Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུར།
   
   
   
   
   
   
   
   
   
   


 
previousགནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུར།next

གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུར།


LT39_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུར་ཞེས་བྱ་བ་བཞུགས་སོ། །


LT39_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། གནས་མཆོག་སྲུང་མའི་དབང་པོ་དང་བཅས་པ་བསང་ཞིང་མཆོད་པར་འདོད་ན། བསང་དང་གསེར་སྐྱེམས་གཏོར་མ་དཀར་དམར་སོགས་ཇི་ལྟར་འབྱོར་པ་བཤམས་ལ། ཨོཾ། དག་པ་ཡེ་ཤེས་རང་རྩལ་གྱིས། །མ་དག་སྣང་བའི་དངོས་ཀུན་སྦྱང་། །ཞིང་ཁམས་ཀུན་ཁྱབ་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་རང་བཞིན་གྱུར། །རྃ་ཡྃ་ཁྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ཧཱུྃ་ཧྲཱིཿ། འོད་གསལ་དབྱིངས་ཀྱི་ཐིག་ལེ་ལས། །རང་བྱུང་ཀུན་བཟང་མཆོད་པའི་རྫས། །ཕྱི་ནང་གསང་བ་ལྷུན་གྲུབ་པ། །བསམ་ཡས་རོལ་པ་ཆེན་པོ་དང་། །དད་ཅིང་མོས་པས་ལེགས་སྦྱར་བ། །བདུད་རྩི་ཅན་ཤིང་བསངས་ཀྱི་སྤྲིན། །རོ་བརྒྱ་དང་ལྡན་གསེར་སྐྱེམས་དང་། །གཏོར་ཚོགས་བདུད་རྩིའི་རྒྱ་མཚོ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །གདོད་ནས་རང་བྱུང་རྒྱལ་བའི་ཞིང་། །རྣམ་སྣང་སྐུ་ཡི་བཀོད་པ་ཆེ། །རྩ་བ་ཡན་ལག་བཅས་པ་ཡི། །རྟེན་དང་བརྟེན་པ་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་བྱིན་ཆེན་ཕོབ། །ཁྱད་པར་འོད་གསལ་གྲུབ་པའི་རྩེ། །མཁའ་སྤྱོད་རྡོ་རྗེའི་ཕོ་བྲང་ན། །བཞུགས་པའི་དབྱིངས་ཕྱུག་མཁའ་འགྲོའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་པ། །བྱེ་བ་བསམ་མི་ཁྱབ་པ་ལ། །གསོལ་ལོ་མཆོད་དོ་དངོས་གྲུབ་སྩོལ། །གྲུ་འཛིན་སྙིང་རྗེའི་རྫོང་ཆེན་ན། །འགྲོ་ལ་སྤྱན་རས་གཟིགས་པའི་ལྷ། །ནམ་མཁའི་མཐར་ཁྱབ་གསང་བ་གསུམ། །གྲོལ་


LT39_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི་ལྡན་དཀྱིལ་འཁོར་པར། །གསོལ་ལོ་མཆོད་དོ་ཐུགས་རྗེས་གཟིགས། ཁམས་ལྔའི་དྭངས་མ་འདུས་པའི་ཕུག །པདྨ་འོད་ཀྱི་ཚོགས་ཁང་ན། །སྐུ་གསུམ་བླ་མ་ཧེ་རུ་ཀ །རྗེ་འབངས་རིག་འཛིན་ཕོ་མོའི་ཚོགས། །གཅིག་དང་དུ་མ་ལས་འདས་ཤིང་། །བརྟན་གཡོ་ཀུན་ཁྱབ་ཡེ་ཤེས་སྐུར། །གསོལ་ལོ་མཆོད་དོ་བྱིན་གྱིས་རློབས། །ཕྱི་ལྟར་བོད་སྐྱོང་བརྟན་མ་ཆེ། །དབྱིངས་ཀྱི་རང་རྩལ་ཅི་ཡང་སྣང་། །སྤྲུལ་པའི་གཟུགས་ཀྱིས་བོད་ཁམས་ཁྱབ། །ཁྱད་པར་ཉམས་དགའི་ས་འཛིན་ཆེར། །བརྟེན་ཅིང་ལེགས་ཉེས་སྟངས་འཛིན་ལ། །གསོལ་ལོ་མཆོད་དོ་མཐའ་དབུས་སྲུངས། །ནང་ལྟར་དབྱིངས་ཕྱུག་ཆོས་ཀྱི་སྒྲོན། །ཡེ་ཤེས་དམ་ཚིག་དབང་གི་ལྷ། །ཤ་ཟ་མཁའ་འགྲོ་མཆེད་འཁོར་བཅས། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན། །རིགས་ལྔ་ཡུམ་གྱི་རང་བཞིན་ནི། །འགྲོ་འདུལ་ཉམས་བརྒྱའི་གར་མཁན་ལ། །གསོལ་ལོ་མཆོད་དོ་བདེ་སྟོང་སྦོར། །གསང་བ་རྡོ་རྗེ་བཙུན་མོའི་འཕྲུལ། །ཁྲག་འཐུང་དབང་མོ་དུད་སོལ་མ། །འདོད་ཁམས་བདག་མོ་རང་བྱུང་རྒྱལ། །ཞི་མཛད་དཀར་མོ་དུང་སྐྱོང་མ། །རབ་ཏུ་ཁྲོས་པ་དམ་གཟོར་རྒྱལ། །སྐུ་གཅིག་སྤྲུལ་པ་བྱེ་བ་འབུམ། །མིང་བརྒྱ་མཚན་སྟོང་ཆོ་འཕྲུལ་ཅན། །སྣང་སྲིད་མ་མོའི་ལྷ་ཚོགས་ལ། །གསོལ་ལོ་མཆོད་དོ་བསྟན་པ་སྲུངས། །གཞན་ཡང་གནས་གཏེར་སྐྱོང་མཛད་པ། །སྟོང་དཔོན་རྡོ་རྗེ་


LT39_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་སོགས། །དམ་ཚིག་ཅན་གྱི་དགེ་བསྙེན་དང་། །རི་བྲག་ཆུ་མཚོ་ལྗོན་ཤིང་ལ། །གནས་བཅས་འབྱུང་པོ་ཡིད་གཟུགས་ཅན། །རིགས་དང་རྣམ་འགྱུར་མ་ངེས་ཤིང་། །ཕན་གནོད་བསམ་སྦྱོར་འཆང་རྣམས་ལ། །གསོལ་ལོ་མཆོད་དོ་བསམ་དོན་སྒྲུབས། །རྩ་གསུམ་དགྱེས་པའི་གནས་མཆོག་གི། །ཤར་ཕྱོགས་དགེ་བསྙེན་མཐུ་སྟོབས་ཅན། །ལྷོ་ཕྱོགས་སེར་མོ་དོན་ཀུན་འགྲུབ། །ནུབ་ཕྱོགས་ཙཎྜི་དབང་གི་ལྷ། །བྱང་ཕྱོགས་གཏེར་འཆང་གནོད་སྦྱིན་ཆེ། །རང་རང་གཡོག་འཁོར་བཅས་པ་ལ། །གསོལ་ལོ་མཆོད་དོ་མཐུན་རྐྱེན་སྒྲུབས། །གཡས་ཕྱོགས་རྫུ་འཕྲུལ་གསས་མཁར་ན། །དཔལ་ཆེན་མེ་རི་འབར་བའི་ལྷ། །སྤྲུལ་པའི་གསས་ཆེན་བྱེ་བ་འབུམ། །མཐུ་སྟོབས་བསྐལ་པའི་མེ་དཔུང་བཞིན། །བོན་གཤེན་རིག་འཛིན་ཚོགས་བཅས་ལ། །གསོལ་ལོ་མཆོད་དོ་འགལ་རྐྱེན་སོལ། །གབ་པའི་གཡུ་མཚོ་གཏིང་ཟབ་ནི། །དངོས་གྲུབ་བཅུད་དུ་འཁྱིལ་བ་ན། །ཀླུ་ཡི་རྒྱལ་པོ་བཱ་སུ་ཀི། །བཙུན་མོ་སྲས་དང་བློན་འཁོར་བཅས། །རིགས་བཞི་ཀླུ་ཡི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་ཀླུ་གཡང་ཕོབ། །གཡོན་ཕྱོགས་སོར་སྒྲོམ་གནས་སྲུང་བ། །ལྷ་བཙན་དགེ་བསྙེན་ཆེན་པོ་ནི། །རྡོ་རྗེ་མཛོད་མང་འཁོར་བཅས་དང་། །ཁྱད་པར་རིན་ཆེན་རྣམ་བཀོད་ཅིང་། །འདོད་འབྱུང་དགའ་བའི་ཚལ་ཆེན་ན། །ཟས་གོས་ནོར་གྱི་དཔལ་


LT39_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ། །ཤ་ཟའི་མཁའ་འགྲོ་ཆེན་མོ་ནི། །ཀུན་འཁྱིལ་མཆེད་གསུམ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་འབྱོར་དྲུག་སྤེལ། །རྩ་གསུམ་ཆོས་སྐྱོང་ནོར་གྱི་ལྷ། །གཞི་གནས་གཏེར་བདག་འཁོར་དང་བཅས། །མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །བསྟོད་དབྱངས་རོལ་མོས་མངའ་ཆེན་གསོལ། །གསེར་སྐྱེམས་ཕུད་ཀྱི་གཟི་མདངས་བསྐྱེད། །བཟང་ཤིང་དུད་པས་མནོལ་བ་བསང་། །མ་རིག་དབང་གིས་ནོངས་པའི་ལས། །འགྱོད་པས་བཤགས་སོ་ཚངས་པ་སྩོལ། །ཀུན་ཏུ་དགྱེས་པའི་སྐུ་གསུང་ཐུགས། །སྤྲིན་བྲལ་ཟླ་བ་རྒྱས་པ་ལས། །དངོས་གྲུབ་བདུད་རྩིའི་རྒྱུན་བཟང་གིས། །འདོད་རྒུའི་རེ་བ་བསྐང་བར་མཛོད། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །ཉེས་ཚོགས་མུན་པ་ཀུན་ཞི་ཞིང་། །ལེགས་དགུའི་སྣང་བ་རྒྱས་པ་ཡི། །ཕན་བདེས་འཇིག་རྟེན་ཀུན་ཁྱབ་ཤོག །ཅེས་པ་འདིའང་ལས་འཕྲོ་རྣམ་པར་དགེ་བའི་གནས་ཀྱི་བདག་པོ་ཡོན་མཆོད་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་འགྲུབ་པའི་སླད་དུ། སྔགས་རིག་འཛིན་པ་པདྨ་གར་གྱི་དབང་ཕྱུག་གམ། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་རྩལ་གྱིས་གནས་ཆེན་འདི་ཉིད་ཀྱི་མདུན་ཞོལ་བདེ་སྐྱིད་ཕུན་ཚོགས་འཁྱིལ་པའི་གཞིས་ཀར་བྲིས་པ་དགེ་ལེགས་འཕེལ།། །།


previousགནས་མཆོག་རྫོང་ཆེན་ཁམས་ཕུག་ཡན་ལག་དང་བཅས་པའི་གསོལ་མཆོད་དགེ་ལེགས་ཀྱི་ཏམྦུར།next