Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྐུ་རྗེ་གེ་སར་བསངས་མཆོད་དགོས་འདོད་ཆར་འབེབས།
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousསྐུ་རྗེ་གེ་སར་བསངས་མཆོད་དགོས་འདོད་ཆར་འབེབས།next

སྐུ་རྗེ་གེ་སར་བསངས་མཆོད་དགོས་འདོད་ཆར་འབེབས།


LT39_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྗེ་གེ་སར་བསངས་མཆོད་དགོས་འདོད་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


LT39_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། པདྨའི་བཀའ་སྡོད་གླིང་རྗེ་གེ་སར་གསོལ་ཞིང་མཆོད་པར་འདོད་པས། གཏོར་མ་གསེར་སྐྱེམས་སོགས་ཇི་ལྟར་འོས་པའི་མཆོད་རྫས་དང་བསངས་ཀྱི་ཡོ་བྱད་འདུ་བྱས། བྱིན་རླབས་སྤྱི་མཐུན་ནམ་འབྲུ་གསུམ་བརྗོད་པས་བསངས་སྦྱངས་སྤེལ་ལ་དབྱངས་རོལ་བཅས་འདི་སྐད་དོ། །ཀྱེ། །འགྱུར་མེད་ཡེ་ཤེས་ཉམས་བརྒྱའི་གར། །སྨོན་ལམ་ལས་གྲུབ་དགྲ་ལྷའི་གཙོ། །འཇིག་རྟེན་སྐྱོང་བའི་སྒྱུ་འཕྲུལ་ཅན། །སྐུ་རྗེ་སེང་ཆེན་རྒྱལ་པོ་ནི། །ཆོས་དབྱིངས་འོད་གསལ་སྤྲོས་བྲལ་ཀློང་། །ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་སྦུབས། །མཁའ་སྤྱོད་གྲོང་ཁྱེར་དག་པའི་ཞིང་། །མི་མངོན་ནམ་མཁའི་དབྱིངས་རུམ་ན། །སྣ་ཚོགས་ནོར་བུའི་ཚུལ་བཞུགས་པ། །རྣལ་འབྱོར་གདུང་བས་བོས་པའི་ཚེ། །མངོན་ཤེས་རྫུ་འཕྲུལ་ཤུགས་ཆེན་པོས། །སྟེང་ན་རྩ་གསུམ་སྤྲིན་ཕུང་འཐིབས། །བར་ན་ཆོས་སྲུང་ཆར་ཆེན་འབེབས། །ས་གཞིར་དགྲ་བླའི་བུ་ཡུགས་འཚུབས། །འཇའ་འོད་རོལ་མོས་ཕྱོགས་ཀུན་གཡོ། །འཁོར་ལོས་སྒྱུར་བའི་སྟེབས་ཀྱིས་གཤེགས། །དངོས་འབྱོར་རྟེན་དང་ཡིད་བྱུང་གི། །གཞན་འཕྲུལ་སྤྱོད་པའི་ཡུལ་དུ་བཞུགས། །རིན་ཆེན་སྣོད་དུ་ལྷ་ཡི་རྫས། །གསེར་སྐྱེམས་བདུད་རྩིའི་དྭངས་མར་སྤར། །མེ་ཏོག་འཇའ་མདངས་ལྟ་ན་སྡུག །སྤོས་བཟང་དྲི་བསུང་ཁོར་ཡུག་འགེབས། །སྣང་གསལ་ཉིན་བྱེད་ཟང་ཐལ་གསལ། །དྲི་ཆབ་བསིལ་དྲོང་རེག་ན་བདེ། །


LT39_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རོ་བརྒྱའི་བཅུད་ལྡན་ངོམས་མེད་ཟས། །སྙན་འཇེབས་དབྱངས་དང་རོལ་མོའི་སྒྲ། །ཕྱི་མཆོད་ནམ་མཁའ་མཛོད་དུ་འབུལ། །ཡིད་འཕྲོག་གཟུགས་མཛེས་མིག་གི་དབྱིད། །སྒྲ་སྙན་གླུ་དབྱངས་རྣ་བའི་བཅུད། །དྲི་བཟང་ཆབ་དང་རོ་བདའི་ཟས། །རེག་འཇམ་ན་བཟའི་རིགས་ལ་སོགས། །འདོད་ཡོན་ནང་མཆོད་དགྱེས་དགུ་འབུལ། །འབྲུ་བཅུད་ཆང་དང་དད་ལྡན་ཇ། །རྩི་བཅུད་མར་ཐུད་འོ་མ་ཞོ། །ཀ་ར་བུ་རམ་སྦྲང་རྩི་དང་། །འབྲུ་མཆོག་ཕྱེ་དང་ཤ་ཁྲག་སོགས། །བཟའ་བཅའ་བཏུང་བའི་རིགས་ཀྱིས་མཆོད། །དར་ཟབ་ཐེར་ཕྲུག་སྣམ་རས་དང་། །སྲ་བའི་གོ་དང་རྣོ་བའི་མཚོན། །ཅོད་པན་དོ་ཤལ་ཕྲེང་བ་སོགས། །འཇམ་མཛེས་བརྗིད་པའི་རྒྱན་གོས་འབུལ། །སྨན་དང་རིན་ཆེན་འབྲུ་སྣ་ཚོགས། །བྱ་གཅན་རི་དྭགས་གཡུང་དྭགས་རིགས། །ཤུགས་ལྡན་རྟ་དང་མགྱོགས་འགྲོ་དྲེལ། །ཟལ་མོ་འབྲི་དང་གཡང་དཀར་ལུག །གཏུམ་པོའི་ནོར་སྐྱོང་ལ་སོགས་པ། །ཐུགས་ལ་དགྱེས་དགུའི་མཆོད་སྤྲིན་འབུལ། །གཡུ་ཤུགས་བལ་བུ་མཁན་དཀར་སོགས། །བཟང་ཤིང་སྣ་ཚོགས་ཞུགས་སུ་སྦར། །དུད་པའི་དྲྭ་བས་ནམ་མཁའ་ཁེབས། །དྲི་བསུང་ངང་པས་བར་སྣང་ཁྱབ། །འདོད་ཡོན་རོལ་མོ་ཅི་ཡང་འཆར། །སྣང་སྲིད་འཇིག་རྟེན་མཉེས་བྱེད་པ། །ངོ་མཚར་བསངས་ཀྱི་མཆོད་པ་འདིས། །སྐྱེས་བུ་དོན་གྲུབ་འཛམ་གླིང་རྗེ། །དགྲ་བླ་བཅུ་གསུམ་འཁོར་བཅས་


LT39_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བསངས། །ལྷ་ཆེན་ཚངས་པ་དཀར་པོ༴ །གཉེན་ཆེན་སྐུ་ལྷ་གེར་མཛོ༴ །ཀླུ་རྒྱལ་གཙུག་ན་རིན་ཆེན༴ །ཕུ་བོ་དུང་ཁྱུང་དཀར་པོ༴ །ནུ་བོ་ཀླུ་སྦྲུལ་འོད་ཆེན༴ །ནེ་ནེ་གནམ་སྨན་དཀར་མོ༴ །ལྕམ་སྲིད་ཐ་ལེ་འོད་ཕྲམ༴ །དགྲ་བླའི་གཉན་སྟག་དམར་པོ༴ །མགྲོན་ཡག་དར་མ་བཅུ་གསུམ༴ །དཔའ་ཐུས་སྐྱེས་བུ་སུམ་ཅུ༴ །ཡང་ཐུས་དམ་པའི་མི་བདུན༴ །ཞེ་ཐུས་ཁྲ་ཀླག་སྤྱང་གསུམ༴ །དགྱེས་སྡེ་དང་སྨན་འཁོར་བཅས༴ །ཕྱ་དམུ་གཙུག་གསུམ་དགྲ་བླ༴ །མི་བུ་གདུང་དྲུག་དགྲ་བླ༴ །ཝེར་མ་སུམ་བརྒྱ་དྲུག་ཅུ༴ །དགྲ་བླ་དགུ་ཁྲི་དགུ་འབུམ༴ །ལྷ་དམག་ཀླུ་དམག་གཉན་དམག༴ །གཙང་རིགས་དཔལ་མགོན་བདུན་ཅུ་སོགས། །དཀར་ཕྱོགས་སྐྱོད་བའི་གཞི་བདག་དང་། །ཡུལ་ལྷ་ཟོ་དོར་འཁོར་བཅས་བསངས། །མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཀྱེ། །མཚོ་སྐྱེས་རྡོ་རྗེས་བྱིན་བརླབས་ཤིང་། །ཚངས་པ་ལྷ་ཡི་མེ་ཏོག་འཕྲུལ། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །ཉི་མའི་འོད་ལ་ཟླ་བའི་མདངས། །ལྷུན་པོ་བཞིན་ཏུ་བརྟན་ཅིང་བརྗིད། །སེང་གེ་བཞིན་ཏུ་དཔའ་ཞིང་ངར། །དགྲ་བླའི་དཔའ་ཆས་སྐུ་ལ་གསོལ། །རྒྱལ་རྟགས་རྣོ་མཚོན་ཕྱག་ན་བསྣམས། །རྐྱང་རྒོད་འཕེལ་པོ་ཆིབས་སུ་བཅིབས། །རྣམ་འགྱུར་ཆུ་ཟླའི་གར་བཞིན་སྟོན། །དགྲ་བླའི་དམག་ཚོགས་ལས་ལ་འབྱེད། །ནག་ཕྱོགས་ཧོར་བདུད་ཆོམ་ལ་འབེབས། །རྒྱ་བོད་གཉིས་ཀྱི་ནོར་བདག་མཛད། །


LT39_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་གླིང་དགྲ་བླ་རྫུ་འཕྲུལ་ཅན། །འཁོར་དང་བཅས་རྣམས་མཆོད་ཅིང་བསྟོད། །དབུ་འཕང་བསྟོད་ཅིང་གཟི་མདངས་སྐྱེད། །ཆོས་སྐྱོང་དགྲ་བླར་མངའ་གསོལ་ལོ། །ཐུགས་དམ་གཉེན་པོ་མ་བསྙེལ་བར། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོར། །དེ་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །ཚོགས་མཆོག་འདུས་པའི་ནགས་ཀླུང་རྒྱས། །ཐོས་བསམ་པདྨོའི་འདབ་བརྒྱ་གྲོལ། །ཉམས་རྟོགས་སྦྲང་རྩིའི་བཅུད་འཇོ་བས། །སྐྱེ་དགུའི་བུང་བ་ཉེར་འཚོ་མཛོད། །ནད་འཁྲུག་མུ་གེའི་འཇིགས་ལ་སོགས། །སྐལ་ངན་མུན་པ་མཐར་བསྐྲད་དེ། །བདེ་སྐྱིད་རྫོགས་ལྡན་ཉི་འོད་ཀྱིས། །ཕྱོགས་དང་ཐ་གྲུར་ཁྱབ་པར་མཛོད། །ཆོས་སྲིད་དར་བབ་དཔལ་མོའི་འཛུམ། །འཇིག་རྟེན་ཀུན་དགའི་མིག་འཕྲུལ་གྱིས། །ས་སྟེང་སྐྱེ་དགུ་མགྲོན་ཏུ་འགུགས། །བདེ་སྐྱིད་རྩེད་འཇོས་བྲེལ་བར་མཛོད། །མི་འགྱུར་ཚེ་ཡི་ཀ་བ་བརྟན། །ཆོས་སྤྱོད་རླབས་ཕྲེང་དགུང་དུ་འཕེལ། །སྡེ་བཞིའི་སྤྲིན་གྱི་བླ་རེ་འཁྲིགས། །ཕྱ་གཡང་འབྱོར་བའི་མཚོ་མོ་བསྐྱིལ། །བསམ་དགུའི་ནོར་བུ་ཆར་དུ་བསྙིལ། །དོན་ཀུན་ལྷུན་གྲུབ་བཀྲ་ཤིས་ཀྱི། །སྣང་བས་འཇིག་རྟེན་མཛེས་པར་མཛོད། །ཅེས་པའང་རྡོ་རྗེ་འཆང་པདྨའི་མཚན་ཅན་གྱིས་སྐུ་ཞི་བར་གཤེགས་ཁ་རང་དུ་རྟེན་འབྲེལ་དང་དགོས་པ་ཞིག་ཡོད་པས་དགྲ་ལྷའི་བསངས་སྙན་འཇེབ་གང་ཆེའི་ཚིག་ཚོགས་ཅན་ཞིག་འཕྲལ་དུ་ཐོན་དགོས་ཞེས་ལྷ་རྫས་དང་བཅས་ཏེ་དགྱེས་པ་ཆེན་པོས་བཀའ་ཡི་བསྐུལ་བ་ལྟར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་དེ་འཕྲལ་ཉིད་དུ་བསམ་གཏན་སྐྱིལ་བུར་བྲིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousསྐུ་རྗེ་གེ་སར་བསངས་མཆོད་དགོས་འདོད་ཆར་འབེབས།next