས། །མི་བསྐྱོད་ཕྱག་རྒྱ་གསུམ་བཟུང་བླ་མར་བསྟེན། །རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཅུ་སྦྱིན། །འཁོར་ལོར་ཤ་ལྔ་བདུད་རྩི་ཆོས་མཐུན་བཟའ། །རལ་གྲིར་མཆོད་ཅིང་པདྨར་འཕོ་མེད་བསྲུང་། །རྡོར་སེམས་བྱང་ཆུབ་སེམས་ཏེ་དྲང་ངེས་ཚུལ། །རིམ་གཉིས་དོན་དང་ལྡན་པར་བསྡེབས་པ་ལས། །ཡེ་ཤེས་གོང་དུ་མ་སྦེལ་མཐོལ་ལོ་བཤགས། །ཁྱད་པར་རྡོ་རྗེའི་རིགས་ལ་སྲོག་གཅོད་ཅིང་། །རལ་གྲིར་བརྫུན་སྨྲ་རིན་ཆེན་གཞན་ནོར་ལན། །ཆུ་སྐྱེས་བུད་མེད་འཕྲོག་ཅིང་


LT39_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལ། །ཤ་ཆང་ལོངས་སྤྱོད་གྲི་གུག་ཤེས་རབ་མར། །མི་སྨོད་གཏོང་བ་ཆེ་རྣམས་རྒྱུད་ཚོད་བཞིན། །དངོས་དང་བསམ་པས་སྒྲ་དོན་ཇི་བཞིན་དང་། །ཇི་བཞིན་མིན་ལ་མ་སྤྱད་མཐོལ་ལོ་བཤགས། །དམ་པའི་ཚིག་ལས་ནམ་ཡང་འདར་མེད་པ། །བསྲུང་ན་དངོས་གྲུབ་མ་བསྲུང་ངན་སོང་དུ། །ལྟུང་བའི་རྩ་བ་ཤིན་ཏུ་ལྕི་བའི་ཁྲིམས། །དབང་རྒྱུད་མན་ངག་ཡེ་ཤེས་དོན་སྟོན་པའི། །དཔལ་ལྡན་བླ་མར་བརྙས་ཤིང་ཐུགས་དཀྲུགས་དང་། །རྒྱལ་བའི་བཀའ་དང་བླ་མའི་གསུང་ལས་འདས། །ཉེ་རིང་རྡོ་རྗེའི་སྤུན་ལ་ཁྲོས་ཤིང་སྨད། །བྱམས་པའི་སེམས་བཏང་ཀུནྡ་བྱང་སེམས་སྤང་། །གྲུབ་པའི་མཐར་སྨོད་མ་སྨིན་གསང་བ་སྦྱིན། །ཕུང་པོར་བརྙས་ཤིང་དག་པའི་ཆོས་ལ་ཚོམ། །གཡོ་སྒྱུའི་དབང་གྱུར་གདུག་པ་ཅན་ལ་བྱམས། །མིང་སོགས་བྲལ་ལ་དེར་རྟོག་ཡིད་གཉིས་ཟ། །དད་ལྡན་དག་པའི་སེམས་ཅན་སུན་འབྱིན་ཅིང་། །ཁྱད་པར་དུས་སུ་བསྟེན་བྱའི་དམ་ཚིག་འདོར། །བུད་མེད་སྤྱིར་སྨོད་རྩ་ལྟུང་བཅུ་བཞི་པོ། །ཡུལ་བསམ་སྦྱོར་དུས་ཉེས་པ་ལན་གྲངས་ཏེ། །སྒོ་དྲུག་དབྱེ་བས་བརྒྱད་ཅུ་རྩ་བཞི་དང་། །དེ་ཡང་ལྕི་འབྲིང་ཡང་བའི་བྱེ་བྲག་གིས། །ཉིས་བརྒྱ་ང་གཉིས་རིག་པ་འཛིན་


LT39_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁྲིམས། །ཕྲ་རགས་སྒོ་ནས་འགལ་བ་མཐོལ་ལོ་བཤགས། །དམ་མེད་མཚན་ཉིད་མི་ལྡན་རིག་མ་བསྟེན། །སྔགས་སྤྱོད་ལ་རྩོད་ཡུལ་མིན་བདུད་རྩི་ལེན། །དུས་ལ་མི་བཤད་དྲིས་ལན་བྲེ་མོས་གདབ། །ཉན་ཐོས་ནང་འདུག་མི་ཤེས་སྔགས་པར་རློམས། །དགོས་པ་མེད་པར་སོ་བྱང་བཅས་ལས་འདས། །བསྙེན་སོགས་མ་དག་དཀྱིལ་འཁོར་ལས་ལ་འཇུག །བརྡ་དང་ཕྱག་རྒྱ་ཡུལ་མིན་ལ་བསྟན་ཅིང་། །སྣོད་མིན་གསང་བསྒྲགས་ཡན་ལག་སྦོམ་པོ་ཡི། །ལྟུང་བ་རྣམས་ཀྱིས་གོས་པ་མཐོལ་ལོ༴ །ཕྲིན་ལས་སྒྲུབ་པ་ལ་བརྟེན་ལྟུང་བའི་ལས། །མེ་ཏོག་ཕོག་པའི་ལྷ་དོན་བསྐྱེད་རྫོགས་ཡོལ། །ཕྱི་རོལ་ལྷར་དགའ་བསྐྱེད་རིམ་དངོས་པོར་ཞེན། །མ་ཐོབ་གཞན་འཆད་འདིར་སྣང་ཟབ་ཆོས་སྟོན། །བསླབ་པ་འོག་མར་བརྙས་ཤིང་ཚུལ་འཆོས་བྱེད། །ནུས་མེད་ལས་སྦྱོར་དོན་མེད་གཡེར་བས་འདའ། །སྐྱབས་ནུས་མི་སྐྱོབ་འོག་མའི་སྤྱོད་ལ་དགའ། །ཟང་ཟིང་ལ་ཆགས་དམ་ཉམས་འདུལ་མི་བྱེད། །སྤྱོད་པ་དུས་སྐབས་མ་འབྲལ་མཐོལ་ལོ༴ །དམ་པ་མ་བསྟེན་སྣོད་ཀྱི་སྤང་བླང་འཆོལ། །རང་འདོད་ཕྱིར་དུ་སྲོག་ཆགས་གཞན་ལ་གནོད། །དཀོན་མཆོག་དཀོར་སྤྱད་གཞན་དོན་ཡལ་བར་དོར། །བསྔོ་བས་རྒྱས་མ་ཐེབས་


LT39_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འཕོ་བ་ཡིས། །དེ་ཉིད་མ་མཁས་པ་རྣམས་མཐོལ་ལོ་བཤགས། །སྔགས་ལ་ཐེ་ཚོམ་ཐེག་གསུམ་རིམ་མ་བསྟན། །དེ་ཉིད་བཅུ་དང་མ་ལྡན་སློབ་དཔོན་བྱས། །བདུད་བརྟག་མི་མཁས་དམ་ཚིག་བརྟག་མི་བྱེད། །ཉེས་བྱས་ཆུང་ངུ་མི་བཤགས་ཁྱད་དུ་བསད། །ཕྲ་མོ་ཉེར་བརྒྱད་བོག་པ་མཐོལ་ལོ༴ །སྔགས་པ་སློང་མོས་རྒྱུ་ཞིང་རྣལ་འབྱོར་སྤངས། །རྒྱུན་ཏུ་གསང་སྔགས་མ་བཟླས་དམ་ཚིག་སོགས། །རྟག་ཏུ་བསྟེན་པར་མ་བགྱིས་མཐོལ་ལོ་བཤགས། །དབང་བཞིའི་མཉམ་བཞག་དམ་ཚིག་བསྐྱེད་རིམ་དང་། །རྩ་རླུང་དཀྱིལ་འཁོར་འཁོར་ལོ་རྦ་རླབས་གསུམ། །རྗེས་སྤྱོད་ངོ་བོ་ཉིད་གསུམ་རང་བྱུང་དང་། །སྒྲིབ་གཉིས་ཁྱད་པར་ཤེས་སྒྲིབ་མ་སྤངས་དང་། །མི་འབྲལ་རྡོ་རྗེ་དྲིལ་བུ་རླུང་ཞི་དྲག །དངོས་དང་ཡེ་རྒྱ་མ་བསྟེན་མཐོལ༴། འགྲོ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །རང་བཞིན་མ་ཤེས་ལུས་ལ་བརྙས་པ་དང་། །ངག་ལ་སུན་ཕྱུང་ཡིད་ལ་ཟུག་རྔུ་བསྐྱེད། །རྡོ་རྗེ་གསུམ་གྱི་དམ་འགལ་མཐོལ་ལོ༴ །འཕོ་མེད་བཅུ་དྲུག་རིམ་པ་བསྐྱེད་པ་དང་། །འདོད་པས་མི་བསྒྲོད་ཉ་མཐར་གཉིས་མེད་བྱེད། །ནག་པོའི་ཕྱོགས་ལ་མ་ཞུགས་མི་མོ་ཡི། །སྤྱོད་པ་ལེགས་སྲུང་ཚངས་སྤྱོད་རྡོ་རྗེའི་


LT39_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ། །འདྲེན་པ་རྩ་ཡི་ཀུན་སྤྱོད་མཆོག་དངོས་རྒྱུ། །ཁྱད་པར་བརྒྱད་དང་མ་ལྡན་མཐོལ་ལོ་བཤགས། །མདོར་ན་བླ་མེད་དབང་བཞི་དང་འབྲེལ་བའི། །བསྲུང་བྱ་རྩ་བ་ཡན་ལག་ཕྲ་མོར་བཅས། །བསྒྲུབ་བྱ་བཟའ་དང་སྤྱད་དང་མི་འབྲལ་བ། །དྲོད་ཐོབ་བརྟུལ་ཞུགས་དྲུག་དང་འགལ་བ་སོགས། །གང་ཡང་མི་ཤེས་བག་མེད་ཉོན་མོངས་རགས། །མ་གུས་བརྗེད་ངས་དྲན་པ་མི་གསལ་བ། །ཉམས་པའི་རྒྱུ་དྲུག་ལ་བརྟེན་སྦྱོར་བ་བདུན། །ཚང་བའི་ཕམ་པ་མ་ཚང་སྦོམ་ལྟུང་སོགས། །ཉེས་བྱས་ཕྲ་རགས་གང་བགྱིས་མཐོལ་ལོ་བཤགས། ༈ནམ་མཁའི་མཐའ་མཉམ་དཀྱིལ་འཁོར་རབ་འབྱམས་དང་། །ཕྱོགས་བཅུར་བཞུགས་པའི་དཔའ་བོ་རྣལ་འབྱོར་མ། །དཔང་གྱུར་ཚད་མར་གྱུར་རྣམས་སྤྱན་ལམ་དུ། །བདག་ཅག་གསང་བའི་སྒོར་ཞུགས་རྣལ་འབྱོར་རྣམས། །སོ་སྐྱེའི་དབང་གྱུར་གཉེན་པོ་ཞེན་པ་ཡིས། །རྒྱུད་ལས་གསུངས་པའི་དམ་ཚིག་ཕྱི་ནང་གསང་། །དྲང་ངེས་མ་ཕྱེད་ཉམས་ཆགས་འགལ་གྱུར་པ། །གནོང་འགྱོད་གདུང་བ་དྲག་པོ་མཐོལ༴ །བདག་གིས་བགྱིས་དང་གཞན་ལ་བགྱིད་དུ་སྩལ། །རྗེས་སུ་ཡི་རང་སྡིག་པའི་ལས་གང་དག །རྣམ་སྨིན་མི་བཟད་སྐྱེད་པའི་རྒྱུར་གྱུར་པ། །


LT39_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཀུན་རབ་ཏུ་འགྱོད་པས་མཐོལ་ཞིང་བཤགས། །བླ་མ་ཡི་དམ་མཁའ་འགྲོ་འཁོར་དང་བཅས། །ཡེ་ཤེས་སྤྱན་ལ་སྒྲིབ་པ་མི་མངའ་བས། །བདག་ཡིད་སྙིང་ནས་གུས་ཤིང་གདུང་བ་ལ། །མཁྱེན་དགོངས་ཐུགས་རྗེས་བཟོད་ཅིང་ཚངས་པར་སྩོལ། །ཕྱིན་ཆད་སྲོག་གི་ཕྱིར་ཡང་ཉམས་པའི་ལས། །མི་བགྱིད་ཟབ་མོའི་ལམ་མཆོག་ཚུལ་བཞིན་བསྟེན། །དེ་ལྟར་བཤགས་པས་ཉམས་ཆག་སོར་ཆུད་དེ། །བདག་རྒྱུད་རྣམ་པར་དག་པར་བྱིན་གྱིས་རློབས། །བྱང་ཆུབ་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་། །རིམ་གཉིས་ལམ་གྱི་མངོན་རྟོགས་མཐར་ཕྱིན་ནས། །ཚེ་འདི་ཉིད་ལ་ཁྱབ་བདག་རྡོ་རྗེ་འཆང་། །སྐུ་བཞི་ཡེ་ཤེས་ལྔ་ལྡན་མྱུར་ཐོབ་ཤོག །དེ་མ་ཐོབ་ཀྱི་སྐྱེ་བ་ཐམས་ཅད་དུ། །རིགས་བཟང་བློ་ལྡན་སྙིང་རྗེ་ཆེ་བ་དང་། །ང་རྒྱལ་མེད་ཅིང་བླ་མ་ལ་གུས་པས། །རྡོ་རྗེ་ཐེག་པའི་ལམ་བཟང་བདེར་བགྲོད་ཤོག །མགོ་བོར་བླ་མའི་ཅོད་པན་མི་འབྲལ་ཅིང་། །ལག་ཏུ་རྡོ་རྗེ་དྲིལ་བུ་ཡང་དག་འཆང་། །ངག་གིས་གསང་སྔགས་རྒྱལ་པོ་བཟླ་བ་དང་། །ཡིད་ཀྱིས་ཟུང་འཇུག་མངོན་པར་སྒོམ་པར་ཤོག །ཐུན་མོང་ཁྱད་པར་དབང་གིས་རྒྱུད་སྨིན་ཅིང་། །དམ་ཚིག་སྡོམ་དང་བརྟུལ་ཞུགས་ལམ་ཀུན་གྱི། །རྩ་བར་ཤེས་ནས་སྲོག་བཞིན་


LT39_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ནུས་ཤིང་། །རྨི་ལམ་དུ་ཡང་ཉམས་པ་མི་བྱེད་ཤོག །བླ་མེད་རྡོ་རྗེ་ཐེག་པའི་ལམ་བཟང་འདི། །སྣ་ཚོགས་ཐབས་ཀྱིས་ཕྱོགས་བཅུའི་ཞིང་དུ་སྤེལ། །ལུས་ཅན་མཐའ་དག་ལམ་མཆོག་འདི་ཉིད་ཀྱིས། །སངས་རྒྱས་ས་ལ་བདེ་བླག་འགོད་ནུས་ཤོག །བྱ་བྱེད་འཁོར་གསུམ་རང་བཞིན་མི་དམིགས་ཀྱང་། །འཛིན་རྟོག་ཟད་ཕྱིར་དག་ཚངས་ཕུལ་བའི་དགེས། །སྒྲིབ་གཉིས་ངོ་བོ་གདོད་ནས་རྣམ་དག་པའི། །གནས་ལུགས་མངོན་གྱུར་ཕྱག་རྒྱ་ཆེ་ཐོབ་ཤོག །བདག་གཞན་དུས་གསུམ་དགེ་བ་ཅི་སྤྱད་པས། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་སྣོད་གྱུར་ཏེ། །ཀུན་ཀྱང་རྡོ་རྗེ་འཛིན་པ་མྱུར་ཐོབ་ཤོག །སྐྱེ་བ་ཀུན་ཏུ་རིགས་བདག་མི་འཆོལ་ཞིང་། །བཅོམ་ལྡན་དྲག་པོའི་དཀྱིལ་འཁོར་འཛིན་བཞིན་ཏུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང་། །བྱང་ཆུབ་སྙིང་པོར་སྲིད་པ་དག་བྱེད་ཤོག །ཅེས་པ་འདི་ནི་སྔར་བྱས་པའི་གསང་སྔགས་གསར་རྙིང་གི་དམ་ཚིག་ཉེས་བཤགས་ཀུན་བཟང་ཁྲུས་ཆུ་ལས་གསར་མ་ཁོ་ན་ཁོལ་ཕྱུང་དུ་ཀློག་པའི་སྐབས་ཀྱི་མཇུག་མཐུད་དུ། བླ་མ་རྡོ་རྗེ་འཆང་གི་བཀའ་བཞིན་བློ་གྲོས་མཐའ་ཡས་ཀྱིས་སྤེལ་བ་དགེ་ལེགས་འཕེལ།། ༈ །།གདོད་མའི་མགོན་པོའི་ཆོས་ཉིད་རང་བྱུང་སྒྲས། །


LT39_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནང་པ་ཐབས་ཀྱི་ཐེག་པ་ཐུན་མོང་དུ། །འདའ་དཀའ་རྡོ་རྗེའི་ཐ་ཚིག་གཉན་པོ་ནི། །ཐུན་མོང་སྤྱི་ཡི་དམ་ཚིག་སོ་བྱང་དང་། །ཕྱི་རྒྱུད་སྡེ་གསུམ་སྡོམ་པའི་བསྲུང་མཚམས་ལས། །འགལ་ཞིང་ཉམས་པར་གྱུར་པ་མཐོལ་ལོ་བཤགས། །ཁྱད་པར་རྩ་བ་སྐུ་གསུང་ཐུགས་གསུམ་ལས། །སྤྱི་ཡི་བླ་མ་བསྟན་པའི་སྒྲོན་མེ་ལ། །རྗེ་དཔོན་བཞིན་ཏུ་མ་བཀུར་ཡལ་བར་དོར། །བསྟན་སྒོར་བཅུག་པའི་འདྲེན་པའི་བླ་མ་ནི། །ཕ་ཁུ་བཞིན་ཏུ་བཀུར་སྟིས་མཉེས་མ་བྱས། །རྒྱུད་ལུང་དོན་བཤད་ཤེས་རབ་རྒྱུད་སྤེལ་ལ། །རང་གི་ལུས་བཞིན་གཅེས་པར་མ་བཙས་ཤིང་། །དབང་བཞིའི་ཆུ་བོ་རྫོགས་མཛད་བླ་མ་ནི། །མིག་དང་སྙིང་ལྟར་མ་གཅེས་ཐུགས་དང་འགལ། །རང་རིག་དོན་སྟོན་མན་ངག་སློབ་དཔོན་ནི། །སྲོག་གི་དྭངས་མར་མ་བལྟས་ནོངས་པ་ཤོར། །ཉམས་ཆགས་སྐོང་མཛད་འཁོར་བའི་གནས་འདྲིན་ལ། །མ་ལྟར་གཅེས་བས་མཉེས་པ་མ་བསྒྲུབ་ཤིང་། །སློབ་དཔོན་དྲུག་གི་བཀའ་བཞིན་མ་བགྱིས་སོགས། །བླ་མའི་དམ་ལས་འགལ་རྣམས་མཐོལ་ལོ་བཤགས། །སེམས་ཅན་སངས་རྒྱས་རྒྱུར་གནས་སྤྱི་ཡི་མཆེད། །སངས་རྒྱས་བསྟན་པའི་སྒོར་ཞུགས་རིང་བའི་མཆེད། །གསང་སྔགས་ལྟ་སྤྱོད་མཐུན་པ་ཉེ་བའི་


LT39_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད། །སློབ་དཔོན་ལྷ་དང་དཀྱིལ་འཁོར་གཅིག་གིས་བསྡུས། །འདྲེས་པའི་མཆེད་བཞི་ཡི་དམ་རང་བཞིན་ཏུ། །མ་ཤེས་ཐུགས་འགལ་བགྱིས་པ་མཐོལ་ལོ༴ །ལུས་ཀྱིས་རྡེག་འཚོགས་དཀོར་དང་སྐུ་ཆས་སྤྱོད། །ངག་གིས་རྫུན་དང་ངག་འཁྱལ་ཚིག་རྩུབ་ཤོར། །ཡིད་ཀྱིས་མ་དད་ལོག་ལྟ་ཆགས་སྡང་དང་། །སྒོ་གསུམ་སྤྱོད་པས་བླ་མ་མཆེད་ལྕམ་གྱི། །ཐུགས་དང་འགལ་བས་སྐུ་ཡི་དམ་ཚིག་ཉམས། །ཚེ་འདིར་ཚེ་ཐུང་ནད་མང་མཛེ་ཡིས་ཟིན། །ཕྱི་མར་ན་རག་སྡུག་བསྔལ་མྱོང་འགྱུར་བ། །གང་མཆིས་ཐམས་ཅད་འགྱོད་པས་མཐོལ༴ །སྣོད་བཅུད་ལྷ་ཡི་འཁོར་ལོར་བསྒོམ་མ་ནུས། །སྒྲ་གྲགས་རྩ་རླུང་སྔགས་སུ་མ་ཤེས་ཤིང་། །ཐིག་ལེ་བདེ་ཆེན་རང་རིག་འོད་གསལ་དུ། །མ་རྟོགས་སྒོམ་སྒྲུབ་དམ་དུ་བཅས་ལས་ཉམས། །ཚོགས་གཏོར་ཕྱག་རྒྱ་རྡོ་རྗེའི་གླུ་གར་སོགས། །དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས། །རྩ་བ་རྒྱུ་དང་བསྐྱེད་པ་རྐྱེན་གྱི་སྔགས། །བཟླ་བ་ལས་རྣམས་མ་ཕྱེད་སྔགས་སལ་ཞུགས། །ཆོས་ཀྱི་ཕྱག་རྒྱ་སྙིང་པོ་མ་གསལ་ཞིང་། །དམ་ཚིག་ཕྱག་རྒྱ་མཚན་མ་ནོར་བ་དང་། །ལས་ཀྱི་ཕྱག་རྒྱ་འཆིང་གྲོལ་བྱེད་ལས་གཡེལ། །རང་ཉིད་ལྷ་སྐུ་ཕྱག་རྒྱ་ཆེར་མ་བསྒོམས། །སྔགས་དང་ཕྱག་རྒྱ་


LT39_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཆུ་བོའི་རྒྱུན། །འབྲིང་གི་ཟླ་རེར་ཐ་མས་ལོ་ཟླ་ཡི། །དུས་ལས་འདས་པས་གསུང་གི་དམ་ཚིག་ཉམས། །ཚེ་འདིར་འདོད་པའི་དོན་རྣམས་མི་འགྲུབ་ཅིང་། །ཕྱི་མར་མནར་མེད་གནས་སུ་ལྟུང་འགྱུར་བ། །གང་བགྱིས་ཐམས་ཅད་འགྱོད་པས་མཐོལ་ལོ་བཤགས། །རྡོ་རྗེ་སློབ་དཔོན་གསང་མཚན་འཆོལ་བར་བསྒྲགས། །ལྟ་བ་ཟབ་མོ་སྤྱོད་པ་བརླངས་པོ་དང་། །ཡི་དམ་ལྷ་ཡི་མཚན་དང་གྲུབ་པའི་རྟགས། །སྤྱི་གསང་བཞི་པོ་སྣོད་མ་ཡིན་ལ་བཤད། །སྒྲུབ་པའི་གནས་དང་མཚན་ལྡན་ཕྱག་རྒྱའི་གྲོགས། །གསང་བའི་རྫས་མཆོག་སྒྲུབ་དུས་བར་གསང་བཞི། །བློ་ཆུང་དམ་ཉམས་རྣམས་ལ་ལྷུག་པར་བཤད། །སློབ་དཔོན་མཆེད་ལྕམ་རང་གི་སྒྲུབ་པའི་རྫས། །ལྟ་སྤྱོད་ཟབ་མོ་གསང་བར་འོས་པ་དང་། །བླ་མ་མཆེད་ཀྱིས་གསང་བར་གཉེར་གཏད་པ། །ཐེག་དམན་སོགས་ལ་ཟུར་ཙམ་བཤད་པ་དང་། །རྟག་ཆད་མཚན་འཛིན་བདག་ཏུ་ལྟ་བ་ཡིས། །ལྷག་པའི་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་། །བྲལ་བའི་གནས་ལུགས་མ་རྟོགས་དོན་དམ་བསྒྲུབས། །དེ་ཉིད་སྤང་ཐོབ་མེད་པར་མངོན་གྱུར་པའི། །འབྲས་བུ་ལ་དམིགས་སྨོན་དང་རང་གནས་ཀྱི། །ཡེ་ཤེས་རྗེས་མཐུན་སྒོ་གསུམ་སྤྱོད་ཡུལ་བཅས། །ཁྱེར་


LT39_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གསུམ་གྱིས་འཇུག་སེམས་བསྒྲུབས་མ་ནུས། །རང་ཉིད་གཅེས་འཛིན་སྙིང་རྗེས་འགྲོ་བའི་དོན། །མ་བགྱིས་ཀུན་རྫོབ་བྱང་སེམས་སྤང་རྣམས་ཀྱིས། །ཐུགས་ཀྱི་དམ་ཚིག་ཚེ་འདིར་སྨྱོ་འབོགས་ཐེབས། །ཕྱི་མར་རྡོ་རྗེའི་དམྱལ་བར་ལྟུང་འགྱུར་བ། །གང་བགྱིས་ཐམས་ཅད་འགྱོད་པས་མཐོལ་ལོ་བཤགས། །ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ལས། །ཤེས་བྱ་ལྟ་བ་བསྒྲུབ་བྱ་སྒོམ་པ་སྟེ། །སྤྱོད་པའི་དམ་ཚིག་གཙོ་བོར་གྱུར་པ་ཡི། །སྤྱད་དང་མི་སྤང་དང་དུ་བླང་བ་གསུམ། །མཉམ་གཞག་ངེས་དོན་རྗེས་ཐོབ་དུས་ཚོད་དང་། །འབྲེལ་པས་སྒྲ་བཞིན་མ་སྤྱད་མཐོལ༴། ཕུང་པོ་ཡབ་ལྔ་འབྱུང་བ་ཡུམ་ཆེན་ལྔ། །དབང་ཤེས་སེམས་དཔའ་ཡུལ་རྣམས་སེམས་མ་སྟེ། །དབྱིབས་དང་ཁ་དོག་རིགས་ལྔ་ཡེ་ཤེས་ལྔར། །མ་རྟོགས་དབང་གིས་ཐ་མལ་རང་གར་བཟུང་། །ཤེས་བྱ་ལྔ་པོ་མ་ཤེས་མཐོལ་ལོ༔ །རྟོག་ཚོགས་ལྔ་ཚན་སྐུ་དང་ཡེ་ཤེས་སུ། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །ངོ་བོ་རོ་གཅིག་རྣམ་པ་མ་འདྲེས་པས། །བསྒྲུབ་བྱ་ལྔ་པོ་མ་བསྒྲུབ་མཐོལ་ལོ༴ །སྦྱོར་བར་འཛེམ་དང་སྲེད་ཕས་འཇོལ་ཉོག་སྤྱད། །བསྒྲལ་འོས་བོར་ནས་མི་འོས་རང་དོན་བསྒྲལ། །མཆོད་སྦྱིན་དོན་མིན་འདོད་པས་མ་བྱིན་བླངས། །གསང་བ་བསྲུང་ཕྱིར་བརྫུན་


LT39_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྨྲ་མ་ནུས། །ཉེས་པར་སྤྱོད་ལ་ཚིག་རྩུབ་ཀྱིས་མ་ཟློག །སྤྱད་བྱ་ལྔ་དང་འགལ་བ་མཐོལ༴ །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་རང་གར་སྤྱད་པས་འཁོར་བར་འཁྱམས། །ཐབས་ཀྱིས་ཟིན་ན་རྣམ་པར་གྲོལ་བའི་ལམ། །མི་སྤངས་ལྔ་པོ་སྤངས་པ་མཐོལ་ལོ་བཤགས། །དྲི་ཆེན་དྲི་ཆུ་མཱཾ་ས་རཀྟ་དང་། །བྱང་ཆུབ་སེམས་རྣམས་ཆོས་ཉིད་རང་བཞིན་དང་། །ངོ་བོ་མཐུ་བྱིན་སྟོབས་ཀྱིས་སྒྲུབ་པའི་རྫས། །ཁྱད་པར་ཅན་ཏུ་མ་རྟོགས་གཙང་སྨེར་བཟུང་། །དང་དུ་བླང་ལྔ་མ་བསྟེན་མཐོལ་ལོ༴ །སྒྲུབ་པ་གཙོར་གྱུར་ལྷག་པའི་དམ་ཚིག་ནི། །སློབ་དཔོན་ལ་འཁུ་བཀའ་ལ་རས་ཆོད་བགྱིས། །བརྙས་པའི་སེམས་ཀྱིས་གཙུག་ཏུ་མ་བཀུར་ཅིང་། །གསང་བའི་ཡུམ་བསླད་རྣལ་འབྱོར་དཀྱིལ་འཁོར་དཀྲུགས། །དང་ལྡན་བསྒོམ་བཟླས་ཏིང་འཛིན་ཚོགས་བཅག་ཅིང་། །དཀོན་མཆོག་སྐུ་གླུད་དཀོར་དང་དད་ཟས་ཟོས། །རང་གཞན་མཚམས་བཀྲལ་མཚན་ཉིད་མི་ལྡན་པའི། །རིག་མ་ཐོད་ངན་ལ་སོགས་དམ་རྫས་བསྟེན། །བསྟན་པའི་དགྲ་དང་སྐྱེ་བོའི་སྔགས་ཟློག་བྱས། །མཁས་པའི་ཡོན་ཏན་ལ་སྨོད་བག་མེད་མྱོས། །སྣོད་མིན་གསང་བསྒྲགས་གཞན་གྱི་ལྷག་མ་སྤྱད། །སྣོད་མ་བརྟགས་


LT39_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབང་དང་གདམས་ངག་བྱིན། །མཚན་ལྡན་གཟུངས་མ་སྣོད་ལྡན་སློབ་མ་ཕུང་། །དོན་དམ་བདེ་སྟོང་རྟགས་ཀྱི་ཡབ་ཡུམ་འབྲལ། །མཆེད་ཀྱི་ཡུམ་སྤྱད་ནང་འཁྲུགས་གསང་བ་བསྒྲགས། །བྱིང་རྒོད་དབང་བཏང་བླ་མའི་གདན་སར་རློམས། །བཟླས་པ་ཆོ་ག་མི་ཚིག་བར་དུ་བཅད། །དབང་རྟགས་རྒྱ་ལས་འདའ་ཞིང་བརྡ་རྣམས་བརྗེད། །ཉམས་པ་སྐོང་ཞིང་ཉམས་དང་ཚོགས་འདྲེས་ཤིང་། །ཟབ་མོར་ལོག་པར་བལྟས་སོགས་མཐོལ་ལོ༔ །ཐེག་པ་འོག་མའི་བསླབ་གཞི་མཐའ་དག་ལས། །ཆེ་བ་བདུན་སོགས་ཡོན་ཏན་ཁྱད་འཕགས་པ། །རྩ་བ་ལྔ་དང་ཡན་ལག་བཅུ་ཕྲག་ལ། །ཐབས་ཤེས་དབྱེ་བས་སུམ་བརྒྱ་དྲུག་ཅུ་དང་། །དེ་ལས་འགྲོ་བའི་རྟོག་ཚོགས་ཇི་སྙེད་པ། །དེ་སྙེད་གཉེན་པོར་ས་མ་ཡ་འབུམ་སྡེར། །གཟུ་ལུམ་རས་ཆོད་ཚོད་ཡོད་དབང་གྱུར་པས། །བསྟེན་གོམས་ཕྱོགས་ཙམ་མ་བགྱིས་མཐོལ་ལོ༴ །གལ་མདོ་ངེས་པའི་དམ་ཚིག་བཞི་དང་ནི། །ཐུན་མོང་ཉེར་བརྒྱད་ལྷག་པའི་དམ་ཚིག་བཞི། །བརྟུལ་ཞུགས་ཉེར་གསུམ་སྒྲུབ་པའི་ཉི་ཤུ་པོ། །སྤྱོད་ལམ་རྒྱུན་བཞི་བདུད་ལྔ་སྤོང་བ་དང་། །དགྲ་གཞི་གཞོམ་ཞིང་ལྟ་བའི་དམ་ཚིག་སྟེ། །ཨ་ནུ་སྤྱི་ཡི་དམ་ཚིག་རྣམ་གྲངས་དགུ། །མདོར་བསྡུས་བསྲུང་


LT39_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་པ་ཆོས་ཉིད་དང་། །ཡོད་པ་སྙིང་རྗེའི་དམ་ཚིག་གཉིས་པོ་ལས། །འགལ་ཉམས་ལྟུང་བར་གྱུར་ཀུན་མཐོལ། །སྐུ་གསུང་ཐུགས་ལ་ཕྱི་ནང་གསང་བ་དགུས། །དབྱེ་བས་ཉེར་བདུན་ཨ་ཏི་སྤྱིའི་དམ་ཚིག། མེད་པ་ཕྱལ་པ་ལྷུན་གྲུབ་གཅིག་པུ་སྟེ། །ཁྱད་པར་ཆེན་པོའི་དམ་ཚིག་ཚུལ་བཞིན་ཏུ། །ཉམས་སུ་མ་ལོན་ཉེས་ཀུན་མཐོལ་ལོ༔ །རྡོ་རྗེའི་ཡལ་གམ་ཐ་ཚིག་གཉན་པོ་རྣམས། །བླངས་འདས་ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས་པ་དང་། །ཉམས་པ་དང་འགྲོགས་ཟླ་ཡིས་ཉམས་པ་དང་། །གཞན་གྱི་ངོ་དགར་ཞར་བྱུང་ཉམས་པ་ཡིས། །བཀའ་ཆད་ཚེ་འདིར་མི་འདོད་སྣ་ཚོགས་འབྱུང་། །གློ་བུར་འཇིགས་པས་བསད་ནས་མནར་མེད་པའི། །དམྱལ་བར་ནམ་མཁའ་ཇི་སྲིད་དེ་སྲིད་དུ། །མི་བཟད་སྡུག་བསྔལ་མྱོང་བའི་རྒྱུ་བསགས་པ། །ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་ལོ༴ །ཆོས་ཀུན་གདོད་ནས་རྣམ་དག་ནམ་མཁའ་བཞིན། །ལྷུན་གྲུབ་འོད་གསལ་རིས་མེད་ཁྱབ་བརྡལ་ལ། །འཁྲུལ་རྟོག་བཅོས་མས་ཕྱོགས་དང་རིས་སུ་བཅད། །གནས་ལུགས་མ་རྟོགས་ཚིག་གི་ལྟ་བར་ཞེན། །བབ་ཅོལ་འཇོལ་ཉོག་སྤྱོད་པས་རང་རྒྱུད་བསྲེགས། །ཐར་ལམ་བྱང་ཆུབ་


LT39_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མྱུ་གུ་བསྐམས། །ཚེ་རབས་ཀུན་ཏུ་སྡུག་བསྔལ་རྒྱུར་གྱུར་རྣམས། །སྙིང་ནས་འགྱོད་པ་དྲག་པོས་མཐོལ༴ །མདོར་ན་གསང་སྔགས་གཉན་པོའི་སྒོར་ཞུགས་ནས། །གསང་བའི་དམ་ཚིག་ཚུལ་བཞིན་མནོས་པ་ལས། །མ་རིག་ལེ་ལོ་ཉོན་མོངས་དབང་གྱུར་ཏེ། །བླ་མའི་བཀའ་ལས་འདས་ཤིང་སྲི་ཞུ་ཆུང་། །མཆེད་ལྕམ་ཐུགས་སུན་དབྱུང་ཞིང་ལོག་ལྟ་ཤོར། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་ཏིང་འཛིན་གཡེལ། །མཁའ་འགྲོའི་གསང་བ་བསྒྲགས་ཤིང་ཚོགས་གཏོར་ཆག །དམ་ཅན་བསྟེན་མཆོད་མ་བགྱིས་ལས་སྦྱོར་ལོག །ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་སོགས། །ཚོར་དང་མ་ཚོར་ལུས་ངག་ཡིད་གསུམ་གྱིས། །རྩ་བ་ཡན་ལག་དམ་ལས་འགལ་བ་རྣམས། །གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་བགྱིད་ན། །བྱང་དག་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །བསྲུང་བྱ་སྲུང་བྱེད་སྲུང་བའི་སེམས་གསུམ་པོ། །གདོད་ནས་མི་དམིགས་ཆོས་དབྱིངས་དེ་བཞིན་ཉིད། །ཉམས་དང་ཉམས་པའི་འབྲས་བུ་གཟོད་མ་ནས། །མ་བྱུང་མ་སྐྱེས་ཀུན་བཟང་དགོངས་པའི་ཀློང་། །ཡེ་སྲུང་ཆེན་པོ་རང་རིག་འོད་གསལ་དང་། །ཉམས་ཆགས་རྟོག་སྒྲིབ་མ་སྤངས་རང་སར་དག །དངོས་གྲུབ་རྣམ་གཉིས་ཚེ་


LT39_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འགྲུབ་པར་ཤོག །བདག་གིས་འགྱོད་ཚངས་དྲི་མེད་བགྱིས་པའི་མཐུས། །ཕྱོགས་བཅུའི་ཞིང་ན་གསང་སྔགས་སྒོར་ཞུགས་པའི། །རྣལ་འབྱོར་ཀུན་གྱི་ཉམས་ཆགས་སོར་ཆུད་དེ། །རྡོ་རྗེའི་ས་ལམ་དཀའ་བ་མེད་པར་བགྲོད། །རང་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །མཐོང་བའི་ཆོས་ལ་བཀྲ་ཤིས་དཔལ་འབྱོར་རྒྱས། །རྩ་གསུམ་དམ་ཅན་དགྱེས་པས་བུ་བཞིན་དགོངས། །བསམ་པའི་དོན་ཀུན་ཆོས་བཞིན་འབད་མེད་འགྲུབ། །རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་ཆོས་འཕེལ་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེ་དགུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །ཅེས་པ་གསང་སྔགས་གསར་རྙིང་གི་རྒྱུད་ལུང་ཐ་དད་ཀྱི་དགོངས་དོན་རྡོ་རྗེ་ཐེག་པའི་དམ་ཚིག་ཉེས་ལྟུང་བཤགས་པའི་ཚིགས་བཅད་བསྡམས་སུ་བསྡུས་པ་འདི་ནི། ཁྱབ་བདག་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་རིང་མོ་ནས་རྗེས་གནང་དམིགས་སུ་སྩལ་པ་དང་། ཉེ་ཆར་རིགས་ལྡན་རྣལ་འབྱོར་མ་རག་ཤུལ་སྐྱིད་ལུ་ནས་རིན་ཆེན་གཉིས་པའི་མེ་ཏོག་དང་བཅས་ཆེད་དུ་བསྐུལ་ངོར། དུས་ཞབས་ཀྱི་རྣལ་འབྱོར་ཙམ་པོ་བ་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།། །།


previousགསང་སྔགས་གསར་རྙིང་གི་རིང་ལུགས་དང་འབྲེལ་པ་རྡོ་རྗེ་ཐེག་པའི་དམ་ཚིག་གི་ཉེས་ལྟུང་བཤགས་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།next