Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱུན་བསངས།
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྒྱུན་བསངས།next

རྒྱུན་བསངས།


LT39_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། རྒྱུན་གྱི་བསང་མཆོད་སོགས་བྱེད་པའི་ཚེ། བསང་ལ་བཟང་ཤིང་གི་དུད་པ་དང་ཕྱེ་མར། གསེར་སྐྱེམས་ལ་ཇ་ཆང་ཕུད་རྒོད། གཏོར་འབུལ་ལ་དཀར་དམར་གཏོར་མ་ངམ་ཕྱེ་མར་གཙང་མ་བཤམས་ལ་ཆབ་བྲན་ཏེ། རཾ་ཡཾ་ཁཾ། །ཟག་མེད་ཡེ་ཤེས་ཀྱི་རང་བཞིན། །འདོད་པའི་ཡོན་ཏན་ལྔའི་རྣམ་པ། མགྲོན་རིགས་སོ་སོའི་ཐུགས་ལ་ཅི་བཞེད་ཀྱིས་དགྱེས་པ་སྐོང་བའི་མཆོད་སྤྲིན་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཀྱེ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་མ། །བཀའ་སྲུང་ཆོས་སྐྱོང་ཕོ་ཉ་ལས་མཁན་ལ། །མཆོད་གཏོར་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །ཅེས་གཏོར་འབུལ་སྐབས་དང་། བསང་ལ། བསང་མཆོད་འབུལ་ལོ། །ཞེས་དང་། གསེར་སྐྱེམས་འབུལ་ལོ། །ཞེས་ཁ་བསྒྱུར་ཀུན་ལ་ཤེས་པར་བྱ། ནོར་ལྷ་གཏེར་བདག་དཔལ་མགོན་བདུན་ཅུ་ལྔ། །སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ཚོགས། །དཀར་ཕྱོགས་སྐྱོང་བའི་གཞི་གནས་ཡུལ་བདག་ལ། །མཆོད་གཏོར་འབུལ་ལོ་ཅི་བཅོལ་ཕྲིན་ལས་སྒྲུབས། །ཕ་མེས་བརྟེན་སྒྲུབ་རིགས་ཀྱི་བརྒྱུད་སྲུང་དང་། །ཚེ་རབས་འབྲེལ་བས་མགོན་སྐྱོབས་བྱེད་པའི་ལྷ། །གཞི་རུ་འགོ་ཞིང་བྱེས་སུ་འགྲོགས་རྣམས་ལ། །མཆོད་གཏོར་འབུལ་ལོ་ཁ་འཛིན་སྟོང་གྲོགས་མཛོད། །ཕ་ལྷ་མ་ལྷ་ཞང་ལྷ་སྲོག་གི་ལྷ། །འཕྲག་ལྷ་དགྲ་བླ་ཡུལ་ལྷ་གཉན་པོ་སོགས། །འགོ་བའི་ལྷ་ལྔ་བརྟེན་པའི་ལྷ་དགུ་ལ། །མཆོད་གཏོར་འབུལ་


LT39_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བསམ་དོན་ཐོགས་མེད་སྒྲུབས། །ཁྱད་པར་ཛམ་བུའི་གླིང་གི་དགྲ་བླ་མཆོག། རྒྱ་བོད་ནོར་བདག་ནག་ཕྱོགས་བདུད་ཀྱི་གཤེད། །སྐུ་རྗེ་གེ་སར་སེང་ཆེན་རྒྱལ་པོ་ལ། །མཆོད་གཏོར་འབུལ་ལོ་རྟག་ཏུ་སྲུང་སྐྱོབས་མཛོད། །དུང་ཁྱུང་དཀར་པོ་ཀླུ་སྦྲུལ་འོད་ཆེན་དང་། །གནམ་སྨན་དཀར་མོ་སྤ་མར་གེ་མཛོ་གཉན། །མགྲོན་ཡག་དར་མ་བཅུ་གསུམ་འཁོར་བཅས་ལ། །མཆོད་གཏོར་འབུལ་ལོ་ལུས་དང་གྲིབ་བཞིན་འགྲོགས། །དཔའ་ཐུས་སུམ་ཅུ་ཡང་ཐུས་མི་མཆོག་བདུན། །ཞེ་ཐུས་མཆེད་གསུམ་དང་སྨན་འཁོར་འབངས་གཡོག །དགྲ་བླ་ཝེར་མ་ཅང་སེ་ཤུག་མགོན་ལ། །མཆོད་གཏོར་འབུལ་ལོ་ཉེས་ཞི་ལེགས་ཚོགས་སྤེལ། །དཀོན་མཆོག་སྲིད་ཞུ་མགོན་པོ་ཡོན་ཏན་མགྲོན། །ལན་ཆགས་བགེགས་དང་རིགས་དྲུག་སྙིང་རྗེའི་ཡུལ། །མཆོད་འོས་བརྔན་འོས་སྦྱིན་འོས་ཐམས་ཅད་ལ། །མཆོད་གཏོར་འབུལ་ལོ་འདོད་དོན་ཀུན་འགྲུབ་མཛོད། །རྩེ་གཅིག་གུས་པས་ཁྱེད་མཆོད་བྱིན་རླབས་ཀྱིས། །འཇིག་རྟེན་བདེ་ཞིང་སངས་རྒྱས་བསྟན་པ་དར། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་དགེ་ལེགས་འཕེལ། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་ལུགས་ཟུང་མཁྱེན་ལྡན་ཀརྨ་ཤེས་ལྡན་ནས་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་རྫོང་གསར་བཀྲ་ཤིས་ལྷ་རྩེར་སྤེལ་བ་མངྒ་ལཾ་བྷ་བནྟུ།། །།


previousརྒྱུན་བསངས།next