Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད།
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད།next

ཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད།


LT39_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད་བཞུགས་སོ། །ཀྱཻ། །མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲའི། །ཉིང་ལག་རིགས་གསུམ་མགོན་པོའི་གནས། །བྱེ་བྲག་རྡོ་རྗེ་འཛིན་པ་ཡིས། །བྱིན་རླབས་འོད་གསལ་ཐུགས་མཆོག་གི། །གནས་གཏེར་སྐྱོང་མཛད་དམ་ཚིག་ཅན། །མཐུ་ལྡན་བདུད་ཀྱི་དགེ་བསྙེན་ཆེ། །རག་ཉག་བྲག་རི་རྔམས་པ་སོགས། །རྫོང་ཆེན་རྫོང་ཕྲན་མང་པོ་ལ། །གནས་བཅས་རྡོ་རྗེ་ལས་མྱུར་རྩལ། །མདོག་ནག་ཁྲོ་གཏུམ་རྔམ་བརྗིད་ཅན། །དར་ནག་མདུང་རིང་གནམ་དུ་ཕྱར། །བདུད་ཞགས་ནག་པོ་གཡོན་དུ་བསྐྱིལ། །དར་ནག་ཐོད་བཅིངས་བེར་ནག་གསོལ། །མགྱོགས་པ་བྲ་ནག་རྟིང་དཀར་ཆིབས། །དགྱེས་སྡེ་བློན་འཁོར་མང་པོས་བསྐོར། །ལན་རེ་གཡག་ནག་རི་འདྲ་ཞོན། །ཤངས་ལང་བསྟན་དགྲའི་མགོ་ལ་རྡེག །ཕུར་བུ་དམ་སྲིའི་སྙིང་ལ་གཟིར། །མཐུ་ལྡན་སྔགས་པའི་ཆ་ལུགས་སོགས། །མ་ངེས་སྤྲུལ་པ་ཅིར་ཡང་སྟོན། །ཕོ་ཉ་བཙན་བདུད་མང་པོ་འགྱེད། །འཁོར་བཅས་མཆོད་པའི་གནས་འདིར་གཤེགས། །རང་མཐུན་གདན་ལ་དགྱེས་པར་བཞུགས། །མཁན་ཤུག་བ་ལུ་ཨ་གར་སོགས། །


LT39_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཤིང་དུད་པའི་སྤྲིན་ཆེན་ནི། །ས་དང་བར་སྣང་ཡོངས་གང་བས། །ཡུལ་ལྷ་རག་ཉག་གཉན་པོ་བསང་། །རྫུ་འཕྲུལ་ཅན་གྱི་དགེ་བསྙེན་བསང་། །གནས་གཏེར་སྐྱོང་བ་འཁོར་བཅས་བསངས། །ཉིན་སྲིབ་ཕུ་མདའ་གཡས་གཡོན་དུ། །ས་ཆུ་དབང་བྱེད་ཡིད་གཟུགས་ཅན། །མགྲོན་དུ་འོས་པ་ཐམས་ཅད་བསང་། །སྲིད་པའི་ལྷ་གཉན་མན་ཆད་ནས། །འབྱུང་པོ་ཕྲ་མོ་ཡན་ཆད་ནས། །ཡུལ་ཕྱོགས་གནས་གཞི་འདི་དག་ཏུ། །གཉུག་མར་གནས་དང་སྐབས་སུ་རྒྱུ། །ཕན་གནད་ལེགས་ཉེས་བྱེད་རྣམས་བསང་། །གསེར་སྐྱེམས་གཡུ་སྔོན་ཕུད་ཀྱིས་མཆོད། །ཇ་ཆང་འོ་ཕུད་བཏུང་བས་མཆོད། །ཕྱེ་མར་དོན་ཤ་གཙང་མས་མཆོད། །ཤེལ་ཚིག་འབྲུ་སྨན་རིན་ཆེན་མཆོད། །ཤིང་རྩི་དར་ཟབ་བལ་ཚོན་མཆོད། །དཀོན་མཆོག་རྩ་གསུམ་བདེན་པ་དང་། །བདག་ཅག་མོས་པའི་མཐུ་སྟོབས་ཀྱིས། །ཡུལ་བདག་ཐུགས་ལ་བཞེད་པའི་སྐོར། །ནམ་མཁའ་མཛོད་ཀྱི་ཆར་བབས་ནས། །ཉམས་གྲིབ་མུན་པ་དབྱིངས་སུ་ཞི། །རུང་ཕྲག་དོག་འཁོན་འགྲས་སྦྱོངས། །དགྱེས་ཞལ་ཟླ་ལྟར་དཀར་བ་ཡིས། །གཞི་བྱེས་ལམ་གསུམ་གར་གནས་ཀྱང་། །ཉིན་མཚན་རྟག་ཏུ་སྲུང་ཞིང་


LT39_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབས། །མ་ཤེས་མ་རིག་དབང་གིས་ནི། །ཕོག་ཐུག་འགྲམས་འཁྲུགས་སོང་བ་བཤགས། །མི་དར་ལྷ་ཡི་རྒྱན་དུ་ཆེ། །ལྷ་དཔལ་མི་ལ་རགས་ལས་པས། །ཡུལ་འདིར་གནས་པའི་སྐྱེ་དགུ་རྣམས། །བཙན་ཕྱུག་འཕན་དར་འཛོམ་པར་མཛོད། །པདྨ་ཐོད་ཕྲེང་བཻ་རོ་སོགས། །རིག་འཛིན་བརྒྱུད་པས་བཀའ་བསྒོས་ལྟར། །མ་གཡེལ་ཇི་ལྟར་བཅོལ་བའི་ལས། །ཐོགས་པ་མེད་པར་འགྲུབ་པར་མཛོད། །ཅེས་ཡུལ་དེའི་སྦྱིན་པའི་བདག་པོའི་བཞེད་ངོར་པདྨའི་བཀའ་རྟགས་འཛིན་པ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པར་ཨེ་ཡིག་སྔགས་ཀྱི་དཀྱིལ་འཁོར་དུ་སྒར་བབས་པའི་སྐབས་སུ་བགྱིས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousཨ་རབ་ཡུལ་ལྷ་རག་ཉག་གཉན་པོའི་བསང་མཆོད།next