Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཡུལ་ལྷ་བསང་མཆོད།
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousཡུལ་ལྷ་བསང་མཆོད།next

ཡུལ་ལྷ་བསང་མཆོད།


LT39_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཡུལ་ལྷ་རྣམས་ལ་བསང་མཆོད་འབུལ་བར་འདོད་པས་བསང་དང་གསེར་སྐྱེམས་སོགས་འབག་བཙོགས་ཀྱིས་མ་གོས་པའི་མཆོད་པ་ཅི་འབྱོར་བཤམས་ལ། རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿས་བྱིན་བརླབས་ལ། ཀྱེ། འབྲི་ཟླ་ཟལ་མོ་སྒང་གི་ཡུལ། །འགྲོ་འདུལ་ཕྲིན་ལས་གནས་ཀྱི་ཆ། །ཟླ་བའི་ཀླུང་གི་ཐ་གྲུ་ལ། །དབང་སྒྱུར་གཞི་ཡི་བདག་རྣམས་དང་། །ཁྱད་པར་ཡུལ་སྐྱོང་ཟོ་དོར་རྣམས། །བསང་མཆོད་གནས་འདིར་སྤྱན་འདྲེན་གཤེགས། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །སངས་རྒྱས་བསྟན་ལ་ཕྱོགས་པའི་ལྷ། ཁ་ལག་རྡོ་རྗེ་དྲིལ་དཀར་ཞེས། །མི་དཀར་རྟ་དཀར་ཞང་བློན་ཆས། །ཤུགས་ཆེན་དྲེའུ་རོལ་དུ་ཁྲིད། །རྒྱལ་མཚན་ཕྱར་ཞིང་དྲིལ་བུ་འཁྲོལ། །ཁྱུང་རྫོང་དགེ་བསྙེན་བརྗིད་པའི་གཟུགས། །ཨ་མྱེ་གདོང་ཟླ་སྔགས་པའི་ཆས། །ངང་མ་ཉ་ར་ནག་ཟེ་དང་། །རོང་རྒྱལ་སེ་བོ་ཡོ་དྲང་གི། དཔང་པོ་སྲིད་པའི་ལྷ་རྒན་སོགས། །ཆོས་འཁོར་སྐྱོང་ཞིང་ཡུལ་ལྗོང་འདིར། །མགོན་སྐྱབས་སྡོང་གྲོགས་བྱེད་པ་ཡི། །གཞི་གནས་ཡུལ་གྱི་བདག་པོ་རྣམས། །དྲི་བཟང་ཤིང་རྩིའི་དུད་པས་བསང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །ཕྱེ་མར་འབྲུ་སྨན་དཀོར་ཆས་བརྔན། །གསེར་སྐྱེམས་གཡུ་རྔོན་སྦྱར་བས་གསོལ། །མནོལ་བ་བསངས་


LT39_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁོན་པ་བསྡུམ། །དབུ་འཕང་བསྟོང་ཅིང་གཟི་བྱིན་སྐྱེད། །གནས་མགྲོན་ངོ་སོ་མ་ཆུང་བར། །མཆོད་བསྟོད་བཞེས་ལ་སྲུང་སྐྱོབས་མཛོད། །པདྨ་འབྱུང་གནས་ཀརྨ་པ། །གྲུབ་པའི་རིག་འཛིན་མཆོག་རྣམས་ཀྱིས། །བཀའ་བསྒོས་དམ་བཞག་མ་བསྙེལ་བར། །ཉེས་དགུ་ཞི་ཞིང་ལེགས་ཚོགས་ཀྱི། །དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །ཅེས་དང་། བཛྲ་མུཿས་རང་གནས་སུ་གཤེགས། །ཞེས་པའང་ཟླ་ཀླུང་བདེ་ཆེན་དགོན་གྱི་དགེ་སློང་ཀརྨ་བསོད་ནམས་ནས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཙཱ་འདྲ་རིན་ཆེན་བྲག་ཏུ་སྤེལ་བ་དགེ།། ༈ །།ན་མཿཔདྨཱ་ཀ་རཱ་ཡ། མདོ་སྨད་ཐང་ལྷའི་ཡུལ་སྐྱོང་གཉན་པོ་ལ་བསང་གསོལ་སྒེར་དུ་འབུལ་བར་སྐབས་སུ་བབས་པ་ན། རིན་པོ་ཆེའི་སྣོད་གཙང་མར་དབུས་སུ་གཏོར་མ་གྲུ་བཞི་བརྗིད་པ། གཡས་སུ་དཀར་གཏོར། གཡོན་ཏུ་ཟུར་གསུམ། མདུན་ཏུ་བཤོས་བུ་སྦྲུལ་དཀྲིས། མཐའ་བསྐོར་བཤོས་ཕྲན་བརྒྱད་དང་ཐེབ་ཀྱུ། འདོད་ཡོན་གཟུགས་འགྲོས་སྣ་ཚོགས་སྤར་དུ་བཏབ་པས་བསྐོར་ཞིང་སྨན་འབྲུ་རིན་ཆེན་དར་ཟབ་བལ་ཚོན་སོགས་ཀྱིས་བརྒྱན། རྒྱུན་བསང་ལྟ་བུ་ལ་དཀར་མངར་ཕུད་མཆོད་ཕྱེ་མར་ཙམ་ལ་བརྟེན། །མཆོད་རྫས་ལ་ཆབ་བྲན་ཏེ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་ཐམས་ཅད་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡུལ་སྐྱོང་འཁོར་བཅས་དགྱེས་


LT39_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེད་པའི་བཟའ་བཅའ་བ་ལི༚་གི་རི་བོ། །དཀར་མངར་སྐྱེམས་ཕུད་ཀྱི་རྒྱ་མཚོ། །སྤྱན་གཟིགས་འདོད་ཡོན་གྱི་གཏེར་ཆེན། །གཙང་བྱེད་བདུག་པའི་སྤྲིན་ཕུང་ལ་སོགས་པ་ས་དང་བར་སྣང་ནམ་མཁའ་ཐམས་ཅད་གང་ཞིང་མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་བཛྲ་སྥ་ར་་ཁཾ། རོལ་མོ་བསྒྲགས་ཤིང་དབྱངས་སྙན་པོས་འདི་སྐད་གྱེར་རོ། །ཀྱེ། །མདོ་ཁམས་ལྷོ་ཕྱོགས་ཚ་བ་རོང་། །འཁོར་ལོ་སྡོམ་པའི་གནས་མཆོག་དང་། །རྗེས་འབྲེལ་ཐང་ལྷའི་ཡུལ་སྐྱོང་བ། །སེང་གེ་སྤུན་གསུམ་གཙོར་གྱུར་པའི། །ལྷ་ཀླུས་བདག་གཉན་པོ་རྣམས། །བསང་ཞིང་མཆོད་པའི་གནས་མཆོག་འདིར། །རྣལ་འབྱོར་བདག་གིས་བོས་པའི་ཚེ། །ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས། །མ་ཐོགས་མྱུར་དུ་གཤེགས་ནས་ཀྱང་། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བདེ་གཤེགས་སྨན་གྱི་བླ་མ་སོགས། །རྒྱལ་བ་སྲས་བཅས་རྩ་གསུམ་ལྷ། །དད་པའི་ཡུལ་ལ་བརྩེར་དགོངས་ཏེ། །མདུན་མཁར་བསོད་ནམས་ཞིང་དུ་བཞུགས། །གཟུགས་མཛེས་སྒྲ་སྙན་དྲི་བསུང་ཞིམ། །རོ་བདའ་རེག་འཇམ་དུ་མས་མཆོད། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ལོངས་སྤྱོད་འདོད་ཡོན་སྤྲིན་གྱིས་མཆོད། །རིན་ཆེན་དཀོར་ཆ་སྨན་དང་


LT39_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ། །དར་ཟབ་བལ་ཚོན་དོང་ཙེས་མཆོད། །བྱ་གཅན་རི་དྭགས་གཡུང་དྭགས་དང་། །ཆུ་གནས་ས་འཛུལ་གཟུགས་ཀྱིས་མཆོད། །རྩི་བཅུད་ཕྱེ་མར་གངས་ལྟར་སྤུངས། །དཀར་མངར་སྐྱེམས་ཕུད་མཚོ་ལྟར་བསྐྱིལ། །འབྲང་རྒྱས་ཤེལ་ཚིག་ཐང་མར་བརྡལ། །མདའ་དར་གོ་མཚོན་རྟེན་གྱིས་མཆོད། །བཟང་ཤིང་བདུད་རྩི་ཅན་གྱི་ཚོགས། །གཙང་བྱེད་འབར་བའི་མེ་ལ་བསྲེགས། །གཡུ་དུད་ལྷོ་སྤྲིན་ནམ་མཁའ་གང་། །དྲི་བཟང་ངད་པས་བར་སྣང་ཁྱབ། །འདོད་ཡོན་མཆོད་སྤྲིན་དཔག་མེད་འཕྲོ། །ཞི་བ་བདུད་རྩིའི་བསང་མཆོད་འདིས། །བཅོམ་ལྡན་སྨན་པའི་རྒྱལ་པོ་སོགས། །རྩ་གསུམ་ཆོས་སྲུང་འཁོར་བཅས་བསང་། །རོང་བཙན་ཁ་བ་དཀར་པོ་ཡི། །གནས་གཏེར་སྲུང་མ་འཁོར་བཅས་བསང་། །ཁྱད་པར་ཡུལ་སྐྱོང་ལྷ་ཡི་གཙོ། །དར་མ་ཡག་པ་མགོ་དྲུག་སྟེ། །སེང་གེ་སྤུན་གསུམ་འཁོར་བཅས༴ །བཙུན་མོ་མཚོ་སྨན་ཕྱུག་མོ་ནི། །ཀླུ་གཉན་སྡེ་འཁོར་བཅས་པ༴ །ཁྲོ་ཅོག་བན་བོན་སྐྱེས་གཟུགས༴ །རྒྱ་སྟག་རྡོ་ཁྱི་གཉན་པོ་བསང་། །རྒྱ་མཐའ་གཡུང་དྲུང་འཁྱིལ་པ༴ །ར་མཐའ་བྲག་སེར་གནས་བདག༴ །ཐང་ལྕོགས་སྦ་རྫོང་གྲོང་བདག༴ །ཐང་མགོའི་བྲག་ནག་ཐང་མཇུག་གི། བྲག་དཀར་གཡུ་མཚོའི་ཀླུ་སྨན་བསང་། །དར་ལམ་བྲག་མོ་གཞི་བདག་བསང་། །དཀར་


LT39_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བྱ་ཁྲོལ་ལྷ་གཉན༴ །ཤང་ཤང་རྫོང་དང་རི་རྙིང་རྫོང་། །ཡ་མཚན་ས་བདག་མཆེད་གཉིས་བསང་། །གཞན་ཡང་དཀར་པོའི་ཕྱོགས་སྐྱོང་བ། །ལྷ་ཀླུ་བཙན་བདུད་གཉན་དང་སྨན། །ཕུ་མདའ་ཉིན་སྲིབ་གཡས་གཡོན་ལ། །གནས་ཤིང་སྡོང་གྲོགས་མཛད་པ་ཡི། །ས་བདག་གནས་བདག་འཁོར་བཅས་བསང་། །ཉམས་གྲིབ་ཕོག་པ་བསང་གིས་བསང་། །མཁོན་གཅུག་ཞུགས་པ་བཤགས་པས་བསྡུམ། །དབུ་འཕང་ཡར་ངོའི་ཟླ་བཞིན་བསྟོད། །ཟག་མེད་བདེ་བས་ཐུགས་མཉེས་ནས། །འདོད་པའི་དོན་རྣམས་བསྒྲུབ་ཏུ་གསོལ། ཀྱེ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་གཏེར། །རྩ་གསུམ་ཆོས་སྐྱོང་གཏེར་སྲུང་བ། །གཞི་གནས་ཡུལ་བདག་འཁོར་བཅས་ལ། །མོས་ཤིང་དང་བས་བསྟོད་པར་བགྱི། །གངས་དཀར་ཤེལ་གྱི་གཞལ་ཡས་ཁང་། །འཇའ་འོད་རིན་ཆེན་གུར་ཁང་ན། །དཀར་པོའི་ཕྱོགས་སྐྱོང་དགེ་བསྙེན་ཆེ། །བཙན་ཕྱུག་སེང་གེ་སྤུན་གསུམ་ནི། །གཙོ་བོ་དཀར་གསལ་གངས་རིའི་མདོག །ཕྱག་གཡས་དར་དཀར་ལྷ་དམག་གཡོབ། །གཡོན་པ་ནོར་བུའི་དགོས་འདོད་སྩོལ། །སེང་གེའི་སྟེང་ན་རོལ་སྟབས་བཞུགས། །དེ་འོག་མི་དཀར་ཟླ་བའི་མདངས། །ཕྱག་གཡས་བ་དན་གཉན་དམག་སྡུད། །གཡོན་པས་འཁོར་ལོ་དབང་དུ་སྒྱུར། །ཅང་


LT39_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དཀར་པོ་ཤུགས་ལྡན་ཆིབས། །ཐ་ཆུང་མི་དམར་བྱེ་རུའི་མདོག །ཕྱག་གཡས་དར་དམར་བཙན་ཁྲོམ་སྐུལ། །གཡོན་པས་རཏྣ་གཏེར་གྱི་མཛོད། །རྟ་མཆོག་དམར་པོ་འཕྲུལ་ལྡན་ཆིབས། །རང་རང་མདོག་མཚུངས་དར་བེར་གསོལ། །གསེར་གྱི་གོ་ཁྲབ་འོད་དུ་འབར། །བརྗིད་པའི་འཁོར་གསུམ་རྐེད་ལ་བསྐོར། །ལྕམ་གཅིག་མཚོ་སྨན་ཕྱུག་མོ་ནི། །དཀར་གསལ་ཡིད་འོང་མཛེས་ཤིང་འཛུམ། །དར་དཀར་གོས་གསོལ་རིན་ཆེན་རྒྱན། །མདའ་དར་རཏྣའི་གཞོང་པ་ནི། །བཅུད་ལྡན་བཟའ་བཅས་བཀང་བ་འཛིན། །ཤ་བ་ཡུ་མོ་ཆིབས་སུ་ཆིབ། །རང་འཁོར་འབུམ་གྱི་ཚོགས་བཅས་ལ། །དགའ་ཞིང་གུས་པའི་ཡིད་ཀྱིས་བསྟོད། །སྔོན་ཚེ་པདྨཱ་ཀ་ར་དང་། །ལོ་ཆེན་བཻ་རོ་ཀརྨ་པ། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཞལ་བཞེས་ཐ་ཚིག་དྲན་མཛོད་ལ། །དམག་འཁྲུགས་ལོ་ཉེས་ནད་ཡམས་སོགས། །དུས་ཀྱི་རྒུད་པ་མཐའ་དག་སོལ། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས། །སྣོད་བཅུད་བདེ་སྐྱིད་འབྱོར་བ་སྤེལ། །བསྟན་པའི་དབུ་འཕང་དགུང་དུ་བསྟོད། །རྣལ་འབྱོར་བདག་དང་ཡོན་བདག་ལ། །བྱམས་པའི་ཐུགས་ཀྱིས་གཡེལ་མེད་དགོངས། ཁ་འཛིན་སྡོང་གྲོགས་རྒྱབ་བརྟེན་མཛོད། །གཞི་བྱེས་ཀུན་ཏུ་སྲུང་ཞིང་སྐྱོབས། །ཡིད་ལ་འདོད་རྒུའི་དོན་རྣམས་སྒྲུབས། །ཕྱོགས་


LT39_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་རྒྱལ་བ་ཡི། །དགེ་ལེགས་སྣང་བས་ས་གསུམ་ཁྱབ། །བཀྲ་ཤིས་དཔལ་འབྱོར་གོང་འཕེལ་ཤོག །རྗེས། གཙྪ་གཙྪ་སྭ་བྷཱ་བཱ་ནཱཾ། ཞེས་རང་གནས་སུ་གཤེགས་སུ་གསོལ་ལོ། ཞེས་པ་འདིའང་ཐང་ལྷ་རི་ཁྲོད་ཀྱི་སྒྲུབ་བླ་ཀརྨ་བདེ་ཆེན་དང་ཀརྨ་གུ་རུ་ཟུང་གིས་སྔ་རྗེས་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་ཏུ་བྲིས་པ་དགེ་ལེགས་འཕེལ།། ༈ །།ཨོཾ་སྭ་སྟི། ཁྲ་འབོའི་ཡུལ་བདག་ལྷ་བཙན་ཀླུ་གསུམ་གྱི་བསང་མཆོད་གསེར་སྐྱེམས་མདོར་བསྡུས་པ་ནི། དཀར་གཏོར་འདབ་ལྡན། དམར་གཏོར་རྩེ་རྒྱལ། ཀླུ་བཤོས་སྦྲུལ་དཀྲིས་རྣམས་རྒྱན་གྱིས་སྤྲས་པ། འབྲུ་སྨན་དར་ཟབ། ཕྱེ་མར་གསེར་སྐྱེམས་སོགས་གཙང་མཆོད་ཇི་ལྟར་འབྱོར་པ་དང་། རྒྱུན་ཏུ་བསང་ངང་གསེར་སྐྱེམས་ཙམ་བཤམས་ལ། རཾ་ཡཾ་ཁཾ། མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ། །དག་པ་ཡེ་ཤེས་བདུད་རྩིའི་དངོས། །འདོད་རྒུ་ཅི་ཡང་འཆར་བའི་དཔྱིད། །མགྲོན་རིགས་ཐུགས་ལ་དགྱེས་བསྐྱེད་པ། །རྒྱ་ཆེ་རྒྱུན་མི་འཆད་པར་གྱུར། ཨོཾ་བཛྲ་སྥ་ར་་ཁཾ། ཀྱེ། ཡུལ་བདག་དགེ་བསྙེན་མཐུ་བོ་ཆེ། །ཟོ་ལུང་བྲག་དཀར་གཉན་པོ་སོགས། །དཀར་པོའི་ལྷ་དང་དམར་པོའི་བཙན། །སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །ཡབ་ཡུམ་མཆེད་འཁོར་བྲན་དང་བཅས། །དད་མོས་གདུང་


LT39_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྤྱན་འདྲེན་ན། །དགྱེས་པའི་སྟབས་ཀྱིས་གཤེགས་སུ་གསོལ། །ཙནྡན་བ་ལུ་ཨ་གར་སོགས། །བཟང་ཤིང་དུད་པས་ནམ་མཁའ་གང་། །ཕྱེ་མར་དཀོར་ཆ་རི་ལྟར་སྤུངས། །གསེར་སྐྱེམས་བཏུང་བ་མཚོ་ལྟར་བསྐྱིལ། །དབང་པོ་ལྔ་ལ་དགྱེས་སྐྱེད་པའི། །འདོད་རྒུ་མ་ཚང་མེད་པ་འདིས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །ཟོ་ལུང་བྲག་དཀར་རྡོ་རྗེ་དཔལ། །ལྷ་ཡི་སྡེ་འཁོར་བཅས་པ་བསང་། །བཙན་ཆེན་རྡོ་རྗེ་མཆོག་རྒོད་རྩལ། །བཙན་གྱི་སྡེ་འཁོར་བཅས་པ་བསང་། །ཀླུ་ཆེན་ནོར་འཛིན་སྟངས་དཔྱལ་ནི། །ཀླུ་ཡི་སྡེ་འཁོར་བཅས་པ་བསང་། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ས་བདག་ཤིང་བདག་ཆུ་ཡི་བདག། སྡེ་བརྒྱད་འབྱུང་པོ་མེ་མ་ཡིན། །གཉུག་མར་གནས་བཅས་གློ་བུར་ལྷགས། །མཆོག་དམན་བར་མའི་མགྲོན་ཚོགས་རྣམས། །བདུད་རྩི་ཤིང་གི་དུད་པས་བསང་། །གཙང་མ་གསེར་སྐྱེམས་ཕུད་ཀྱིས་མཆོད། །འདོད་ཡོན་དཀོར་ཆ་ཚང་བས་བརྔན། །སོ་སོའི་ཆེ་བའི་ཡོན་ཏན་ལ། །སྙན་པའི་དབྱངས་ཀྱིས་བསྟོད་པར་བགྱི། །ཆོས་རྣམས་སྟོང་ཞིང་བདག་མེད་ཀྱང་། །བདེ་སྡུག་རྒྱུ་འབྲས་བསླུ་བ་མེད། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན། །བདེན་པའི་བཀའ་ལ་ཡིད་ཆེས་ན། །འདི་ཕྱི་ཕན་བདེའི་རྒྱུ་ཡིན་


LT39_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཞན་ལ་འཚེ་བའི་བསམ་སྦྱོར་སྤོངས། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །རྩོལ་མེད་རྒྱུད་ལ་སྐྱེ་གྱུར་ཅིག །སྦྱིན་པ་གཉིས་ཀྱིས་བསྡུས་པའི་མགྲོན། །དགའ་མགུ་མཉེས་ཤིང་ཚིམས་ནས་ཀྱང་། །ནད་མུག་མཚོན་འཁྲུགས་ལ་སོགས་པ། །མི་མཐུན་ཕྱོགས་ཀུན་ཞི་བར་མཛོད། །བསྟན་པའི་དབུ་འཕང་དགུང་དུ་བསྟོད། །ཡུལ་ཁམས་སྐྱེ་དགུར་དགེ་ལེགས་སྤེལ། །བདེ་སྐྱིད་ཡར་ཟླ་ལྟར་རྒྱས་མཛོད། །པད་འབྱུང་ཀརྨ་པ་ལ་སོགས། །རྡོ་རྗེ་སློབ་དཔོན་མཆོག་རྣམས་ཀྱི། །ཞལ་མཐོང་གསུང་ཐོས་བཀའ་བསྒོས་པའི། །ཐ་ཚིག་གཉེན་པོ་མ་བསྙེལ་བར། །ཅི་ལྟར་བཅོལ་བའི་ཕྲིན་ལས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །སྭ་སྠཱ་ནི་གཙྪ། ཞེས་པའང་སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་འཛིན་པ་ཆོས་ཉིད་མཆོག་གི་སྤྲུལ་པའི་སྐུ་དང་། སྒྲུབ་བླ་མ་རིག་འཛིན་དཔོན་སློབ་ཐུགས་བཞེད་སྐོང་ཕྱིར་པདྨ་གར་དབང་རྩལ་གྱིས་གཡར་ཁྲལ་དུ་བྲིས་པ་དགེ་ལེགས་འཕེལ།། །།


previousཡུལ་ལྷ་བསང་མཆོད།next