Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
གནས་ཆེན་བྱིན་འབེབས་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགནས་ཆེན་བྱིན་འབེབས་ཟིན་བྲིས།next

གནས་ཆེན་བྱིན་འབེབས་ཟིན་བྲིས།


LT39_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཆེན་བྱིན་འབེབས་ཟིན་བྲིས་བཞུགས་སོ། །ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྙིང་བྱང་ལེའུ་བཅུ་གཅིག་པའི་ཁྱད་པར་འཕགས་པའི་རིག་འཛིན་གྱི་ལས་ཚོགས་གནས་ཆེན་བྱིན་འབེབས་བྱེད་པ་ལ། སློབ་དཔོན་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་ཁྱད་པར་འཕགས་པའི་རིག་འཛིན་གཉིས་ཀའི་བསྙེན་པ་ཐེམས་པ། དེ་ཙམ་མ་བྱུང་ཡང་ཐུགས་སྒྲུབ་རྩ་བསྙེན་ཐེམས་པ། ཐ་ན་ཡང་བླ་སྒྲུབ་གང་རུང་གི་བསྙེན་པ་ཐེམས་པ་ཞིག་ངེས་པར་དགོས། །བཅའ་གཞི་རྒྱས་པ་ཐོག་མར་ས་སློང་དང་ས་རྒོད་ཡིན་ན་ལྟོ་འཕྱེ་བརྟག་པ་སོགས་གཞུང་གཞན་དང་མཐུན་པར་ཟིན་ནས། ཉམས་གྲིབ་སྦྱང་ཕྱིར་བདག་ཉིད་དབང་དྲག་འབར་བ་གང་རུང་གི་ང་རྒྱལ་དང་ལྡན་པས་བགེགས་བསྐྲད་ཅིང་། ལས་ཀྱི་བུམ་པར་སྨེ་བརྩེགས་བསྐྱེད་བཟླས་ནུས་ལྡན་གྱི་ཆུས་གནས་དང་ཁང་པ་སོགས་ལ་ཁྲུས་གསོལ་ཞིང་། སྨེ་བརྩེགས་ཀྱི་སྦྱིན་བསྲེག་གམ་ཞི་བའི་སྦྱིན་བསྲེག་གང་རུང་བཅས་གྲུབ་ནས། ཕོ་བྲང་རྒྱ་ཁྱོན་འདམ་གང་ལས་མི་ཆུང་བར་ཤིང་ངམ་ས་རྡོས་བརྩེགས་ཤིང་། དེ་ཡང་གྲུ་བཞི་སྒོ་བཞི་ལྕོགས་དང་ལྡན་པ་ཤིན་ཏུ་མཛེས་བརྡིད་ལྡན་པ་བརླན་དང་ཆུ་ཆར་གྱིས་མི་འཇིགས་པའི་བཅའ་ག་ལེགས་པར་འདུ་བྱས་ཟིན་པའི་ནང་དུ་ཐུགས་སྒྲུབ་རྩ་བའི་དཀྱིལ་འཁོར་མཚན་ཉིད་རྫོགས་པ་ལྷ་གནས་


LT39_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་རྡོ་ལེབ་ལ་བརྐོ་བའམ་ཤིང་ལ་རི་མོ་རས་བྲིས་གང་རུང་མདོར་ན་ཆུད་ཟོས་མི་འགྲོ་ངེས་པ་ཚུལ་བཞིན་བྲི་ནས། ཚོན་བཏང་ང་བཅས་དྭང་བ་འདྲེན་པ་དང་། ལྷ་གནས་རྣམས་སུ་གཏེར་བུམ་ར་བ་རིན་པོ་ཆེ་ཐ་ན་རྫ་བུམ་བྲེ་གོང་ཤོང་བ་ཡན་ཆད་དཀྱིལ་འཁོར་དང་མཚམས་པ། གཙོ་བོ་སྐུ་གསུམ་གྱི་བུམ་པ་ཆེ་ཆུང་འཁོར་ལས་ཉིས་འགྱུར་ཙམ་ཆེ་བ་བཅས་ཁྱོན་བཅུ་བདུན་འདུ་བྱས་པའི་ཤར་དུ་ཛཧ། ལྷོར་ཙ་རི། ནུབ་ཏུ་ཧྲཱི་ནི། བྱང་དུ་ས་ཡ་བཅས་བྲི་བ་གཞུག་ཅིང་། སྔགས་བྱུང་རང་རང་གི་རྩ་སྔགས་ཤམ་བུ་བཅས་དང་། །རྟེན་སྙིང་བརྟན་བཞུགས་གང་འོས། །བསྟན་འགྲོར་དགེ་བའི་འདོད་གསོལ་བཅས་དང་། །བཀྲ་ཤིས་ཚིགས་བཅད་བཅས་བྲི་ནས་དྲིལ་ཏེ་གཞུག །གཙོ་བོ་གསུམ་གཙོ་བུམ་ནང་དུ་བཞུགས་ཚུལ་གོ་རིམ་ལྟར་ཕྱོགས་གཅིག་ཏུ་གཞུག །ཞབས་སྡོམ་སོགས་སྤྱི་ལྟར་དང་། སོ་སོའི་གཏེར་བུམ་ནང་དུ་མ་འཆོལ་བར་གཞུག་ཅིང་། །གསིང་རྣམས་སུ་རིང་བསྲེལ་རྣམ་བཞི་འབྲུ་སྨན་དར་ཟབ་སོགས་ཀྱིས་བཀང་སྟེ་འཇིམ་གཙང་མས་ཁ་བ་སྡོམ་ཞིང་། རས་དཀར་དྲི་མེད་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་འགེབ་བཅས་འདུ་བྱ། འབུར་སྐུ་མ་གྲུབ་ན་རས་བྲིས་ཚད་ལྡན་རྒྱབ་ཀྱི་ཐུགས་ཀའི་ཐད་དུ་ཕྱག་མཚན་ས་བོན་གྱིས་མཚན་པ་དང་སོ་སོའི་སྙིང་པོ་ཤམ་བུ་ཅན་རྟེན་སྙིང་འདོད་གསོལ་ཤིས་བརྗོད་བཅས་བྲི་ཞིང་དེ་ཉིད་ཤིང་བྱང་ལ་


LT39_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞི་ནས་མཛེར་ཞིང་དབུ་ཞབས་མ་ལོགས་པ་གཏེར་བུམ་གྱི་ནང་དུ་སོ་སོར་བ་ཞུག་པ་སོགས་གོང་ལྟར་གྲུབ་རྗེས་ལས་གཞུང་བསྲང་ཞིང་སྦྱངས་ཁྲུས་རབ་གནས་མདོར་བསྡུས་བཅས་བཏང་བ་དང་འབྲིང་པོ་ནི། ལྷ་གནས་མཚོན་པའི་གདན་པད་འདབ་བཞི་དེ་རྒྱབ་རིན་པོ་ཆེ་ཟུར་བརྒྱད་ཕྱི་རིམ་མུ་ཁྱུད་བཅས་དང་གཏེར་བུམ་བཅའ་སྒྲུབ་རྒྱས་པ་ལྟར་དགོས་ཤིང་། བསྡུས་པ་ནི། བུམ་པ་གཅིག་གི་ནང་དུ་སྔགས་བྱང་རྣམས་ལྷ་གནས་སོ་སོར་མ་འཛོལ་བར་བཞུགས་ཤིང་། ཤིན་ཏུ་བསྡུ་ན། གཏེར་བུམ་གཅིག་གི་ནང་དུ་ཐུགས་སྒྲུབ་རྩ་འཁོར་ལ་འདིའི་ཤམ་བུར་སྦྱར་བ་ལ་གང་ལྟར་ཡང་རིང་བསྲེལ་རྣམ་བཞིས་ཕྱུར་བུར་བཀང་བ་སོགས་རྒྱས་པའི་དུས་ལྟར་བཅའ་སྒྲུབ་ཚད་ལྡན་གྲུབ་པ་དང་། རྒྱས་འབྲིང་བསྡུས་པ་རྣམས་ལ་སྒོ་བཞིར་རྒྱལ་ཆེན་སྡེ་བཞི་སྤྱི་ལྟར་གྱིས་འབུར་སྐུའམ་སྒོ་བཞིའི་ཕྱི་ངོས་སུ་སྐུ་བྲི་ཞིང་ནང་ངོས་སྙིང་པོ་འདོད་གསོལ་བཅས་བྲི་བ་དང་། ཤིན་ཏུ་བསྡུས་པའི་སྐབས་གཏེར་བུམ་གྱི་ཕྱི་ངོས་ཕྱོགས་བཞིར་རྒྱལ་ཆེན་སྐུའམ་སྙིང་པོ་གང་རུང་བྲིས་པས་འཐུས། ཕོ་བྲང་གི་རྩེར་གདུགས་དང་ཕྱོགས་མཚམས་སུ་དར་འཕན་རྒྱལ་མཚན་བཅས་འཛུགས་ནས། ར་བ་བཞིའི་ཡར་ཚེས་བཅུའམ་གཟའ་ཚེས་དགེ་བའི་ཉིན་ལ། རྡོ་རྗེ་སློབ་དཔོན་གྱིས་གཏེར་བུམ་རྣམས་


LT39_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ་གནས་སོ་སོར་མ་འཆོལ་བར་བཞུགས་སུ་གསོལ་ཞིང་། །མཐའ་སྐོར་དུ་ཕྱི་ནང་མཆོད་པས་མཚོན། སྲིད་པའི་འདོད་ཡོན་དངོས་དང་རི་མོར་བྲིས་པ་ཡན་འབྱོར་ཚོགས་ཀྱིས་དཔུང་བསྐྱེད་ནས་བཤམ། དེ་ནས་རྡོ་རྗེ་སློབ་དཔོན་འདུས་པའི་ཚོགས་ཀྱིས་ཐུགས་སྒྲུབ་ལས་བྱང་རྒྱས་འབྲིང་གང་རུང་གཞུང་བསྲང་ལ་བདག་མདུན་དབྱེར་མེད་དུ་བསྒྲུབ་ཅིང་ཛབ་ཁང་དབྱེ་ནས་བཟླས་པ་ཇི་ལྟར་རིགས་པ་གྲུབ་རྗེས། མཆོད་བསྟོད་དང་ཛབ་ཁང་མི་བསྡུ་བར་རྟེན་དང་དབྱེར་མེད་དུ་མོས་ཏེ་ཐུན་མཚམས་སུ་བཀའ་ནན་རབ་བརྗིད་རྒྱས་བསྡུས་གང་ལྕོགས་བཏང་ཞིང་དེ་ནས་བྱིན་འབེབས་རྒྱས་པ་གང་རིགས་དང་ཚོགས་ཀྱི་མཆོད་པ་མ་མཐའ་བརྒྱ་རྩ་སོགས་གང་འགྲུབ་ཕུལ་བ་དང་། དེ་སྐབས་སྒྲུབ་གྲོགས་གཞན་ནས་གསེར་སྐྱེམས་བསང་མཆོད་སྡེ་བརྒྱད་ཁེང་མདོས་སོགས་གཞུང་ནས་གསུང་ཚོད་ལྟར་བསྒྲུབ་པ་དང་། རྒྱས་པར་འགོང་བོ་ཨར་གཏད་བཅས་གྲུབ་ན་བཅའ་ཆོག་ཚད་ལྡན་སྒྲུབ་པ་བཅས་མདོར་ན་རྒྱས་པར་སྒྲུབ་མཆོད་ཉིན་ལྔ་ཙམ་དང་བསྡུ་ན་ཉིན་རྫོགས་ཀྱིས་བསྡུ་རིམ་སྐབས་བརྟན་བཞུགས་དང་ཤིས་བརྗོད་རྒྱས་པ་བཏང་ཞིང་། ཤིན་ཏུ་བསྡུས་པ་ལའང་བགེགས་བསྐྲད་སྲུང་འཁོར་ཁྲུས་གསོལ་གསོར་སྐྱེམས་སྔོན་དུ་འགྲོ་བའི་ལས་གཞུང་བསྲང་བ་དང་། བཟླས་པ་བྱིན་འབེབས་ཚོགས་མཆོད་


LT39_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གང་མང་ཕུལ་ཏེ། མཐའ་བསྡུ་བརྟན་བཞུགས་ཤིས་བརྗོད་བཅས་གྲུབ་པ་ནི་གལ་ཆེ་ཞིང་གང་ལྟར་ཡང་མཐར་ཕྱོགས་བཞིའི་སྒོ་བསྡམས་ཏེ་རྒྱལ་ཆེན་རྣམས་ཞལ་ཕྱིར་གཟིགས་ནས་བཀོད་ཏེ། བསང་སྦྱང་དང་བསྐྱེད་ཆོག་སྤྱན་འདྲེན་མཆོད་བསྟོད་འདོད་གསོལ་བཅས་གཞུང་ལས་འབྱུང་བ་ལྟར་བཏང་སྟེ་སྒོ་སོ་སོ་རེ་རེ་ནས་བསྡམ་ཞིང་ཤིས་བརྗོད་བཅས་ཀྱང་ཅི་རིགས་བྱ། དེ་ལྟར་ཐུགས་སྒྲུབ་བར་ཆད་ཀུན་སེལ་དུ་མ་ཟད་ཡིད་བཞིན་ནོར་བུ་དང་། གཞན་བླ་མ་གསང་འདུས་ཐུགས་སྒྲུབ་ཡང་སྙིང་བསྡུས་པ། དཀོན་མཆོག་སྤྱི་འདུས་སོགས་བླ་སྒྲུབ་མཐའ་དག་ལྷ་སྔགས་བསྒྱུར་བ་ཙམ་མ་གཏོགས་སྦྱར་རུང་ཞིང་། དེ་ལྟར་ན་དཀྱིལ་འཁོར་ཡང་རང་རང་གི་གཞུང་ལྟར་དང་། ལྷ་གྲངས་མང་ཉུང་གིས་གཏེར་བུམ་ཡང་མང་ཉུང་ཅི་རིགས་པ་འབྱུང་ཞིང་། ལྷ་སྔགས་བྱང་དུ་བཀོད་ཚུལ་སོགས་ནི་རང་རང་གི་གཞུང་ལྟར་འཕྲུལ་ཤེས་པ་དགོས་སོ།། །།ཅེས་པའང་ཡོན་ཏན་རྒྱ་མཚོས་ཟིན་བྲིས་སུ་ཤྲཱི་དེ་ཝི་ཀོ་ཊིར་བགྱིས་པའོ།། །།


previousགནས་ཆེན་བྱིན་འབེབས་ཟིན་བྲིས།next