Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བསངས་གསེར་སྐྱེམས་མདོར་བསྡུས།
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབསངས་གསེར་སྐྱེམས་མདོར་བསྡུས།next

བསངས་གསེར་སྐྱེམས་མདོར་བསྡུས།


LT39_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། འདོད་པའི་ཕྲིན་ལས་བསྐུལ་བའི་སྐབས་སུ་བབས་པ་ན་བསང་དང་གསེར་སྐྱེམས་གཙང་མར་སྦྱར་བ་བཤམས་ལ། རཾ་ཡཾ་ཁཾ། མི་གཙང་དྲི་མ་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་དྷུ་ཡིག་ལས། །བསང་མཆོད་འདོད་ཡོན་ནམ་མཁའ་མཛོད། །གསེར་སྐྱེམས་ཟག་མེད་བདུད་རྩིའི་མཚོ། །མཆོག་དམན་མགྲོན་རིགས་མཉེས་བྱེད་གྱུར། ཨོཾ་བཛྲ་སྥ་ར་་ཁཾ། ཀྱཻ། །སངས་རྒྱས་ཆོས་དང་དགེ་འདུན་ཆེ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས། །བཟང་ཤིང་སྤོས་ཀྱི་དུད་པས་བསང་། །གསེར་སྐྱེམས་ཟག་མེད་བདུད་རྩིས་མཆོད། །བདག་དང་སྲུང་བྱར་བྱིན་གྱིས་རློབས། །སྐུ་རྗེ་གེ་སར་དགྲ་བླའི་ཚོགས། །མགུར་ལྷ་བསྟན་སྐྱོང་ཡ་མ་དང་། །ཕྱི་ནང་གསང་བ་བརྟག་ཆགས་ཀྱི། །སྡེ་བརྒྱད་དྲེགས་པ་འཁོར་གཡོག་བཅས། །བཟང་ཤིང་སྤོས་ཀྱི་དུད་པས་བསང་། །གསེར་སྐྱེམས་ཟག་མེད་བདུད་རྩིས་མཆོད། །བར་ཆད་ཀུན་སོལ་མཐུན་རྐྱེན་སྒྲུབས། །དཀར་པོའི་ཕྱོགས་སྐྱོང་གཞི་བདག་གཙོ། །ཏི་སེ་ཐང་ལྷ་སྤམ་ར་གཉན། །གེ་མཛོ་མཆེད་བརྒྱད་རྒྱམ་རྡོ་ཐི། །ཟིལ་ཁྲོམ་རྡོ་རྗེ་གཡུ་དྲུང་རྩལ། །འབྲི་རྒྱལ་གཉན་ལྡང་ཕྱ་ལྷ་ཆེན། །དབུ་ཆེ་བྲག་དཀར་གཉན་པོ་སོགས། །གནས་ཆེན་ཉེར་ལྔའི་གཞི་གནས་བདག །དགེ་བསྙེན་ཉི་ཤུ་རྩ་


LT39_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་རྣམས། །བཟང་ཤིང་༴ །གསེར་སྐྱེམས༴ །བདག་འཁོར་ཡུལ་ཕྱོགས་སྲུང་སྐྱོབས་མཛོད། །འབྲུ་ཡི་དགེ་བསྙེན་རྡོ་རྗེ་ཁྲོ་རྒྱལ་དང་། །ཁམས་གསུམ་དབང་ཕྱུག་པདྨ་རི་མཐོ་ཆེ། །འབའ་ལྷ་རྩེ་རྒྱལ་ཟན་ཤི་ལེགས་མགོན་དཀར། །ཚེ་སྨན་རྒྱལ་མོ་གང་གང་མཆེད་བརྒྱད་དང་། །སྨུག་པོ་མདུང་རྩེ་ཡང་མ་དོན་སོ་དཀར།། །།འདན་ཡུལ་སྟོད་སྨད་གཞི་བདག་ཆེ་ཕྲ་རྣམས། །བཟང་ཤིང་སྣ་ཚོགས༴ །གསེར་སྐྱེམས་ཟག་མེད་བདུད་རྩིའི་རྒྱ་མཚོས༴ །ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་གཡེལ་མེད་མཛོད། །ཁྱད་པར་ཡུལ་ཕྱོགས་འདིར་གནས་གཞི་ཡི་བདག །བྲག་ཡར་མདུང་རྩེ་དམར་པོ་བྱ་འཛོང་དང་། །རག་བྲག་ནག་བོན་པོ་རབ་བཀྲམ་ཆེ། །ས་ཤི་གནས་པོ་གཤེ་ལྟག་བོན་པོ་དང་། །སྨན་མོ་སྤུན་བདུན་རི་ཁྱི་བོན་པོ་དང་། །བྲག་དཀར་རྡོ་རྗེ་རྒྱལ་མཚན་སྙན་གོ་རི། །དགུ་ཐི་དིལ་བཙུན་མདུང་གི་རྩེ། །མགོན་པོའི་བླ་མཚོ་རང་གྱེ་བོན་པོ་དང་། །ཨ་མྱེ་ལོང་བ་ལ་སོགས་འཁོར་བཅས་རྣམས། །བཟང་ཤིང་༴ །གསེར་སྐྱེམས༴ །ཡུལ་འདིར་སྲུང་སྐྱོབས་མེ་ལ་ཚེམ་གཡེལ་ཅིག །འབམ་ཆེན་ཕྱུག་མོ་ཨ་མྱེ་འབམ་ཐི་དང་། །དཀར་ཡག་མགུལ་བཀྲ་རྨ་སྡེ་བྱ་ཁྱུང་གཉན། །གཡུ་ལ་བྲག་དཀར་ཨ་མྱེ་བྲག་དཀར་པོ། །རྨ་རྒྱལ་ར་དྷ་མྱེ་རིང་མདུང་རྩེ་དང་། །གྲམ་དཀར་རྩེ་རྒྱལ་


LT39_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འབམ་ར་སྟག་གི་རྩེ། །ནོར་བུ་སྤུན་གསུམ་དྲྭམ་མདུད་རྩི་དང་། །དགེ་བསྙེན་ཉ་འགྲམ་གཉན་པོ་ལ་སོགས་པ། །གླིང་དང་རོང་ཆེན་གཞི་བདག་ཟོ་དོར་རྣམས། །བཟང་ཤིང་༴ །གསེར་སྐྱེམས༴ །མི་མཐུན་རྐྱེན་ཟློག་མཐུན་རྐྱེན་བསམ་པ་སྒྲུབས། །རིག་འཛིན་གོང་མའི་ཐ་ཚིག་མ་གཡེལ་བར། །རྣལ་འབྱོར་བདག་གིས་བཅོལ་པའི་ཕྲིན་ལས་མཛོད། །མཆོད་ཅིང་བསྟོད་པའི་ངོ་སོ་མ་ཆུང་བར། །གར་འགྲོ་གར་འདུག་མཐུན་རྐྱེན་ཡིད་བཞིན་སྒྲུབས། །མི་ལ་ནད་ཡམས་ཕྱུགས་ལ་གོད་ཁ་དང་། །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །ཁྱད་པར་སྐྱིན་འདང་སེར་བའི་འགྲིམས་ལམ་ཆོད། །འབྲུག་གི་སྐད་ཆོག་སྤྲིན་ནག་གུར་ཁང་ཤིག །རླུང་གི་ངར་སོད་ཐོག་གི་མདའ་མོ་ཆོམས། །ལོ་དགྲ་ལོ་ནད་ཀུན་ཞི་ཡུལ་ཕྱོགས་འདིར། །འབྲུ་བཅུད་ལོ་ཏོག་ལེགས་པའི་ཕྲིན་ལས་མཛོད། །བཀྲ་ཤིས་དགེ་ལེགས་དབྱར་མཚོ་ལྟར་རྒྱས་ཤོག །ཅེས་པའི་ཚུལ་འདི། རྣམ་གླིང་གཅོད་བླ་ཀརྨ་ཡེ་ཤེས་ནས་བསྐུལ་ངོར། །པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ། །


previousབསངས་གསེར་སྐྱེམས་མདོར་བསྡུས།next