Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
བླ་མ་རྩ་གསུམ་གཙོར་གྱུར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསངས་མཆོད་ཞིང་ཁམས་ཀུན་ཁྱབ།
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབླ་མ་རྩ་གསུམ་གཙོར་གྱུར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསངས་མཆོད་ཞིང་ཁམས་ཀུན་ཁྱབ།next

བླ་མ་རྩ་གསུམ་གཙོར་གྱུར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསངས་མཆོད་ཞིང་ཁམས་ཀུན་ཁྱབ།


LT39_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྩ་གསུམ་གཙོར་གྱུར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསངས་མཆོད་ཞིང་ཁམས་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །


LT39_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡེ། རྩ་གསུམ་ཀུན་འདུས་ལས་འཕྲོ་གླིང་། །དབྱེར་མེད་བླ་མ་ལ་བཏུད་ནས། །བསོད་ནམས་ཐབས་ཀྱི་ཁྱད་པ་ནི། །ཕལ་པའི་ཡིད་ལ་འབབ་དེ་འཆད། །གཙང་དག་མཆོད་རྫས་ཅི་འབྱོར་དང་། །གསེར་སྐྱེམས་བཟང་ཤིང་དུད་པ་སོགས། །ལེགས་སྦྱར་གཙང་མའི་ཆབ་ཀྱིས་བྲན། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ལ། །རང་ཉིད་སྐད་ཅིག་གིས་དཀོན་མཆོག་སྤྱི་འདུས་པདྨ་འོད་འབར་གྱི་སྐུར་གྱུར། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས། དྷི་ཡིག་ལས་སྐྱེས་བའི་བདུག་པའི་ལྷ་མོ་སྔོན་མོ་ཕྱག་ནས་གཙང་བྱེད་ཀྱི་སྤྲིན་ཕུང་འཕྲོ་བའི་ཀློང་དུ་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་མཆོད་རྫས་ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་རྒྱ་མཚོའི་སྤྲིན་མཐའ་ཀླས་པས་ཞིང་ཁམས་ཀུན་ཏུ་ཁྱབ་པར་གྱུར། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱདྱནྣུ་ཏྤནྣ་ཏྭཱ་ཏྲ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་སྥ་ར་་ཁཾ། ཧྲཱིཿཔདྨ་རྣམ་པར་རོལ་པའི་ཞིང་། །བདེ་བ་ཅན་དང་པོ་ཏ་ལ། །རྔ་ཡབ་དཔལ་གྱི་རི་བོ་ནས། །སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །རྗེ་འབངས་རིག་འཛིན་གྲུབ་པའི་ཚོགས། །དད་མོས་གདུང་བས་སྤྱན་འདྲེན་ན། །ཡེ་ཤེས་ཐུགས་རྗེས་བརྩེར་དགོངས་ལ། །འདིར་གཤེགས་བསངས་ཀྱི་མཆོད་པ་བཞེས། །བླ་མ་དྲག་པོ་སྒྲུབ་སྡེ་བརྒྱད། །དམ་པ་རིགས་བརྒྱ་ཡི་དམ་ལྷ། །སེང་གེའི་གདོང་ཅན་མཁའ་འགྲོའི་ཚོགས། །


LT39_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཆོས་སྐྱོང་རྒྱ་མཚོ་དང་། །གཏེར་བདག་གཞི་བདག་ཡུལ་གྱི་ལྷ། །མཆོད་འོས་སྤྲུལ་འཁོར་བཅས་པ་རྣམས། །སྐད་ཅིག་གློག་འགྱུའི་རྫུ་འཕྲུལ་གྱིས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །གུས་པས་ཕྱག་འཚལ་ཉམས་ཆགས་བཤགས། །དངོས་འབྱོར་ཡིད་སྤྲུལ་དགྱེས་རྫས་དང་། །ཞི་བ་བསང་གི་མཆོད་པ་འབུལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཧྲཱིཿརིགས་མཆོག་མགོན་པོ་འོད་མི་འགྱུར། །སྣང་བ་མཐའ་ཡས་ཚེ་དཔག་མེད། །རིགས་ལྔ་རིགས་བཞི་ཕོ་ཉ་སོགས། །དངོས་གྲུབ་ཀུན་འདུས་ལྷ་ཚོགས་བསང་། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཡུམ་སྲས་བདེར་གཤེགས་ལྕམ་དྲལ་དང་། །ཐུབ་དྲུག་སངས་རྒྱས་སྒོ་སྲུང་སོགས། །ངན་སོང་རང་གྲོལ་ལྷ་ཚོགས་བསང་། །སྐུ་དང་ཞིང་ཁམས་སྤྲོ་བསྡུའི་གཞི། །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག །འགྲོ་བའི་མགོན་གྱུར་བདེ་བ་ཆེ། །བླ་མེད་དཀོན་མཆོག་སྤྱི་འདུས་བསངས། །དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་མ། །ཉང་བན་འཇའ་ཚོན་སྙིང་པོ་སོགས། །བརྒྱུད་པ་དྲུག་ལྡན་བྱིན་རླབས་གཏེར། །རིག་འཛིན་རྩ་བརྒྱུད་བླ་མ་བསངས། །སྙིང་རྗེས་ཞི་ལས་རབ་ཁྲོས་པ། །ཁྲོ་བོ་ཀུན་གྱི་རྗེ་བཙན་ཆེ། །འབར་བ་ཆེན་པོ་ཧེ་རུ་ཀ །ཆེ་མཆོག་དམར་ནག་མེ་ཕྲེང་བསངས། །འཁོར་འདས་དབང་སྒྱུར་


LT39_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་རྒྱལ། །རྒྱལ་བ་ཀུན་སྐྱོད་རྣལ་འབྱོར་མ། །ཁྱབ་བདག་གུ་རུ་ཡིད་བཞིན་ནོར། །རྩ་གསུམ་ཀུན་འདུས་ལྷ་ཚོགས་བསང་། །བདེར་གཤེགས་ཞི་བ་བཞི་བཅུ་གཉིས། །འབར་བ་ཁྲག་འཐུང་ལྔ་བཅུ་བརྒྱད། །དཔའ་བོ་མཁའ་འགྲོ་ཕུར་པའི་ལྷ། །ངེས་དོན་སྙིང་པོའི་དཀྱིལ་འཁོར་བསང་། །ཡེ་ཤེས་ཀློང་དགུའི་རོལ་པ་ལས། །ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལྷ། །ཕྱོགས་མཚམས་དབུས་དང་དགུར་བཞུགས་པ། །བདུན་བརྒྱ་ཉེར་ལྔ་འཁོར་བཅས་བསང་། །འཇིགས་རུང་དཔའ་མོ་སེང་གེའི་ཞལ། །སྐུ་གསུང་ཐུགས་སྤྲུལ་མཁའ་འགྲོ་མ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །རི་རབ་སོ་གཉིས་རྡུལ་མཉམ་བསངས། །མ་ནིང་ནག་པོ་དཔལ་འབར་མ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན། །གཙང་རིས་དཔལ་མགོན་བདུན་ཅུ་སོགས། །སྤྲུལ་འཁོར་གཡོག་དང་བཅས་པ་བསངས། །འཇིགས་བྱེད་ཆེན་པོ་སྒྲ་གཅན་འཛིན། །གཟའ་ཆེན་བརྒྱད་དང་གདོང་མོ་བཞི། །རྒྱུ་སྐར་ཉེར་བརྒྱད་ཕྱི་ནང་གསང་། །བཏགས་ཆགས་སྦས་པའི་སྡེ་བརྒྱད་བསང་། །གནམ་ས་ཕྱེད་ལ་དབང་སྒྱུར་ཞིང་། །གཏེར་ཁ་བྱེ་བའི་གཉེར་འཛིན་པ། །རྡོ་རྗེ་ལེགས་པ་མཆེད་ཟླ་དང་། །དགྱེས་སྡེ་བརྟན་མ་འཁོར་བཅས་བསང་། །ལྕམ་གཅིག་ཀོང་བཙུན་དེ་མོ་དང་། །དགེ་བསྙེན་མཐུ་སྟོབས་ཆེན་པོ་སོགས། །ཟབ་གཏེར་གཉེར་དུ་གཏད་པ་ཡི། །ཆོས་སྲུང་གཏེར་བདག་འཁོར་


LT39_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བསངས། །གནས་དང་གཞི་ཡི་བདག་པོ་སོགས། །དཀར་ཕྱོགས་སྐྱོང་མཛད་ལྷ་རྣམས་དང་། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་ས་བདག་འཁོར་བཅས་བསང་། །ཕྱི་སྣོད་པདྨ་འོད་ཀྱི་ཞིང་། །ནང་བཅུད་རྩ་གསུམ་འཁོར་ལོ་ཆེ། །སྣང་སྲིད་གཞིར་རྫོགས་ཕྱག་རྒྱའི་ལྷ། །ཡེ་ཤེས་རོལ་པའི་ཞལ་ཧོམ་དུ། །འཁོར་འདས་འདོད་ཡོན་བསྲེག་བྱའི་རྫས། །རང་བྱུང་བསང་གི་སྲེག་བླུགས་ནི། །དུས་བཞི་མཉམ་ཉིད་ཆེན་པོར་འབུལ། །ལས་དང་དངོས་གྲུབ་འགྲུབ་པར་མཛོད། །བདག་ཅག་མ་རིག་འཁྲུལ་དབང་གིས། །སྡོམ་པ་གསུམ་ལས་འགལ་ཞིང་ཉམས། །སྒོ་གསུམ་མི་དགེ་སྤྱོད་པའི་གྲིབ། །འདི་ཕྱིར་སྒྲིབ་པའི་བགེགས་གྱུར་རྣམས། །བདུད་རྩི་བསང་གི་རྟེན་འབྲེལ་ལ། །བརྟེན་ནས་ཞི་ཞིང་དག་པ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །ཡར་ངོའི་ཟླ་བཞིན་རྒྱས་པར་མཛོད། །སྣོད་བཅུད་རྒུད་པ་མ་ལུས་ཞི། །འཇིག་རྟེན་བདེ་ལེགས་དཔལ་གྱིས་འབྱོར། །འགྲོ་ཀུན་ཆོས་བཞིན་སྤྱོད་པ་དང་། །བསམ་དོན་འགྲུབ་པའི་དངོས་གྲུབ་སྩོལ། །འདི་ནས་ཉིང་མཚམས་སྦྱོར་མ་ཐག །རིག་འཛིན་མཁའ་འགྲོས་མདུན་ནས་སུས། །ཆོས་སྐྱོང་སྲུང་མས་རྒྱབ་ནས་སྐྱོར། །བླ་མ་སྐུ་གསུམ་ཞིང་དུ་དྲོངས། །དུད་པ་དབྱིངས་སུ་ཡལ་བ་ཡིས། །འཁྲུལ་རྟོག་ཀ་དག་གཞི་རུ་གྲོལ། །མེ་འོད་འཇའ་ཟེར་ཐིག་ལེ་བཀྲ། །སྣང་བཞིའི་


LT39_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གདངས་ཟད་སར་འཁྱོལ། །དྲི་ཞིམ་ངད་པས་ཀུན་ཁྱབ་ལྟར། །གཞན་དོན་རྩོལ་མེད་ལྷུན་གྱིས་གྲུབ། །ཀུན་བཟང་རྣམ་རོལ་གཙང་བྱེད་སྤྲིན། །འཁོར་འདས་ཞིང་ཁམས་ཡོངས་ལ་ཁྱབ། །མ་བཙལ་ལྷུན་གྱིས་རྫོགས་པ་ཡི། །ཐིག་ལེ་གཅིག་ཏུ་དྭངས་པར་ཤོག །རང་གི་གནས་སུ་སླར་གཤེགས་ལ། །དུས་སུ་དགྱེས་པས་འབྱོན་པ་དང་། །བཀྲ་ཤིས་ཉི་ཟླ་སྲིད་གསུམ་དུ། །ཁྱབ་ཅིང་རྟག་པའི་དགེ་ལེགས་སྩོལ། །འདི་ཡང་སྔོན་ལས་འཕྲོ་བཟང་པོས། །ཆོས་འདིར་སྙིང་ནས་དད་ཐོབ་ཅིང་། །ཆོས་དང་ལྡན་པས་ས་སྐྱོང་བ། །ཁྲི་འདུ་བེ་ཧུའི་གསུང་བསྐུལ་ངོར། །པདྨའི་རྗེས་འཇུག་རིག་པ་འཛིན། །པདྨ་གར་གྱི་དབང་ཕྱུག་གིས། །དེ་བཱི་ཀོ་ཊི་དཔལ་གྱི་གྲོང་། །ས་སྤྱོད་དགའ་བའི་ཚལ་དུ་བྲིས། །དགེ་ལེགས་འཕེལ།། ༈ །།དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲུང་མར་བཅས་པ་ལ་རྒྱུན་གྱི་བསངས་མཆོད་སྲེག་བླུགས་འབུལ་བའི་ཆོ་ག་བདེ་ཆེན་རོལ་པ་ཞེས་བྱ་བ་བཞུགས་སོ། །བླ་མ་དཔལ་ཆེན་ཆེ་བའི་མཆོག །སྙིང་གི་ཐིག་ལེར་བཀོད་ནས་འདིར། །ཕྱི་ཡི་སྲེག་བླུགས་བསང་མཆོད་དང་། །ཟུང་འབྲེལ་རྒྱུན་གྱི་རྣལ་འབྱོར་འཆད། །ལས་བཞི་ལྷུན་གྲུབ་བསང་ཁང་དུ། །ཞི་དང་རྒྱས་པའི་བུད་ཤིང་བཅེར། །ཕྱེ་མར་དཀར་མངར་འབྲུ་སྨན་དང་། །རྩ་བརྒྱད་སྟོང་སྦྱར་ལ་སོགས་པ། །ཕྱི་ནང་མཆོད་པ་ཅི་འབྱོར་བསྲེག །སྦྱོང་ཆས་བདུད་རྩིས་བྲན་བྱས་ཏེ། །རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ། །བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་གྱུར། རྃ་


LT39_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡྃ་ཁྃ། མཆོད་རྫས་ཀྱི་མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས་ནས་སྟོང་པར་གྱུར། །སྟོང་པའི་ངང་ལས། བསང་ཁང་ལས་བཞི་ལྷུན་གྲུབ་ཀྱི་ཐབ་ལུང་དུ། མེ་ལྕེ་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་ལྷའི་དཀྱིལ་འཁོར་རང་བྱུང་གསལ་རྫོགས་ཆེན་པོར་བཞུགས་པ་ལ་བསང་རྫས་རྣམས་ཡེ་ཤེས་ཀྱི་བདུད་རྩིར་ལྷུན་གྱིས་གྲུབ་པ་དང་། དུ་བ་བདུག་སྤོས་ཀྱི་ལྷ་མོ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པའི་མཆོད་པའི་སྤྲིན་ཆེན་པོ་སྤྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ། ལན་གསུམ། བྷྲཱུྃ་ཧཱུྃ། །རང་བྱུང་དུར་ཁྲོད་རོལ་པའི་ཐབ་ཁུང་དུ། །རང་སྣང་དཔལ་ཆེན་ཁྲག་འཐུང་འཁོར་ལོ་རྣམས། །གདོད་ནས་དམ་ཚིག་ཡེ་ཤེས་གཉིས་མེད་རྫོགས། །ཚོགས་དྲུག་ཡུལ་དུ་སྣང་བའི་དངོས་པོ་རྣམས། །བསང་དང་བསྲེག་བྱའི་རྫས་སུ་ལྷུན་གྱིས་གྲུབ། །སྐུ་དང་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །མ་འགགས་ཅིར་ཡང་སྟོན་པའི་ལྷ་ཚོགས་རྣམས། །ཕྱི་ལྟར་ཞི་བ་བསང་གི་མཆོད་པས་བསང་། །ནང་ལྟར་ཟག་མེད་བདུད་རྩིའི་བསྲེག་བླུགས་འབུལ། །གསང་བ་འོད་གསལ་ཐིག་ལེ་ཆེན་པོར་བསྐང་། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །པདྨ་ཐོད་ཕྲེང་བདེ་ཆེན་རྒྱལ་མོ་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་རྣམས་ཀྱིས། །ཞི་བ་བསང་མཆོད་བདུད་རྩིའི་བསྲེག་བླུགས་བཞེས། །ནད་གདོན་སྡིག་སྒྲིབ་འཇིགས་བརྒྱད་


LT39_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་མཛོད། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་ཡུམ། །དབྱིངས་ལས་ཡེ་ཤེས་འབར་བའི་སྐུར་བཞེངས་པ། །ཡང་གསང་བླ་མེད་དཀྱིལ་འཁོར་རྩ་བའི་ལྷས། །ཞི་བ་བསངས་མཆོད་བདུད་རྩིའི་བསྲེག་བླུགས་བཞེས། །ཚེ་བསོད་དཔལ་དང་འབྱོར་དྲུག་རྒྱས་པར་མཛོད། །སྟེང་འོག་ཕྱོགས་མཚམས་ཁྲོ་བཅུ་ཡབ་དང་ཡུམ། །སྤྲུལ་པ་ཁྲ་ཐབས་རང་རྟགས་མཆེ་གཤོག་ཅན། །ཕྱོགས་བཅུ་བདུད་འདུལ་ཁྲོ་བོའི་དཀྱིལ་འཁོར་རྣམས། །ཞི་བ་བསང་མཆོད༴། མོས་པ་རྣམས་བཞིས་དབང་དུ་སྡུད་པར་མཛོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་སྲས་མཆོག་དང་། །རིགས་ལྔ་རིགས་བཞི་ཕྲིན་ལས་རིགས་གཅིག་སོགས། །ཕུར་ས་རྫས་ཀྱི་དཀྱིལ་འཁོར་ལྷ་རྣམས་ཀྱིས། །ཞི་བ་བསང་མཆོད༴ །དགྲ་བགེགས་བྱད་མ་ལོག་འདྲེན་ཚར་གཅོད་མཛོད། །ཕྱག་བརྙན་ཆེན་མོ་བཞི་དང་བསེ་ལྕགས་ཤེལ། །ཏ་ཀི་ནག་པོ་དབང་ཕྱུག་ཉེར་བརྒྱད་སོགས། །སྲིད་པ་རྡོ་རྗེ་ཕུར་བུའི་ལྷ་ཚོགས་ཀྱིས། །ཞི་བ་བསང་མཆོད༴ །ལས་བཞི་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཁྱི་གདོད་རྡོ་རྗེ་སྲིན་པོ་ཤྭ་ན་བཞི། །བདག་ཉིད་ས་བདག་ཕོ་བདུད་གིང་ཆེན་ཚོགས། །ཚ་བའི་མ་མོ་བཅུ་གཉིས་བྲན་གཡོག་བཅས། །ཞི་བ་བསང་༴ །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལ། །དཔལ་གྱི་ཕོ་ཉ་ཁྱི་བརྒྱད་སྦྱང་མོ་བརྒྱད། །གནམ་ས་བར་གྱི་སྟོབས་


LT39_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལས་བྱེད་སོགས། །རྡོ་རྗེ་ཕུར་པའི་བཀའ་སྲུང་ཐམས་ཅད་ཀྱིས། །ཞི་བ་བསང་༴ །རྡོ་རྗེ་ཐེག་པའི་བསྟན་དང་བསྟན་འཛིན་སྐྱོང་། །བྲན་བདུད་ནག་པོ་དཀར་མོ་ཉི་ཟླའི་ཕྲེང་། །གནམ་སྐས་ཀླུ་བདུད་ལྷ་བྲག་དགེ་བསྙེན་དང་། །རྩེ་ཆེན་བྲག་པ་ཙན་ལྡང་ལྷ་སྤུ་གྲི་མཆེད། །དྲེགས་པ་སྡེ་ལྔ་ལ་སོགས་ཆོས་སྲུང་རྣམས། །ཞི་བ་བསང་༴ །བཤད་སྒྲུབ་བསྟན་པ་རྒྱས་པའི་ཕྲིན་ལས་སྒྲུབས། །དད་པ་དམ་ཚིག་མཉམ་ཉིད་ལྟ་བ་ཡིས། །བརྒྱུད་གསུམ་རིག་འཛིན་བླ་མ་བསང་ཞིང་མཆོད། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྒོམ་པ་ཡིས། །དཔལ་ཆེན་ཡེ་ཤེས་ཁྲོ་བོ་བསང་ཞིང་མཆོད། །ཞི་རྒྱས་དབང་དང་མངོན་སྤྱོད་བརྟུལ་ཞུགས་ཀྱིས། །སྲིད་པ་རྡོ་རྗེའི་དཀྱིལ་འཁོར་བསང་ཞིང་མཆོད། །དམར་ནག་མེ་ལྕེ་རབ་ཏུ་འབར་བ་ཡིས། །འཁྲུལ་རྟོག་གཉིས་འཛིན་དགྲ་བགེགས་ཐལ་བར་བརླག །དཀར་གསལ་འོད་ཟེར་ཕྲེང་བ་འཁྲིགས་པ་ཡིས། །མ་རིག་མུན་འཐུམས་སྡིག་སྒྲིབ་ཉེས་ལྟུང་བསལ། །དྲི་ཞིམ་ངད་བཟང་ཞིང་ཁམས་ཀུན་ཁྱབ་པས། །རླུང་སེམས་ཡུལ་སྣང་ཐམས་ཅད་དབང་དུ་འདུས། །དུ་བའི་ལྷོ་སྤྲིན་འདོད་རྒུའི་ཆར་འབེབས་པས། །དགེ་ལེགས་ཡོན་ཏན་དབྱར་གྱི་མཚོ་ལྟར་རྒྱས། །འཁོར་འདས་ཀུན་ཁྱབ་ཟག་མེད་མཆོད་སྤྲིན་གྱིས། །སྣང་སྲིད་གཞིར་བཞེངས་དཔལ་ཆེན་མེ་ཡི་ལྷ། །འཁོར་བཅས་དགྱེས་ཚིམས་གཡར་


LT39_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སོར་ཆུད་དེ། །ཐལ་འབྱིན་རྣམ་བཞིའི་དགོངས་པ་མཐར་ཕྱིན་པའི། །ལས་དང་དངོས་གྲུབ་ཐོགས་པ་མེད་པར་སྩོལ། །འཁོར་གསུམ་སྤྲོས་པ་བཟང་མོའི་ཀློང་དུ་ཐིམ། །དབྱིངས་ཡེ་ཟུང་འཇུག་གདོང་མའི་ཧེ་རུ་ཀ །འབར་བ་ཆེན་པོས་སྲིད་གསུམ་སྣང་བྱེད་ཤོག །ཅེས་འདི་ཤེས་བྱ་ཀུན་ཆུབ་སྒྲུབ་བརྩོན་པ། །ཀརྨ་མཐུ་སྟོབས་རྣམ་པར་རྒྱལ་བ་ཡིས། །བསྐུལ་ངོར་དུས་མཐའི་རྣལ་འབྱོར་སྙོམས་ལས་སྤྱོད། །བདེ་བའི་རྡོ་རྗེས་གནས་མཆོག་ཙཱ་འདྲའི་མགུལ། །དཔལ་ཆེན་ཕོ་བྲང་ཉིད་དུ་སྦྱར་བའོ།། །དགེ་ལེགས་འཕེལ།། །།


previousབླ་མ་རྩ་གསུམ་གཙོར་གྱུར་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ལྷ་ཚོགས་རྣམས་ཀྱི་བསངས་མཆོད་ཞིང་ཁམས་ཀུན་ཁྱབ།next