Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནས་མཆོག་འབུར་མོ་བྲག་དཀར་ལ་བསང་མཆོད།
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགནས་མཆོག་འབུར་མོ་བྲག་དཀར་ལ་བསང་མཆོད།next

གནས་མཆོག་འབུར་མོ་བྲག་དཀར་ལ་བསང་མཆོད།


LT39_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གནས་མཆོག་འབུར་མོ་བྲག་དཀར་ལ་བསང་མཆོད་འབུལ་བར་འདོད་པས་བསང་དང་གསེར་སྐྱེམས་སོགས་འདུ་བྱས་ལ། རཾ་ཡཾ་ཁཾ། མ་དག་པའི་དངོས་པོ་སྟོང་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་བུ་གྱུར། ཧྲཱིཿ གདོད་ནས་རྣམ་དག་འོག་མིན་ཞིང་། །ཡེ་ཤེས་རོལ་པའི་རང་རྩལ་ལས། །གནས་ཡུལ་ཞིང་གི་བཀོད་པ་ཤར། །དེ་བཱི་ཀོ་ཊིའི་དཀྱིལ་འཁོར་གྱི། །ཆ་ཤས་ཞི་དང་ཁྲོ་བོའི་ལྷ། །འདུས་མདོ་གནས་ཀྱི་སྙིང་པོ་ནི། །ཕྱི་ལྟར་འབུར་མོ་རིན་ཆེན་བྲག །ནང་ལྟར་ཟབ་མོ་གཏེར་གྱི་མཛོད། །གསང་བ་འོད་གསལ་གཞལ་མེད་ཁང་། །རྩ་གསུམ་ལྷ་ཚོགས་འཇའ་ལྟར་ཤར། །ཆོས་སྐྱོང་ནོར་ལྷ་དགྱེས་པས་རོལ། །དཀར་ཕྱོགས་སྐྱོང་རྣམས་གུས་པས་འདུན། །ཁྱད་པར་བོན་གཤེན་ཡི་དམ་ལྷ། །གཙང་མ་ལྷ་གསས་སྤྲིན་ལྟར་འདུ། །ཆུ་ཟླ་མེ་ལོང་གཟུགས་བརྙན་བཞིན། །དོན་དམ་དབྱིངས་སུ་རོ་གཅིག་ཀྱང་། །གང་འདུལ་སྣང་བརྙན་ཅི་ཡང་འཆར། །རྡུལ་གཅིག་ལ་ཡང་ཞིང་དང་སྐུ། །གང་དམིགས་དེ་ལྟར་སྣང་བ་ལ། །གུས་པས་ཕྱག་འཚལ་འདུད་ཅིང་བསྟོད། །ཕྱི་ནང་གསང་བ་བླ་ན་མེད། །ཕྱེ་མར་གསེར་སྐྱེམས་འབྲུ་སྨ་སོགས། །


LT39_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད། །བཟང་ཤིང་སྤོས་ཀྱི་དུད་པའི་སྤྲིན། །གནམ་ས་བར་སྣང་ཡོངས་གང་བས། །སྡོམ་པ་དམ་ཚིག་ཉམས་པ་དང་། །མི་དགེ་མ་རུངས་ལས་བགྱིས་པས། །རྟེན་དང་བརྟེན་པར་བཅས་པ་ལ། །ཉམས་གྲིབ་དམེ་མནོལ་ཕོག་པ་བསང་། །བྱང་ཞིང་དག་ནས་སོར་ཆུད་དེ། །སྐུ་གསུང་ཐུགས་མཆོད་དགྱེས་ཤིང་ཚིམས། །གཟི་བརྗིད་ལྡན་ཅིང་མཐུ་རྩལ་ཆེ། །བྱིན་རླབས་དཔལ་དུ་འབར་བ་ཡིས། །འགྲོ་ལ་སྲུང་སྐྱོབས་སྦ་བ་དང་། །ཐུན་མོངས་མཆོག་གི་དངོས་གྲུབ་སོགས། །འདོད་དགུ་ཡིད་བཞིན་སྩལ་དུ་གསོལ། །མངྒ་ལཾ་སིངྡྷི་ཛ་ཡ་ཨ་ལ་ལ་ཧོཿཞེས་གསང་བའི་ཐེག་པ་ལ་མོས་ཡིད་དང་ལྡན་པ་ཇ་སྦྲ་ཞང་ཚེ་ནས་བསྐུལ་ངོར་འཆི་མེད་བསྟན་གཉིས་གཡུ་དྲུང་གླིང་པ་སྩལ་གྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousགནས་མཆོག་འབུར་མོ་བྲག་དཀར་ལ་བསང་མཆོད།next