Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ།
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ།next

རི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ།


LT39_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ་ཞེས་བྱ་བ་བཞུགས་སོ། །ན་མཿཔདྨ་སམྦྷ་ཝཱ་ཡ། འདིར་རི་ཁྲུས་དང་ཁྱིམ་ཁྲུས་བགྱིད་པར་སྤྲོ་བས། །གཙང་མའི་ཆབ་ལ་སྨན་བཏབ་པས་བཀང་བའི་བུམ་པ་མཚན་ལྡན་དང་མེ་ལོང་སོགས་འདུ་བགྱེས་ལ། སངས་རྒྱས་ཆོས་དང་སོགས་ལན་གསུམ། སེམས་ཅན་ཐམས་ཅད་སོགས་ལན་གསུམ་དང་། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་ལས་མཚན་རྫོགས་རིན་ཆེན་བུམ་པའི་ནང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པ་རྒྱལ་བའི་ཐུགས། །ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་བསྐོར་བ་ལས། །སྒྲིབ་སེལ་ཡེ་ཤེས་ཆུ་རྒྱུན་བབས་པར་གྱུར། །ཨོཾ་བྷུར་ཁུཾ་མ་ཧཱ་པྲ་མཱ་ཱ་ཡ་བྷུརྩི་བྷུརྐི་བི་མཱ་ན་སེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཞེས་བཏགས་ལ་བརྒྱ་རྩ་བཟླ། མཐར། བུམ་ལྷ་ཁྲོ་བོ་ཆེན་པོ་འོད་དུ་ཞུ་ནས་སྒྲིབ་ཀུན་སྦྱོང་བྱེད་ཡེ་ཤེས་ཀྱི་ཁྲུས་ཆུ་ནུས་མཐུ་དང་ལྡན་པར་གྱུར། །དེ་ནས་དམིགས་པའི་རྟེན་ལ་ཕྱོགས་ཏེ། སྐད་ཅིག་གི་རང་ཉིད་རྡོ་རྗེ་ཁྲོ་བོ་སྨེ་བ་བརྩེགས་པའི་སྐུར་གྱུར། །ན་མོ་མཆོག་གསུམ་རྩ་གསུམ་བདེན་པའི་བྱིན་རླབས་ཀྱིས། །ཡུལ་ཕྱོགས་འདི་དང་ཁྱིམ་ལ་གནས་པའི་ལྷ། །རི་ལྷ་ཕུག་ལྷ་ཐབ་ལ་གནས་པའི་ལྷ། །ཕ་ལྷ་མ་ལྷ་དགྲ་བླ་འགོ་བའི་ལྷ། །གཙང་མའི་ལྷ་ལ་གྲིབ་ཀྱིས་གོས་གྱུར་ན། །


LT39_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འབར་བའི་ཁྲུས་ཆུས་བཀྲུ་བར་བགྱི། །དེ་རིང་ཉིད་ནས་བྱང་ཞིང་དག་གྱུར་ཅིག །ཅེས་དང་གོང་གི་སྔགས་བརྗོད། །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །ཤིང་མེ་ས་ལྕགས་ཆུའི་ལྷ་མོ། །རང་རང་འབྱུང་པའི་ཁ་དོག་འཚེར། །ཕྱག་ན་ཁྲུས་བུམ་མེ་ལོང་བསྣམས། །སྣང་བ་རྣམ་དག་ལྷའི་ངོ་བོ། །རྣམ་པ་འབྱུང་བཞི་རྡོ་རྗེའི་རྫས། །གྲིབ་དང་མི་གཙང་དྲི་མ་ཀུན། །སྦྱོང་བྱེད་རྟེན་འབྲེལ་བརྡ་ཐབས་སྤྲོ། །འབྱུང་བའི་ལྷ་རྣམས་བདེན་པའི་མཐུས། །ཡུལ་ལྷའི་གནས་པོའི་སྒོ་གསུམ་ལ། །དམ་གྲིབ་མཁོན་གྲིབ་ནལ་གྲིབ་དང་། །རོ་གྲིབ་ཡུག་གྲིབ་ལ་སོགས་པའི། །གྲིབ་དང་མི་གཙང་ཅི་མཆིས་པ། །ཤེལ་དཀར་བཞིན་ཏུ་དག་གྱུར་ཅིག །ཟླ་བ་བཞིན་ཏུ་གསལ་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ཨ་ཧི་རཾ་པི་ན་རཾ་ཤུདྡྷེ་རཾ་ཨ་ཨ་ཨཱ་སྭཱ་ཧཱ། ཨོཾ་བི་རསྟི་བི་རསྟི་སྭཱ་ཧཱ། སྔགས་ཚང་མང་དུ་བརྗོད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བྱང་ཆུབ་སེམས་ཀྱི་ནུས་མཐུ་དང་། །ཏིང་ངེ་འཛིན་གྱི་བྱིན་རླབས་དང་། །ཆོས་དབྱིངས་བསམ་མི་ཁྱབ་པ་དང་། །ཆོས་ཅན་རྟེན་འབྲེལ་བསླུ་མེད་མཐུས། །མི་རྣམས་བྱེད་སྤྱོད་ལོག་པ་ཡིས། །ལྷ་ལ་ཉམས་གྲིབ་ཅི་པོག་པ། །ད་ལྟ་ཉིད་དུ་ངག་གྱུར་ཅིག །བཞུགས་ས་གནས་མལ་བདེ་བ་དང་། །བཀྲག་མདངས་གཟི་བརྗིད་རྒྱས་པ་དང་། །


LT39_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་ལོངས་སྤྱོད་དར་བར་ཤོག །མི་སྲུན་སེམས་དང་ལྡན་པ་ཡང་། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །ཡུལ་ཁམས་བདེ་བས་སྐྱོང་བ་སོགས། །དངོས་གྲུབ་མི་ལ་སྩལ་བར་ཤོག །གློ་བུར་འཇིགས་པ་ཀུན་ཞི་ནས། །བཀྲ་ཤིས་བདེ་ལེགས་བརྟན་གྱུར་ཅིག །ཉིན་མོ་བདེ་ལེགས་དང་། དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་གང་ཤེས་བརྗོད། མཐར་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །ཞེས་པའང་སྐྱེ་དགུ་དགོན་གྱི་བླ་མ་ཞིག་གི་ངོར། ཡོན་ཏན་རྒྱ་མཚོས་རྒྱ་ནག་པདྨེར་གྲགས་པ་འཕགས་པའི་ཕོ་བྲང་གི་མདུན་ཏུ་བྲིས་པ་དགེ་ལེགས་འཕེལ།། །།


previousརི་ཁྲུས་ཁྱིམ་ཁྲུས་གངྒཱའི་ཟེགས་མ།next