Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འབྱུང་བ་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གཙུག་ལག་གི་གྱེར་གཏོ་ཆེན་པོའི་བཅའ་གཞི་ལག་ལེན་གསལ་བར་བྱེད་པ་གསེར་གྱི་ཐུར་མ།


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousའབྱུང་བ་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གཙུག་ལག་གི་གྱེར་གཏོ་ཆེན་པོའི་བཅའ་གཞི་ལག་ལེན་གསལ་བར་བྱེད་པ་གསེར་གྱི་ཐུར་མ།no next

འབྱུང་བ་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གཙུག་ལག་གི་གྱེར་གཏོ་ཆེན་པོའི་བཅའ་གཞི་ལག་ལེན་གསལ་བར་བྱེད་པ་གསེར་གྱི་ཐུར་མ།


LT39_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གཙུག་ལག་གི་གྱེར་གཏོ་ཆེན་པོའི་བཅའ་གཞི་ལག་ལེན་གསལ་བར་བྱེད་པ་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ།། །།


LT39_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་པྲ་ཛེ་བྷྱཿ །འཇམ་པའི་དབྱངས་དེ་རྒྱལ་བ་ཀུན་གྱི་ཡབ། །འཕྲུལ་གྱི་མི་བཞི་སྐྱེ་འགྲོ་གསོ་བའི་རྩི། །དུར་ཧ་ནག་པོ་སྨྲང་ཆེན་བཀྲོལ་བའི་ལྗགས། །སྟོན་འཁོར་ངོ་བོ་གཅིག་ཕྱིར་སྐྱབས་ཀྱི་ཡུལ། །སྣང་སྲིད་ཞི་བདེ་སྒྲུབ་པའི་ལམ། །རཱ་ཧུ་ཟླ་ནག་ཁམས་ཁྲ་སོགས། །ཚད་མའི་སྐྱེས་བུས་གསལ་མཛད་མོད། །ཕྱིས་དུས་འཇིག་རྟེན་སྣང་བའི་མིག །ཆོས་དཔལ་རྒྱ་མཚོ་ཀུན་ཁྱབ་སོགས། །བློ་ལྡན་དག་གི་དྲིན་ལས་འདི། །ཕྱོགས་ཙམ་ལོངས་སུ་སྤྱོད་པའི་ཚེ། །ངོ་མཚར་མོས་པའི་ཀུནྡ་དགོད། །དེང་སང་འདི་ལ་ལག་ལེན་བྱེད་པ་དཀོན། །བྱེད་མཁན་ཕལ་ཆེར་སྤྱན་རས་མུན་པས་འཐུམས། །གསལ་བྱེད་


LT39_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཐུར་མ་འདི་སྦྱིན་གྱི། །གཏོ་མཁན་རྣམས་ཀྱིས་གཅེས་པའི་དབྱིགས་སུ་ཟུངས། །དེའང་སྤྱིར་གཏོ་ལ་རིགས་གསུམ། རྒྱ་གར། །རྒྱ་ནག །གཏེར་ནས་བྱུང་བ་རྣམས་ལས། འདི་རྒྱ་ནག་ལས་བསྒྱུར་བ་ཡིན་ཅིང་། །རྒྱ་ནག་གི་གཏོ་ཐམས་ཅད་ཀྱི་ཕུག་གམ་རྩ་བ་ནི་གསལ་སྒྲོན་ཉིད་ཡིན་ལ། །དེ་ལས་བཤད་པའི་གཏོ་ཐམས་ཅད་ཀྱི་སྤྱིའི་ཁོག་དབུབ་དང་རྩ་བའི་གཞིར་གྱུར་པ་འབྱུང་བ་སྤྱི་དང་གསོན་གཤིན་གཉིས་ཏེ་སྣང་སྲིད་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གྱེར་གཏོ་ཆེན་པོ་འདི་ལག་ཏུ་ལེན་པ་ལ་སྤྱི་དོན་གསུམ། །དཀྱིལ་འཁོར་བྲི་ཞིང་རྫས་འགོད་པ། །ཆོ་གའི་གཞུང་བསྲང་བ། གླུད་དང་ཡས་སྟགས་གཏང་པའི་


LT39_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ལོ། དང་པོ་ལ་གཉིས། །དཀྱིལ་འཁོར་འབྲི་བ་དང་། རྫས་འགོད་པའོ། དང་པོ་ལའང་གཉིས། སྤྱི་དང་བྱེ་བྲག་གོ། །དང་པོ་ནི། གཟའ་སྐར་དགེ་བའི་སྔ་དྲོའི་ཆར་གཏོ་མཁན་འཇམ་དབྱངས་སུ་བསྐྱེད་ཅིང་ཝཱ་གཱི་ཤྭ་ར་ཅུང་ཟད་བཟླས་ལ། །དཀར་གཏོར་གསེར་སྐྱེམས་འོ་ཕུང་སོགས་བཤམས་ལ། གཞི་བདག་དཀར་གཏོར་སྔོན་ཏུ་འགྲོ་བས་དབང་ཆེན་ལས་འབྱུང་བ་ལྟར་ས་སློང་བྱ། །ལྟོ་འཕྱེ་བརྟགས་ལ་ས་བླངས་ཏེ། ཁང་ཡུལ་གྱི་ཡངས་དོགས་དང་བསྟུན་པའི་རྒྱ་དང་། དཔངས་སུ་མཐོ་གང་ལྷག་ཙམ་ཡོད་པའི་ས་སྟེགས་འཐས་པར་གཅག །དབང་ཆེན་ཚིགས་བཅད་དང་བསྟུན། དྲི་བཟང་སྨན་དང་འོ་མས་ཆག་ཆག་བཏང་། །ཐིག་ཆེན་བརྒྱད་པོ་སྤྱི་ལྟར་གདབ། །ཕྱོགས་རེར་ཆ་ཆེན་བཅུ་རེར་བགོས། །ཕྱོགས་གཉིས་བསྡམས་པས་ཉི་ཤུའོ། །ཕྱི་ནས་ནང་དུ་བགྲང་བ་ཡི། །དང་པོ་རླུང་གི་དཀྱིལ་འཁོར་ལྗང་། །གཉིས་པ་ཆུ་ཡི་དཀྱིལ་འཁོར་དཀར། །གསུམ་པ་གསེར་གྱི་ས་གཞི་སེར། །བཞི་པ་མེ་ཡི་དཀྱིལ་འཁོར་དམར། །ལྔ་པ་ཁྱམས་ཏེ་རྒྱུ་སྐར་གནས། །ཤར་ཤིང་ལྗང་སོགས་ཕྱོགས་མདོག་དབྱེ། །དེ་རྣམས་གྲུ་བཞི་ཁོ་ནར་བཅད། །དྲུག་ནས་བཅུ་བར་ཟླུམ་པོར་བསྐོར། །དྲུག་པར་འདབ་མ་བཅུ་གཉིས་དབྱེ། །ལོ་སྐོར་ཁྱིམ་ཡིན་


LT39_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ནི། །འདབ་མ་བརྒྱད་བྱས་སྤར་ཁ་སྟེ། །བརྒྱད་པར་དགུ་ལིང་སྨེ་བའི་གནས། །ལྔ་སེར་ལྟོ་ལ་གབ་པ་དང་། ཁ་དོག་ལ་སོགས་འབྱུང་རྩིས་ཀྱི། །ལག་ལེན་སྤྱི་དང་མཐུན་པར་ཤེས། །དགུ་པ་བཞི་ཆ་བཞི་རུ་བགོ། །བཅུ་པ་ཕྱེད་བགོ་ཕྱི་ཕྱེད་བགོ། །འཁོར་ལོ་རྩིབས་བརྒྱད་ལྟེ་བ་བཅས། །གསེར་མདོག་གཙོ་དང་འབྱུང་ལྷའི་གནས། །ལྔ་པའི་ལྷོ་བྱང་རུས་སྦལ་གྱི། །མགོ་མཇུག་གྲྭ་བཞིར་ཡན་ལག་དང་། །བཞི་པ་དང་ནི་གསུམ་པ་ལ། །རྟ་བབས་མེད་པའི་སྒོ་རྐྱང་དུ། །བཤད་ཀྱང་ད་ལྟའི་ཕྱག་ལེན་ཏུ། །སྒོ་རྐྱང་འབྲི་བར་མི་མཛད་དོ། །གཉིས་པ་བྱེ་བྲག་ཏུ། འཁྲུགས་གཏོ་བྱེད་ན་སའི་དཀྱིལ་འཁོར་རིམ་པ་བཞིར་བགོས་པའི་ཐིག་གདབ། སྤར་སྨེ་སོགས་ཀྱི་གྱེར་དང་མ་འབྲེལ་བའི་ཆོ་ག་དང་པོ་ཁ་རྐྱང་བྱེད་པའི་སྐབས། །ལྔ་པ་ཕྱོགས་མདོག །དྲུག་པར་རུས་སྦལ་གྱི་མགོ་དང་ཡན་ལག །བདུན་པར་ཁོག་པ། བརྒྱད་པ་མུ་ཁྱུད། །དགུ་པ་རྩིབས་པདྨ། བཅུ་པ་གཙོ་བོའི་གནས་སོ། གཉིས་པ་རྫས་འགོད་པ་ལ་གསུམ། སྤྱི་ལ་དགོས་པ། བྱེ་བྲག་གི་བཤམ་ཚུལ། འཁྲུགས་གཏོ་དམིགས་སུ་བཤད་པའོ། །དང་པོ་ལ་གཉིས། གཏོ་དཀར་དང་། གཏོ་ནག་གོ། །དང་པོ་ནི། གཙོ་བོ་འཇམ་དབྱངས་ཀྱི་སྐུ་བརྙན་ཆེ་ཞིང་ལེག་


LT39_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ། འཁོར་འབྱུང་བའི་ལྷ་མོ་བརྒྱད་གཙོ་བོ་ལས་སྐུ་ཚད་ཆུང་བ། སྤར་སྨེ་གཟའ་སྐར་ས་བདག་སོགས་སྐབས་བསྟུན་དགོས་རིགས་འདོན་ཆ་ནས་ཇི་ལྟར་འབྱུང་བ་རྣམས་མ་འཁྲུལ་བར་རབ་གཙང་མའི་ཁམས་སའམ་འབྲུའི་ཕྱེ་རིན་པོ་ཆེ་བསྲེས་པས་འབུར་སྐུ་ཚོན་ཅན་བཞེངས། འབྲིང་རས་སམ་ཤོག་བུར་བྲིས་པ། ཐ་མ་པར་དུ་བཏབ་པ། སྤར་སྨེ་སོགས་འགོད་རྒྱུ་ཡོད་སྐབས་དཀྱིལ་འཁོར་དབུས་སུ་སྒྲོམ་ཁྲི་ལེགས་པར་བཅས་པའི་དབུས་སུ་འཇམ་དབྱངས། ཕྱོགས་མཚམས་སུ་འབྱུང་བའི་ལྷ་མོ་རྣམས་གཙོ་བོ་ལ་ཞལ་བསྟན་ཏེ་འགོད། སྤར་མེ་སོགས་མི་དགོས་པའི་དཀྱིལ་འཁོར་མཆོད་པའམ་གཏོ་ཕྲན་སྐབས་སུ་དཀྱིལ་འཁོར་འཁོར་ལོའི་ལྟེ་བ་དང་རྩིབས་རྣམས་ལ་བཞུགས་སུ་གསོལ་ལོ། །གཉིས་པ་གཏོ་ནག་གི་བཅས་ཤོམ་ནི། དཀྱིལ་འཁོར་དེ་ཡི་བདེ་ངོས་སུ་གཞི་ནག་པོའི་སྟེང་དུ་བསྲུང་བྱའི་ལོ་གྲངས་དང་བསྟུན་པའི་རབ་ཁལ། འབྲིང་བྲེ། ཐ་མ་ཕུལ་གྱིས་ནས་འཇལ་བ་ཐང་མར་བརྡལ་ལ་རུས་སྦལ་བྲིས་པའི་སྟེང་། ཕྱེ་གཙང་རིན་པོ་ཆེ་སྨན་སྤོས་བསྲེས་པའི་འདྲ་གླུད་འབྱོར་གསུམ་དང་བསྟུན་པའི་སྐྱེ་མཆེད་དོད་པ། ཞོ་ཤའི་སྙིང་སོགས་གླུད་རབ་དང་མཐུན་པ་ལ། བསྲུང་བྱའི་གོས་དང་སྐྲ་སེན་སོགས་སྒྲོན། རྒྱབ་བསྟེན་སྲིད་པ་སྤྱི་བྲིས་དང་


LT39_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་སྲོག་དབུས་བཅུག་གི་ལུས་དབང་ཀླུང་རྟའི་ཁ་དོག་ཅན་གྱི་ནམ་མཁའ་གཟུག །སྟེང་དུ་གདུགས་ཕུབ། ཕྲག་པ་གཡས་གཡོན་ཏུ། ཕོ་ཤིང་མོ་ཤིང་གི་ལོ་ཁྲོམ་མཐོང་བརྒྱུད་ལྟར་གནས་སོ་སོར་འཛུག །དེ་འདྲ་བ་བསྲུང་བྱའི་མི་གྲངས་དགོས། རབ་སུམ་འགྱུར་སོགས་ཀྱང་བྱ་སྲོལ་ཡོད་ཅིང་། དེ་རེ་རེ་ལའང་། གཡས་སུ་ཕོ་ཐང་མདའ་ཁྲ། གཡོན་དུ་མོ་ཐང་འཕང་ཁྲ། མདུན་ཏུ་རྒྱང་བུ་ཆུང་གདོང་། ལག་ཏུ་གསེར་གཡུ། མཐར་ལོ་སྐོར་བཅུ་གཉིས་ཀྱིས་བསྐོར། སྤར་ཁ་བཅོས་པའི་རྫས་ཕལ་ཆེར་ཡང་དེར་བསགས། དར་དང་རྒྱལ་མཚན། རྟ་ཁལ། མཛོ་རྟོལ་སོགས། སྲེ་ལོང་བཅུ་གཉིས། རྭ་རུ། སྒོག་པ་སོགས་བླུགས། མི་ཁའི་རྫས་ཆེན་པོ་བཅོ་བརྒྱད་ནི། ཡོས་བཀྲ་པྲ་སྲན་རམ་རུག་སྒོག་བཙོང་ཚྭ། བ་ཚ་བུལ་ཏོག་བཙོད་ཚོས་གཡེར་རུས་བཏོགས། ཇ་རོ་སྦངས་མ་ལྐོག་གེ་ལྟེ་ཕྱེའོ། དེ་སོགས་གཏོ་ནག་གི་རྫས་རྣམས་གང་འཛོམ་བླུགས། འབྱོར་གསུམ་ནི་རབ་ལུས་ཚད། འབྲིང་ཁྲུ་ཚད། ཐ་མ་མཐོ་ཚད་ཡིན་ནོ། །གཞན་ཡང་ལྟོ་ཟན་ལོ་གྲངས། ཆང་སྐྱོག་ལོ་གྲངས་རྣམས་ཀྱིས་མཐའ་བསྐོར། སྤྲེའུ། ཕུ་ཤུད། ཕ་ཝཾ། རྨ་བྱ། ནེ་ཙོ་སྟེ་ཤག་འདེབས་ལྔ་པོའི་གཟུགས་གླུད་མདུན་ཏུ་ཁ་


LT39_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད་དུ་བསྒྲིག་པར་བྱའོ། །གཉིས་པ་ལ་བཞི། དཀྱིལ་འཁོར་མཆོད་པའི་ཚུལ་དུ་འབུལ་བ། གླིང་བཞི་མདོས་སུ་བསྔོ་བ། རུས་སྦལ་གཏོ་ཡིས་བསྐོར་བ། ཁ་སྒྱུར་གྱི་བ་ཕྱང་ཕྲན་ཐོ་ཙམ་སྨོས་པའོ། །དང་པོ་ནི། ཚེ་སྲོག་བསླུ་བ། ན་ཚ་གསོ་བ། དབང་ཐང་སྐྱེད་པ། ཀླུང་རྟའི་བྱུར་ཡུག་ཕུད་པ་སོགས་གསོན་གཤིན་གྱི་བྱ་བ་སྤྱི་ལ་གཅེས་པ་སྟེ། དཀྱིལ་འཁོར་ཡང་ཆོག་དང་པོ་ཁ་རྐྱང་གི་ལུགས་སུ་བྲིས་ལ། འཇམ་དཔལ་འབྱུང་བའི་ལྷ་བརྒྱད་དང་། གླུད་ཡས་གཏོ་ནག་གི་ཆས་ཚང་བར་བཤམ། སྲོག་གཏོ་དང་འཆི་བསླུ། ལུས་ཀྱི་ན་ཚ་གསོ་བ། སྲོག་ལུས་དབང་ཐང་ཀླུང་རྟ་སྐྱེད་པའི་གཏོ། ན་ཤི་དུར་གསུམ་གྱི་གཏོ་སོགས་གཏོ་ཆུང་ཕྲན་བུ་སྐབས་སུ་གང་བབས་ཀྱི་ཡས་སྟགས་རྣམས་བཤམས་ལ་གྱེར་རོ། །གཉིས་པ་ནི། སྲིད་བཙལ་བ། ལྟེ་བ་སྒྱུར་བ། འཕྲལ་གྱི་ཀེག་ཟློག །ཚེ་གཡང་འགུགས་སྡོམ་སོགས་བྱེ་བྲག་དང་། རོ་འདོན། བག་མ་གཏོང་ལེན། དམག་ཇག །བྱེས་བགྲོད། སྟོན་ཆེན་ཡོ་ལང་སོགས་ཀྱི་རྩ་བར་ཡང་བཟུང་དགོས་པས་དེའི་བཅས་ནི། དཀྱིལ་འཁོར་དབུས་སུ་སྟེགས་ཀྱི་ཁར་རི་རབ་གླིང་བཞི། གླིང་ཕྲན་བརྒྱད་བཅས་བྱས་པ་ལ་འཇམ་དཔལ་འབྱུང་བའི་ལྷ་མོའི་སྐུ་བཞེངས། དཀྱིལ་འཁོར་ལྟེ་བར་ལྔ་སེར།


LT39_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ནས་རིམ་པར་གཡས་བསྐོར་དུ། སུམ་མཐིང་། བཞི་ལྗང་། དགུ་དམར། གཉིས་ནག །བདུན་དམར། དྲུག་དཀར། གཅིག་དཀར། བརྒྱད་དཀར་ཏེ་སྨེ་དགུ། དེ་རྒྱབ་རྩིབས་བརྒྱད་ལ། ཤར་དུ་ཟིན། མེར་ཟོན། ལྷོར་ལི། བདེན་བྲལ་དུ་ཁོན། ནུབ་ཏུ་དྭ། རླུང་དུ་ཁེན། དབང་ལྡན་ཏུ་གིན་སྟེ་སྦར་ཁ་བརྒྱད། དེ་རྒྱབ་པད་འདབ་བཅུ་གཉིས་ལ། ཤར་སྟོད་སྟག །ཤར་སྨད་ཡོས། མེར་འབྲུག །ལྷོ་སྟོད་སྦྲུལ། ལྷོ་སྨད་རྟ། བདེན་བྲལ་ལུག །ནུབ་སྟོད་སྤྲེལ། ནུབ་སྨད་བྱ། རླུང་དུ་ཁྱི། བྱང་སྟོད་ཕག །བྱང་སྨད་བྱི་བ། དབང་ལྡན་ཏུ་གླང་སྟེ་ལོ་བཅུ་གཉིས། དེ་རྒྱབ་མགོ་བོ་ལྷོར་བསྟན་པའི་རུ་སྦལ་མགོ་མཇུག་ཡན་ལག་རྡུལ་ཚོན་གྱིས་གྲུབ་པའི་ཕྱི་ཕྱོགས་ནས་གྲུ་བཞིར་བཅད་པའི་ཁྱམས་ལ་རྒྱུ་སྐར་ཉེར་བརྒྱད། སྨིན་དྲུག་ནས་རྒྱལ་བར་དྲུག་ཤར། སྐག་མེར། མཆུ་ནས་ས་རི་ཡན་དྲུག་ལྷོར། ས་ག་བདེན་བྲལ། ལྷ་མཚམས་ནས་གྲོ་བཞིན་ཡན་དྲུག་ནུབ། བྱི་བཞིན་རླུང་། མོན་གྲེ་ནས་ཐ་སྐར་ཡན་དྲུག་བྱང་། བྲེ་དབང་ལྡན་ཏུ་འགོད་པ་དང་། དེའི་ནང་གི་གྲུ་ཆད་ལ། གཟའ་བརྒྱད་འགོད་པ་ནི། ཤར་དུ་ཕུར་བུ། ལྷོ་སྟོད་ཉི་མ། ལྷོ་སྨད་མིག་དམར། ནུབ་ཏུ་པ་སངས། བྱང་


LT39_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཟླ་བ། བྱང་སྨད་ལྷག་པ། བྱང་ཤར་ཁྱབ་མཇུག །ལྷོ་ནུབ་ཏུ་སྤེན་པ། རྒྱུ་སྐར་གྱི་ཕྱི་རོལ་ཕྱོགས་བཞིར་གཏོ་བདག་བཞི་བཅས་འགོད། དེའང་ལྔ་སེར་ལ་མཚོན་ན། མི་ལུས་གསེར་མདོག་གཡས་རིན་པོ་ཆེའི་བུམ་པ། གཡོན་པས་དུང་དཀར་བསྣམས། སྐུ་ལ་ཟ་འོག་གི་བེར་སེར་པོ་མནབ་ཅིང་དབུ་ལ་གསེར་གྱི་སྲོག་ཞུ་གསོལ་བ། གདན་གྲུ་བཞི་སེར་པོ་ཅན། འཛོམ་ན་བྲིས་འབུར་གཉིས། མ་འཛོམ་ན་གང་རུང་བཀོད་པའི་རྒྱབ་ཏུ་རང་འབྱུང་གི་ཁོག་འཕྲོད་ཅན་གྱི་ནམ་མཁའ་གཡས། །རྒྱང་བུ་གཡོན། ཤིང་རིས་དབུས་སུ་གཟུག །སྟེང་དུ་གདུགས་སེར་པོ་ཕུབ། །རང་འདྲའི་གླུད་ཕྲན་གཅིག་གསུམ་བདུན་སོགས་བཤམ་ཡུལ་ཡང་དོགས་འབྱོར་བ་ཆེ་ཆུང་དང་བསྟུན་པས་བྱ་སྒོར། ལྔ་སེར་གྱི་མཐུན་རྫས་ཡས་རྫས་བཀོད། གླུད་ཕྲན་ནི་ལྔ་སེར་གཟུགས་སྤར་དུ་བཏབ་པ་འགོད་པ་ཕྱག་ལེན་ཡིན། དེས་མཚོན་གཏོ་བདག་བཞི་ཡན་ལ་དེ་ལྟར་འགོད་པ་ནི་ཕྱག་ལེན་རྒྱས་པའི་ཕྱོགས་ཡིན། གཟུགས་བྲིས་འབུར་གང་རུང་ལ་གླུད་ཕྲན་གཅིག །རྒྱབ་ཏུ་ཤིང་རིས་ཙམ་བཀོད་པ་ནི་བསྡུས་པ་ཡིན་ཅིང་། གླུད་ཕྲན་ཀྱང་རང་གཟུགས་བཅའ་བ་དང་སྤར་གཉིས་ཀ་མ་འབྱོར་ཚེ་སྦྱིན་བདག་ཕོ་མོ་དང་ན་ཐུན་པའི་ཕོ་གླུད་མོ་གླུད་ཁ་དོག་སོ་སོར་བསྒྱུར་ནས་བཀོད་ན་རུང་ངམ་སྙམ། །


LT39_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་སོགས་ལ་ཡིག་རྙིང་རྣམས་སུ། དབུ་ལ་ཟ་འོག་འབེ་ཚེ་དཀོན། ཅེས་པ་ནི་ཞྭའི་རྒྱ་སྐད་རྨཱའུ་ཙི་ཟུར་ཆག་པ་སྟེ་ཐམས་ཅད་ལ་དར་རས་སམ་ཤོག་བུ་ལས་བཅོས་པའི་རྒྱ་ཞྭ་རྙིང་པའི་དབྱིབས་ཅན་རེ་གསོལ་དགོས། ཡུལ་བདག་གཏོར་མ་ཕྱི་ནས་བཅད་གསུམ་པའི་བཤམ་བཀོད་ལྟར་བྱ་དགོས་སོ། བྱེ་བྲག་གི་ཁ་བསྒྱུར། སྤར་ཁའི་གཏོ་བརྒྱད་སོ་སོ་དང་། ཟོམ་གཏོ། སྨེ་བའི་རྩ་གཏོ། ཀེག་ཕྲན་བཞིའི་གཏོ། དུར་ཞུག་གཏོ། གནམ་སྒོ། ས་སྒོ། བྱེ་བྲལ་གཏོ་སོགས་སྒེར་བཅོས་གང་དགོས་ཀྱི་གཏོ་རྣམས་ཀྱང་སྤྲོ་ན་བཤམ་མོ། གསུམ་པ་ནི། རབ་གནས། ཆེ་འདོན། མངའ་གསོལ། ལམ་ཞུགས། དྲག་པོའི་དམག་འདྲེན་པ། ཁྱད་པར་བག་མ་གཏོང་ལེན། རོ་འདྲེན། ཤིད་བྱེད། མཁར་རྫོང་གཙུག་ལག་ཁང་བཞེངས་པ། ས་རྐོ། ཕྲུ་རློག་སོགས་ལས་ཐབས་ཆེན་པོ་དམིགས་བསལ་བ་རྣམས་དང་། ཀེག་ཟློག་སོགས་ལའང་སྦྲེལ་ཆོག་པས་དེའི་བཅས་ནི། སྔར་བཤད་གླིང་བཞིའི་ཚབ་ཏུ་རུས་སྦལ་གན་རྐྱལ་མགོ་ལྷོར་བསྟན་པ་ཚོན་གྱིས་བྲིས་པའི་སྟེང་འཇམ་དཔལ་འབྱུང་བའི་ལྷ་བཅས་བཞུགས། གོང་སྨོས་ལྔ་སེར་ནས། གཏོ་བདག་བཞིའི་བར་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་ཀྱི་


LT39_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། ས་དཀྱིལ་ལ་རིམ་པ་བཞིར་ཕྱེས་བའི་དང་པོར་ལོ་འཁོར། དེ་རྒྱབ་ཟླ་འཁོར། དེ་རྒྱ་བཞག །དེ་རྒྱབ་དུས་ཚོད་ཀྱི་ས་བདག་རྣམས་བཀོད་པར་བྱ་སྟེ། དེའང་། ཐེ་སེ་རྒྱལ་པོ་གང་ཤར་ལོ་ལ་ཆིབ། །ཧང་ཕན་ཧང་ནེ་བཙུན་མོ་རྒྱལ་དང་འགྲོགས། །ཐེ་ཁྱིམ་ལོ་གཅིག་པར་བཞག་རྒྱལ་ཕྱིར་བཀོད། །སྲས་པོ་ཏེ་སོ་གནམ་ལོའི་ཀླུང་རྟའི་སྟེང་། །བློན་པོ་ཙང་ཀྱུན་སྟག་ཡོས་འབྲུག་ལ་བྱི། །རྟ་སྦྲུལ་ལུག་ལ་ཡོས་སྟེང་སྤྲེལ་བྱ་ཁྱི། །རྟ་ཡི་ཐོག་བཀོད་ཕག་བྱིར་བྱ་ཐོག་བཞུགས། །སེ་བ་བླ་མཆན་གནམ་ལོའི་བདུན་ཟུར་ཁྲི། །སྐུ་སྲུང་སེ་ཤར་གནམ་ལོའི་ཀླུང་རྟ་ཡི། །སྲོག་གི་དུར་གྱི་ཐོག་ཏུ་དམག་སྒར་རྒྱགས། །སེ་བ་རང་རྟ་རྒྱལ་པོའི་སྔོན་ལོ་དགུའི། །སྟེང་དུ་གནས་པོ་འདི་ལ་ཕྱག་མཚན་མེད། །རྟ་ཁྲི་སེའུ་མདོག་སེར་གསེར་གཡུ་ཡི། ཁ་ཀྱོག་འཛིན་པ་རྒྱལ་སྔོན་དགུ་པའི་སྟེང་། །སེ་ལོས་འཕྱག་རྒྱལ་པོའི་མར་བཞིའི་སྟེང་། །གདན་འདིང་ལྡང་སྐྱ་ཡར་གྱི་གཞི་གཤེད་དམ། །རྒྱལ་པོ་ཉིད་དང་ལྷན་ཅིག་གང་བདེར་བཀོད། །ཧང་ཕན་བྱ་ར་བ་ནི་གནམ་ལོ་ཡི། །མཐུན་གསུམ་ཐ་ཆུང་ཁྲི་ནས་གཟིགས་པར་བྱེད། །སེ་བྱི་ནོར་སྲུང་དེ་ཡི་བདུན་ཟུར་སྟེང་། །སེ་བྱ་དུས་འཛིན་རྒྱལ་པོའི་རྒྱབ་ནས་སྒྲོགས། །དཔའ་བོ་ཧལ་ཁྱི་སྔར་ལོའི་ཀླུང་རྟའི་སྟེང་། །


LT39_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རུ་བུ་མོ་མག་པ་གཉིས་ཀྱང་བཀོད། །དེ་རྒྱབ་ཟླ་འཁོར་ས་བདག་བཅོ་ལྔ་ནི། །འབྲུག་ལྷ་གྭ་པ་གང་ཤར་ཟླ་བའི་སྟེང་། །ཐེ་སེ་གྲུམ་པོ་དཔྱིད་ར་ཤར་དུ་བཞག །དཔྱིད་འབྲིང་ཤར་ལྷོ་དབྱར་ར་ལྷོ་རུ་བཀོད། །དབྱར་འབྲིང་ལུག་དང་སྟོན་ར་ནུབ་ཏུ་བཀོད། །སྟོན་འབྲིང་ཁྱི་སྟེང་དགུན་ར་བྱར་དུ་བཀོད། །དགུན་འབྲིང་གླང་ཆིབ་ཐ་ཆུང་བཞི་ཡི་ཚེ། །དཀྱིལ་འཁོར་ཁྱམས་ནང་གཟའ་དང་ལྷན་ཅིག་བཀོད། །ནང་ལྷ་དབྱར་ཐ་ལྷོ་ནུབ་མཚམས་སུ་གནས། །དཔྱིད་ཟླ་ར་འབྲིང་ཁྱམས་ནང་གཟའ་དང་ལྷན། །དཔྱིད་ཐ་དབྱར་རར་སྒོ་ཁྱུད་ནང་དུ་བཀོར། །དབྱར་འབྲིང་སྟོན་ར་སྟོན་འབྲིང་སྒོ་ཁང་ཤར་ལྷོར། ནང་། །སྟོན་ཐ་དགུན་ཟླ་གསུམ་ལ་གང་བདེར་བཀོད། །ཟླ་དངོས་སམ་ནི་ཟླ་འགྲོས་ཞེས་བྱ་བ། །གང་ཤར་ཟླ་བའི་སྟེང་དུ་བཞག་པར་བྱ། །ཟླ་རླུང་ཟླ་བའི་རླུང་རྟའི་གདན་ན་འགྱིང་། །ཟླ་འཁོར་སྲིབ་ཀྱི་ནག་དྲུག་གནམ་ཐིག་དང་། །གྲོལ་བུ་ལྷ་ལྔ་ཞེས་སུ་འབོད་པ་ནི། །འབྲུག་སྔོན་གནམ་གཤེད་ཆུ་ཚག་སྟག་སྐྱ་དང་། །ཧྭས་བུ་ཀེ་ཚེག་རིམ་བཞིན་སྦྱོར་བའི་ལུགས་སྟག་སྤྲེལ་ཟླ་བར་བྱི་སྟག་ཡོས་རྟ་བྱ། །ཕག་གི་སྟེང་དུ་རིམ་པར་བཞག་པར་བྱ། །བྱ་ཡོས་ཟླ་བར་སྟག་འབྲུག་སྦྲུལ་སྤྲེལ་ཕག །གླང་གི་སྟེར་དུ་རིམ་བཞིན་བཞག་པར་བྱ། །ཁྱི་འབྲུག་ཟླ་


LT39_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བར་འབྲུག་རྟ་ལུག་ཁྱི་གླང་། །ཡོས་ཀྱི་སྟེང་དུ་རིམ་པར་བཞག་པར་བྱ། །ཕག་སྦྲུལ་ཟླ་བར་རྟ་སྤྲེལ་བྱ་བྱི་ཡོས། །སྦྲུལ་གྱི་སྟེང་དུ་རིམ་བཞིན་བཞག་པར་བྱ། །བྱི་རྟ་ཟླ་བར་སྤྲེལ་ཁྱི་ཕག་སྟག་སྦྲུལ། །ལུག་གི་སྟེང་དུ་རམ་པར་བཞག་པར་བྱ། །གླང་ལུག་ཟླ་བར་ཁྱི་བྱི་གླང་འབྲུག་ལུག །བྱ་ཡི་སྟེང་དུ་རིམ་པར་བཞག་པར་བྱ། །ས་རྒྱལ་དཔྱིད་ར་བྱང་དང་འབྲིང་བྱང་ཤར། །རིམ་པས་བསྐོར་ནས་ཤར་ལྷོ་མཚམས་སུ་རྫོགས། །ས་དམག་དཔྱིད་ཟླ་གསུམ་ལ་གླང་འབྲུག་ལུག །དབྱར་ཟླ་གསུམ་ལ་ཁྱི་རྟ་ཕག་གི་ཐོག །སྟོན་ཟླ་གསུམ་ལ་སྟག་སྤྲེལ་འབྲུག་གི་ཐོག །དགུན་གསུམ་ལུག་ཁྱི་གླང་སྟེང་རིམ་པར་གནས། །ས་སྨན་གང་ཤར་ཟླ་བའི་བདུན་ཟུར་སྟེང་། །འདི་ཉིད་གཞུང་ནས་སྨྲེང་ཆད་བསབ་དགོས་ཡོད། །ལྷ་མོ་བསྟན་མ་དཔྱིད་གསུམ་བྱི་བྱ་སྦྲུལ། །དབྱར་གསུམ་སྟག་རྟ་སྤྲེལ་གྱི་ཐོག་རིམ་བཞིན། །སྟོན་གསུམ་ཡོས་ལུག་ཕག་གི་ཐོག་རིམ་བཞིན། །དགུན་གསུམ་ཡི་གེ་གཞན་ལ་འཇུག །འབྲུག་ཁྱི་གླང་གི་ཐོག་རིམ་བཞིན། །རྒན་རྒོན་དཔྱིད་ཟླ་ར་འབྲིང་སྟོན་ཐ་ཆུང་། །དཔྱིད་ཐ་དབྱར་ར་དགུན་འབྲིང་དབང་པོར་ཏེ། །དབྱར་ཟླ་འབྲིང་ཐ་དགུན་ར་གཤིན་རྗེར་བཀོད། །སྟོན་ཟླ་ར་འབྲིང་དགུན་ཐ་གནོད་སྦྱིན་གནས། །རྔ་ཟོར་དམར་པོ་དཔྱིད་གསུམ་


LT39_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་སྦྲུལ་རྟ། །དབྱར་གསུམ་རྟ་སྟག་གླང་དང་སྟོན་ཟླ་གསུམ། །གླང་ལུག་ལུག་གི་སྟེང་ལ་རིམ་བཞིན་གནས། །དགུན་ཟླ་གསུམ་ལ་ལུག་སྤྲེལ་ཡོས་རིམ་བཀོད། །བྱི་ལམ་སྔོན་པོ་དཔྱིད་ཟླར་འབྲིང་ཤར། །དཔྱིད་ཐ་ལྷོ་སྨད་དབྱར་ལྷོ་ནུབ་མཚམས། །དབྱར་འབྲིང་ལྷོ་དང་དབྱར་ཐ་ཤར་སྨད་གནས། །སྟོན་ར་ཤར་ལྷོ་སྟོན་འབྲིང་བྱང་གི་སྟོད། །ཐ་ཆུང་བྱང་སྨད་དགུན་ར་བྱང་ཤར་མཚམས། །དགུན་ཟླ་འབྲིང་ཐར་ནུབ་སྨད་བཀོད་པར་བྱ། །འཕར་བ་མགོ་དགུ་སྟག་འབྲུག་རྟ་ཟླར་སྤྲེལ། །ཡོས་ཟླར་སྦྲུལ་དང་སྦྲུལ་ཟླར་སྟག་ལ་གནས། །ལུག་ཟླར་ཕག་དང་སྟོན་གསུམ་ཡོས་ལུག་ཁྱིར། །བཀོད་དོ་དགུན་གསུམ་རིམ་བཞིན་སྤྲེལ་འབྲུག་བྱར། །ལྟོ་འཕྱེ་གང་ཤར་ཟླ་སྟེང་བཞག་པར་བྱ། །འདི་ཉིད་གཞོག་གཡོན་ཕབ་ནས་ཉལ་ཐབས་གནས། །དེ་ཡི་ཕྱི་རོལ་ཞག་གིས་བདག་ནི། །གསེར་མཛོད་སེར་མོ་བཅའ་ཉིན་ཞག་སྟེང་ངམ། །རོ་བག་སོགས་ལ་འགྲོ་ཁྱེར་ཉིན་མོ་ཡི། །རང་རང་དབང་བའི་ལོ་ཡི་སྟེང་དུ་བཀོད། །དེ་རྒྱབ་གཡུ་མཛོད་སྔོན་མོའང་དེ་ལྟར་བཀོད། དེ་དག་ཐམས་ཅད་ལ་རང་གཟུགས་ཕྱག་མཚན་ན་བཟའ་དབུ་ཞྭ། རང་མདོག་དང་མཚུངས་པའི་གདུགས། རང་འདྲའི་གླུད་ཕྲན་ཤིང་རིས་ནམ་རྒྱངས་སོགས་བཤམ་བཀོད་རྒྱས་བསྡུས་གོང་མཚུངས་བྱ། དེའང་སྤྱི་


LT39_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མདོས་དཀྱིལ་འཁོར་ལྟར་བཀོད་པ་ནི་གཟུགས་ཐམས་ཅད་ཞལ་ནང་དུ་ཕྱོགས་པར་བཞག །སྲིད་ཚོལ། ཚེ་གཡང་། ལམ་ཞུགས་སོགས་ལ་མགྲོན་ཐབས་སུ་བཀོད་པ་ནི། ཕྱོགས་གསུམ་གྱི་ཞལ་ནང་དུ་གྱུ། ཤར་ཕྱོགས་པ་རྣམ་པ་ཤར་དུ་གྱུ་བ་ལྟ་བུ་ཡིན། ཀེག་ཟློག་སོགས་ལ་ཟློག་ཐབས་སུ་བཀོད་པ་ནི་འཁོར་ཐམས་ཅད་ཞལ་ཕྱིར་ཕྱོགས་པ་ཡིན། རོ་བག་མཁར་ལས་སོགས་ཀྱི་སྒྲིབ་གཏོ་ལའང་དེ་ལྟར་བཀོད་པར་བཤད། དམག་འདྲེན་སོགས་ལ་ཇག་ཐབས་སམ་དམག་ཐབས་སུ་བཀོད་པ་ནི་ཐམས་ཅད་ཞལ་ཕྱོགས་གཅིག་ཏུ་གྱུ་བ་སྟེ་སྐབས་དང་བསྟུན་ནོ། གལ་ཏེ་ལོ་གསར་རྙིང་མཚམས་ལྟ་བུ་ལ་གཏོ་འདི་བཅའ་བའི་ཚེ། ཉི་ལྡོག་ཞག་གི་གཟེར་དང་བསྟུན་ནས་ས་བདག་འཕོ་ཚར་མིན་ལ་དཔྱད་དེ་འགོད་པ་དང་། ཁང་ལས་རོ་བག་དམག་འགྲུལ་སོགས་ཀྱི་སྐབས། མི་འཕོ་བ་འཕོ་བའི་སྐྱེས་འདེགས་སུ་བྱེད་ན། གང་དུ་འཕོ་བའི་གནས་དེར་ཉེས་སེལ་ལྟར་གྱི་བཤམ་བཀོད་དང་། གནས་པའི་སར་འཁྲུགས་གཏོ་ལྟར་གྱི་སྒྲིབ་བཅོས་བྱེད། འཕོ་བ་མི་འཕོ་བའི་བརྟོད་གནོན་ཏུ་བྱེད་ན། འཕོ་བར་འགྱུར་བའི་གནས་དེར་སྒྲིབ་བཅོས་དང་། འཕོ་ལ་ཁད་པའི་གནས་དེར་ཉེས་སེལ་བཤམ་བཀོད་བྱ་བ་སྟེ་རྩིས་ནག་གི་གཞུང་ཆེན་པོ་རྣམས་ལ་བློ་གྲོས་གསལ་བ་ཞིག་གིས་


LT39_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་དགོས་སོ། །གཟུགས་བརྙན་སོ་སོའི་རྩ་བར་མཐུན་རྫས་མ་ནོར་བར་བཀོད་དེ། རྒྱལ་པོ་ལ་མཚོན་ན། ཡུམ་རྒྱས་པའི་དབུ་ལྡེབ། སཱཙྪ་ཁ་དོག་སྣ་ལྔ། ཐུབ་སྐུ་རབ་གནས་ཅན་སོགས་བཞག་འོས་ཞིབ་པར་བཻ་དཀར་ས་བདག་ལེའུ་ལྟར་བྱ། དེའང་ཉམས་ན་ཞེས་པ་རྣམས་བཅོས་བྱེད་པ་ཡིན་པས་ཉེས་སེལ་གྱི་བཅས་དང་འབྲེལ་ཞིང་། །སྒྲིབ་ན་ཞེས་པ་རྣམས་འཁྲུགས་གཏོའི་བཅས་དང་འབྲེལ་བས་མ་ནོར་བ་བྱ་དགོས་སོ། འབྱོར་བ་སོགས་ཀྱིས་དཔག་ལ་མཁར་ལས་ལྟ་བུར་དགོས་པ་ཆེ་བའི་ཚེ་དེ་ནས་བཤད་པའི་ཆོས་སྣ་རྣམས་ཀྱང་ཀློག་པ་ཡིན་ནོ། །ས་བཅད་གསུམ་པའི་གཏོ་འདི་ལ་སྤྲོ་ཞིང་དགོས་པ་ཡོད་ན། ཧལ་ཁྱིའི་མདོས་ཆོག་སོགས་གསལ་སྒྲོན་ནས་བཤད་ཚང་ཀྱི་གཏོ་སྦྱར་དུ་རུང་བས་དེ་དག་གི་བཤམ་བཀོད་རྣམས་ཀྱང་ཕྱོགས་གར་བདེ་བར་བྱ། གང་ལྟར་ས་དཀྱིལ་གྱི་གསབ་ཚག་གང་བདེར་ཡུལ་བདག་སྤྱི་བྱེ་བྲག །གནས་པོ་དགེ་བསྙེན་གྱི་གཏོར་མ་དང་། སྤྲོ་ན་ནམ་རྒྱང་གཟུགས་འགྲོས་སོགས་མཐུན་པའི་མཆོད་རྫས་ཀྱང་བཤམ། །རླུང་དཀྱིལ་གྱི་མཐར། ནམ་མཁའ་ཀུན་ཞལ་ལམ་རྒྱ་ཞལ། མདའ་བཀྲ། འཕང་བཀྲ། ཕོ་གདོང་། མོ་གདོང་། རྒྱང་བུ། བལ་ཏི། ཤུག་ཏི། དེ་གཉིས་བལ་ཚོན་གྱིས་སྟོད་སྨད་གསུམ་


LT39_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅིངས་པ། ཤིང་དཀར་གཞན་གང་འཇོམ་བཅས་རབ་ལོ་གྲངས། ཐ་མ་བཅུ་གསུམ་རེ་གཟུགས། འབྱོར་ཞིང་སྤྲོ་ན་གཙོ་བོའི་སྟེང་དུ་ཁང་མིག །གདུགས། ཁྱུང་ཚང་། ཉི་ཟླ་ཏོག་ནམ་ཡང་གཟུག་ཅིང་། མདའ་དར་མེ་ལོང་བཏགས་པ། རྒྱལ་མཚན་རྣམས་ཀྱང་བཞི་བཞི། མར་མེ་བཞི་ལ་སོགས་པ་དང་། སྨན་སྣ། འབྲུ་སྣ། རིན་ཆེན་ཕྱེ་མ། སྤོས་སྣ། ཟས་སྣ། དར་ཟབ། གཅན་ངས། ཤེལ་ཚིག །ཇ་ཆང་འོ་མ་སོགས་གཏོ་དཀར་གྱི་རྫས་སུ་འོས་པ་དུག་རིགས་དང་མི་གཙང་བ་མ་འདྲེས་པ་ཚོགས་ཚད་བསགས་ལ་བརྒྱན་ཅིང་། གཞི་མདུན་སྟེགས་བུ་དཀར་པོ་ལ་ཆུ་གཅིག་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། གསེར་སྐྱེམས། གཡུ་སྐྱེམས་སོགས་ཀྱང་བཤམ་པར་བྱའོ། །དེ་དག་གི་སྐབས་སུ་མཁོ་བའི་ཤིང་རིས་སྲིད་པ་སྤྱི་རིས་ནི། ཕོ་ཤིང་། མོ་ཤིང་སོ་སོར། རྩེ་ལ་ཕོ་ལ་རྡོ་རྗེ་དང་ནོར་བུ། མོ་ལ་པདྨ་དང་རྒྱ་གྲམ། དེ་འོག་བར་བཅད། ཉི་ཟླ་སྐར་གསུམ། སྤྲིན། རི། ཁང་པ། གླིང་བཞི་ལས་སོག་ཀ་གསུམ། བར་དེར་རང་རང་ཕྱག་ཆ། གཤམ་དུ། འབྱུང་བ་རིམ་བརྩེགས་ཀྱི་འཇའ་འགྲིགས། རྒྱབ་ཏུ། འབྱུང་བ་ཆེ་གེ་མོ་ལ་དབང་བའི་ས་བདག་ཆེ་གེ་མོའི་བཀའ་ཆད་གདུག་པའི་གནོད་འཚེ་ཁྲམ་ཀ་ཐམས་ཅད་


LT39_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཅིག་བྲི། རང་རང་གི་སྔགས་ཤམ་དུ་མ་མ་རཀྵ་རཀྵ་ཡང་བྲི། ཀེག་ཟློག་བྱེད་ན་ཕོ་མོ་སོ་སོར་ཀེག་ལ་བབས་པའི་སྤར་སྨེ་སོགས་ཀྱི་ཤིང་བྲིས་ཀྱི་རྒྱབ་ཏུ་ཕོ་ཁྲམ་མོ་ཁྲམ་ལོ་གྲངས་ཤོག་བུ་ལ་བྲིས་པའང་སྦྱར་ཞིང་དེའང་དོ་གལ་ཆེ་བར་བྱེད་ན་ན་མཉམ་གྱི་སྒྱུར་ཁའང་བཤད་པར་སྣང་མོད་ལག་ལེན་ལ་མི་བྱེད་དོ། བཞི་པ་སོ་སོའི་ཁ་བསྒྱུར་གྱི་བཅས་བཀོད་ནི། རི་རབ་ཀྱི་གཟུགས་ལ་བརྟེན་ནས་དགྲ་ཟློག་པ། རུས་སྦལ་གྱི་ལུས་ལ་བཀོད་ནས་འཕྲལ་གྱི་ཀེག་བཅོས་པ། དཀྱིལ་འཁོར་གྱི་ཕོ་བྲང་ལ་བཀོད་ནས་ཆག་ཆེན་ཟློག་པ་གསུམ་ནི་དམིགས་པ་དང་ཚིག་གི་ཁ་བསྒྱུར་ཙམ་ལས་གོང་གི་ཁོངས་སུ་འདུ་ཞིང་། ཕན་གནོད་ཀྱི་འཕྱང་ཕྲན་སྲོག་ཕུར་བཟུང་བ། སྲིད་ཕུར་བཅའ་བ། དཔལ་ཕུར་གདབ་པ་སོགས་དང་། མཁའ་འགྲོ་ལས་ཀྱི་མཐའ་བརྒྱད་དང་སྤྲེལ་ན། བླ་སྲོག་ཡིད་ཀྱི་གའུ་ལ་བརྟེན་ནས་པྲ་སྒྲུབ་པ། མ་ཏྲཾ་ལ་བརྟེན་ནས་གྱི་མ་ཤང་གི་དགྲ་བསད་པ། །ས་བོན་ལ་བརྟེན་ནས་མེད་པ་བཙལ་བ། སྲིད་དཔལ་ལ་བརྟེན་ནས་ལྟེ་བསྒྱུར་བ། དཔལ་མདའ་ལ་བརྟེན་ནས་ཤི་འཕྲོ་གཅོད་པ། ཚེ་བཤམས་ལ་བརྟན་ནས་ཚེ་འགུགས་པ། གཡང་རྫས་དགུར་བརྟེན་ནས་སྨེ་བའི་གཡང་གཏའ་བསྡོམ་པ། དུག་ཁྲག་ལ་བརྟེན་ནས་དགྲ་ཟློག་པ་སོགས་ཀྱི་གྱེར་


LT39_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲང་ཤེས་ཤིང་སྤྲོ་ན་དེ་དག་གི་བཤམ་བཀོད་ཀྱང་དཀྱིལ་འཁོར་ཆེན་པོ་ལ་བརྟེན་ཏེ་སོ་སོའི་མན་ངག་ལྟར་བྱའོ། གསུམ་པ་འཁྲུགས་གཏོ་དམིགས་སུ་བྱེད་པའི་ཚུལ་ནི། གཞུང་ལས། བག་མ་ལེན་དང་མཁར་ལས་དང་། །ལམ་དུ་ཞུགས་དང་དམག་འདྲེན་དང་། །རོ་འབྱིན་དུར་ས་འདེབས་པ་དང་། །ཤིང་སོགས་གསོན་གཤིན་ལས་རྣམས་ཀུན། །ཉེས་པ་བཅོས་པའི་གཏོ་གནད་དེ། །ཞེས་གསུངས་པ་ལྟར་བྱ་བ་རྔམས་ཆེན་གྱི་རིགས་ལ་ཤིན་ཏུ་གལ་ཆེ་བ་སྟེ། དེའང་སྤྱི་གཞུང་རུས་སྦལ་གཏོ་ཡིས་སྐོང་བའི་སྐབས་ཀྱི་བཅས་ཤོམ་རྫོགས་པར་བྱས་པའི་སྟེང་དུ་གབ་པ་འཁྲུལ་འཁོར་ལུགས་ཀྱི་བཅས་བཤམ། སྐྱབས་འདེགས་དང་བརྟོད་གནོན་གྱི་འཕྲུལ་ཡང་སྐབས་བསྟུན་ཚང་ལ་མ་འཁྲུལ་བར་བྱ་དགོས་ཏེ། རྒྱས་པ་བཻ་དཀར་ས་བདག་ལེའུ་ལྟར་བྱ། བསྡུ་ནའང་འཁྲུགས་གཏོ་ལས་འབྱུང་བ་རྣམས་ནི་ཚང་བར་དགོས་པ་དཔེར་མཚོན་ན། ལྔ་སེར་གྱི་གནས་སུ་ཤོག་བུ་སོགས་ལས་འཆོས་པའི་མེ་ལོང་སེར་པོ་དགུ། མི་སེར་རྟ་སེར་དར་སེར་གྱི་བ་དན་བཙུགས་པ་དགུ། །སྐྱེར་པའི་ཕོ་གདོང་དགུ་རྣམས་གཟུགས་པ་སོགས་སྨེ་བ་དགུ་དང་། རྒྱལ་པོ་ལ་རྙེད་ན་ཁུ་བྱུག་དང་མ་རྙེད་ན་བྱ་ཕོ་མཚལ་ལུའི་སྐྲོའི་སྤུ་རུ་བཙུགས་པ་སོགས་ས་བདག་གི་སྒྲིབ་བཅོས་རྣམས་ལེགས་པར་


LT39_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བསགས། ཀོང་ཙེའི་བཤོས་བུ་རྩེ་ལྔ་རྒྱན་ལྡན་སོགས་ཀྱང་བཤམ་པར་བྱའོ།། ༈ །།རྩ་བའི་ས་བཅད་གཉིས་པ་ཆོ་གའི་གཞུང་སྲོང་བ་ལ་གཉིས། སྤྱི་དང་། བྱེ་བྲག་གོ། །དང་པོ་ནི། ཡེ་མཁྱེན་གྱི་དབུ་ལ་ཁམས་མཐུན་གྱི་ཐོད་བཅིངས། ལུས་ལ་འཆད་ལྤགས་དཀར་ནག་གིས་བརྒྱན། ཁ་གསེར་དང་ཁ་གཡུ་བྱས། ལག་ཏུ་སྦ་བེར་དང་མདའ་དར། ཡོན་བདག་ཁམས་མཐུན་ཐོགས་ལ་དཀྱིལ་འཁོར་དང་ཞལ་སྤྲོད་དུ་འཁོད་ལ། ཐུབ་བསྟོད་དང་འཇམ་དཔལ་བསྟོད་པ་སོགས་སྔོན་ཏུ་འགྲོ་བས། མཆོད་པ་བྱིན་གྱིས་བརླབ། ཚོགས་ཞིང་གསལ་གདབ་ལ། ཇི་སྙེད་སུ་དག་ནས། ཕྱིར་བསྔོའོ་འི་བར་གྱིས་ཡན་ལག་བདུན་པ་བྱ། དེ་ནས་སྐད་ཅིག་དེ་ཉིད། སོགས་ཀྱིས་བདག་བསྐྱེད་བྱས་ནས་སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་མཐར། །ཝཱ་གཱི་ཤཱ་རི་ཅི་ནུས་བཟླ། འཁོར་སྔགས་དང་། འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་ཀྱང་ཅི་འགྲུབ་བཟླས་ཏེ། ཧཱུྃ། སྐུ་གསུང་ཐུགས་སོགས་ཕྲིན་ལས་བཅོལ་བ་ནི་ཡེ་ཤེས་ལྷའི་ཆོ་ག་སྟེ་ཕྲིན་ལས་ཀྱི་གཞུང་སྲོང་བའོ། །དེ་མཚམས་སྤྲོ་ཞིང་ནུས་ན་ཆོས་སྐྱོང་སྤྱི་བྱེ་བྲག་གི་གསོལ་སྐོང་རྒྱས་བསྡུས་གང་རུང་བྱ་བ་ནི་ཕྲིན་ལས་ཀྱི་གྲོགས་བཅོལ་བའོ། །དེ་ནས་འོག་ཏུ་སྨོས་པའི་བྱེ་བྲག་


LT39_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཏོ་བཅོས་རྒྱས་པར་གྱེར་བ་ནི་ཕྲིན་ལས་ཀྱི་ཁ་བསྒྱུར་བའོ། དེ་རྗེས་གླུད་རྫས་བྱིན་རླབས་གླུད་འབུལ་སོགས་ནས་གཏོ་འབུལ་བའི་བར་ནི་ཕྲིན་ལས་ཀྱི་མཐའ་བརྟེན་པའོ། །སྨོན་ལམ་དང་བསྡུ་གཤེགས་ལ་སོགས་པས་མཐའ་རྒྱས་སུ་བྱ་བ་ནི་ཕྲིན་ལས་ཀྱི་རྗེས་བསྡུ་བའོ། །གཉིས་པ་བྱེ་བྲག་སོ་སོར་བཤད་པ་ལ་བཞི། དཀྱིལ་འཁོར་མཆོད་པ། གླིང་བཞི་མདོས་སུ་བསྔོ་བ། རུ་སྦལ་གཏོ་ཡིས་སྐོང་བ། འཁྲུགས་གཏོའི་འདོན་ཚུལ་དམིགས་སུ་སྨོས་པའོ། །དང་པོ་ནི། ཕྲིན་ལས་ཀྱི་གྲོགས་བཅོལ་བ་ཡན་ཆད་སོང་ནས། བཅས་བཤམས་གང་ཡོད་ཀྱི་སྒེར་གཏོ་གྱེར། གླུད་བསྔོས། ཤག་འདེབས། གཏོ་བསྐོར་སོགས་ཀྱིས་མཐར་དབྱུང་བའོ། །གཉིས་པ་ནི། ཕྲིན་ལས་ཀྱི་གྲོགས་བཅོལ་བ་ཡན་སོང་ནས། ཡོན་བདག་གམ། ལས་བྱེད་པས་ཕྱག་དང་བཅས། །ཀྱེ་ཧོ། ཀོང་ཙེ་འཇམ་དཔལ་སོགས་ཀྱི་ཞུ་བ་ལན་གསུམ་ཕུལ། ཡོན་བདག་དངོས་སུ་ཡོད་ན་སྐབས་འདིར་སློབ་དཔོན་ལ་ཕྱག་རྟེན་གང་འཛོམ་ཕུལ་དགོས། རིགས་ཀྱི་བུ་སོགས་གནང་བ་སྦྱིན། སླར། ཀྱེ་ཧོ་དོན་དམ་སོགས་ཀྱི་ཞུ་བ་ཕུལ་ནས་ཕྱག་བྱ། དེ་ནས་གསེར་སྐྱེམས་རྒྱས་པར་ཕུལ། དེ་ལ་དམར་དགེ་ཤེས་ཕྱག་བཞེས་སོགས་སུ་སྡེ་བརྒྱད་ཆ་སྙོམས་གཏང་བར་གསུངས་ཀྱང་


LT39_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྐབས་འདིར་ཅུང་མི་འབྲེལ། དེ་ནས་དྲིལ་གཤང་སོགས་རོལ་མོ་འཁྲོལ། སྦ་བེར་མདའ་དར་གཡབ་ལ། ཧོ་དགོངས་སུ་གསོལ་ལོ་སོགས་ཀྱིས་སྙན་གསན་དབབ་འདིར་བརྒྱུད་པའི་བླ་མ་བསབ་དགོས། བཟང་ཤིང་གི་དུད་པ། དཀར་ཆབ། ལྤགས་བུའི་གཡབ་མོ་སོགས་ས་བདག་སྤྱན་འདྲེན་སྤྱིའི་ཕྱག་སྲོལ་ལྟར་བྱ་ཞིང་། ཀྱེ། སྔོན་དུས་སྲིད་པའི་སོགས་སྤྱན་འདྲེན་གྱེར་རིང་ཐུང་གཏང་། དེ་ནས་སྔགས་དྲུག་ཕྱག་དྲུག་གིས་མདོས་རྫས་རྣམས་བྱིན་གྱིས་བརླབས་ནས། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་སོགས་ནས། །སྡང་བའི་དགྲ་ལ་བསྒྱུར་དུ་གསོལ། །ཅེས་པའི་བར། སྤར་ཁ། སྨེ་བ། ལོ་སྐོར། གཟའ་སྐར། གཏོ་བདག་གཞིའི་འཕྱང་བར་གྱེར། ཚར་གྲངས་བྱེད་ན་དགོངས་གསོལ་ནས་འདི་བར་གྲངས་བསག་ལ་སྒེར་གཏོ་ཡོད་ན་གྱེར་སྨྲང་སྦྱར། ཞག་གྲངས་བྱེད་ན་དགོངས་མོ། མཇུག་གི་སྨོན་ལམ་ཚར་གཅིག །མཆོད་བསྟོད། བཟོད་གསོལ། འདིར་ནི་གཟུགས་དང་སོགས་བརྟན་བཞུགས། བཀྲ་ཤིས་བཅས་བྱའོ། །གསུམ་པ་ནི། ཆོ་ག་གཉིས་པའི་གཏོ་བདག་བཞིའི་འཕྱང་ཡན་རྫོགས་རྗེས། ཀྱེ། མ་ཧཱ་གསེར་གྱི་རུས་སྦལ་གྱིས། སོགས་ལོ་


LT39_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཟླ་འཁོར་ཞག་དུས་བཅས་ཚང་བ། རང་རང་ཉེས་པ་ཞི་བར་མཛོད། ཅེས་པའི་བར་གྱེར། དེ་ཡང་འཁྲུགས་གཏོ་ལྟ་བུ་བྱས་ཚར་ཟིན། བཅོས་པའི་སྐབས་ཡིན་ན། གཞུང་གི་ཐི་སེ་ལྟ་བུར་མཚོན་ན། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །དམག་དང་མཁར་ལས་བྱས་པ་དང་། །རོ་འདོན་དུར་ས་བཏབ་པ་དང་། །བཟང་ངན་ལས་ཀུན་བྱས་པ་ལ། །ཉམས་ན་ཀོ་ལོང་སོགས། །ད་བྱེད་དགོས་པའི་རིགས་ལ། །བདག་དང་རྒྱུ༴ དམག་དང་མཁར་ལས་བྱ་བ་དང་། །རོ་འདོན་དུར་ས་འདེབས་པ་དང་། །བཟང་ངན་ལས་ཀུན་གང་བྱེད་ལ། །ཉམས་ན་སོགས་ཚིག་གི་ཁ་སྒྱུར་སོའི་རྣམ་དབྱེ་དང་། བྱེར་ཅན་འཕྲུལ་ཤེས་དགོས། ཚར་གྲངས་གསོག་ཚུལ། སྒེར་གཏོའི་འདོགས། ཞག་གྲངས་འཇོག་ལུགས་སོགས་གོང་དང་མཚུངས་སོ། །བཞི་པ་ནི། འཁྲུགས་གཏོ་སྒྲིབ་བཅོས་ཐུན་མོང་ལ་འདི་ཉིད་ངེས་པར་གལ་ཆེ་བས་བཅས་བཤམས་རང་ལུགས་གྲུབ་ཅིང་། གཞུང་གི། དགུ་དམར་ཉེས་པ་ཞི་བར་མཛོད་ཅེས་སྨེ་བའི་གྱེར་རྫོགས་མཚམས། འཁྲུགས་གཏོའི་དབུའི། ཀྱེ། ཀོང་ཙེ་འཁྲུལ་གྱི་གཞུང་ཆེན་སོགས་ནས། དེ་ནས་འདི་སྐད་ཅེས་སུ་བརྗོད། ཅེས་པའི་བར་དང་། དེའི་གཤམ་གྱི། སྨེ་བའི་ས་བདག་མཆོད་པ་ནི་སོགས་ནས། །


LT39_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དམར་གྱེར་རྫོགས་ཀྱེ་བར་གཏང་། སླར་གཞུང་གི། །ཀྱི། །སྲིད་པ་གཏོ་ཡི་བདག་པོ་སོགས། ལོ་སྐོར་ནས་ལོ་ཟླ་ཞག་དུས་ས་བདག་གི་འཕྱང་གི་མཇུག །རང་རང་ཉེས་པ་ཞི་བར་མཛོད་ཅེས་པའི་བར་གྱེར་ནས། འཁྲུགས་གཏོ་ལས། ལོ་ལ་གནས་པའི་ས་བདག་སོགས་ནས། གཡུ་མཛོད་སྔོན་མོའི་གྱེར་གྱི་མཐར། གཤམ་གྱི། ཀོང་རྩ་འཕྲུལ་གྱི་རྒྱལ་པོ་སོགས་སྦྱར་ལ་མཐར་དབྱུང་། བྱེད་ཚུལ་གཞན་གོང་དང་མཚུངས་སོ། རྩ་བའི་གསུམ་པ་ཞག་གྲངས་ཐེམ་ནས། མདོས་ཡས་གླུད་རྣམས་གཏོང་བ་ནི། ཆོ་ག་གསུམ་གང་བྱེད་ཀྱི་གྱེར་གཞུང་རྫོགས་ནས། གླུད་རྫས་རྣམས་སླར་ཡང་འབྲུ་གསུམ་དང་། ཁ་འབར་མའི་སྔགས་ཀྱིས་བྱིན་བརླབ། མཚན་བཞི་བརྗོད་ལ། ཀྱེ་བསྐལ་པ་ཆེན་པོ་སོགས་གླུད་རབ་གྱེར། །ཤག་འདེབས་སྐབས་སློབ་དཔོན་ཡེ་མཁྱེན་གྱི་ཆས་སུ་ཞུགས་ལ་སྤྲེལ་ནས། ནེ་ཙོའི་བར་གྱེར་ཚིག་དང་བསྟུན་ཕྱག་ཏུ་ཐོགས་ལ་གླུད་ནང་དུ་བཞག །བསམ་པ་རེ་བ་ཐམས་ཅད་སྒྲུབས་ཞེས་པའི་མཐར་ཕྱི་རོལ་ཐོག་ཁར་ཕྱིན་ལ་གསེར་སྐྱེམས་དཀར་གཏོར་འབུལ་ལ་ཕྲིན་ལས་བཅོལ། སླར་འཇམ་དཔལ་ལྷ་དགུ་མ་གཏོགས་པའི་དཀྱིལ་འཁོར་སྐུ་གཟུགས་གཏོར་མ་ཤིང་རྩི་ཡན་


LT39_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྣོད་སོ་སོར་བླང་། ཀྱེ། སྲིད་པའི་གཏོ་ཆེན་བསྐོར་བ་ནི་ཞེས་སོགས་གྱེར་བའི་ཚིག་དང་བསྟུན། སྦྱིན་བདག་ལ་གཏོ་ཡས་རྣམས་ཀྱིས་ཆོས་སྐོར་གསུམ་དང་པོ་ན་སྐོར་གསུམ་རྒྱག་པའི་མཐར། བསྲུང་བྱ་སྲུང་བྱེད་ཀྱི་ལོ་ལྷ་མིན་ཅིང་། ལོ་ཟླ་ཞག་དུས་ཀྱིས་བདག་སོགས་ཀྱིས་གཙང་ཕྱོགས་སུ་ཁྱེར་ལ། གསེར་སྐྱེམས་མདོར་བསྡུས་སྔོན་ཏུ་འགྲོ་བས། ཀྱེ། སྤར་ཆེན་སྡེ་བརྒྱད་སོགས་ཀྱིས་བྱོལ་གདབ། སྤྲོ་ན་འབྱུང་བའི་ཟོར་ཆུང་ར་ཟོར་སོགས་འཕྱང་ལྟར་འཕེན། ཆོས་སྐྱོང་གི་གཏོར་བསྐུལ་དང་ཟློག་པའང་སྤྲོ་ན་བྱས་ལ། ཁྱིམ་དུ་ལོག་སྟེ། ཧོ་དགོངས་སུ་གསོལ་ལོ་སོགས་སྨོན་ལམ་རྒྱས་པར་བརྗོད། འདི་སྐབས་རོ་བག་གི་ཁ་བསྒྱུར་སོགས་རང་རང་གི་སྐབས་ལས་སྤྱི་ལ་འདོར་ལེན་བྱས་ན་འཐད་འདྲ་ཞིང་བཏོན་ཀྱང་རུང་། མཐར་རྗེས་ཆོག་ནི། མཆོད་པ་ཁ་གསོ་བའམ་གསར་དུ་བཤམས་ལ་བྱིན་རླབས་གཞུང་གི་དབུ་ལྟར་དང་། དཀྱུས་ལ་ལྗགས་མཆོད་དང་། གཞོན་ནུའི་ཆ་ལུགས་ཙམ་གྱིས་བསྟོད་པས་འཐུས་ཤིང་། གྲོལ་ཉིན། སྐབས་འདིར། ཚིགས་བཅད་བཅས་རྒྱས་པར་མཆོད་ཅིང་། མི་རྟོག་ཡེ་ཤེས་སོགས་ཀྱིས་བསྟོད། མ་འབྱོར་བ་དང་སོགས་ཀྱིས་བཟོད་པར་གསོལ། འཇམ་དཔལ་འབྱུང་ལྷ་སྐུ་རྟེན་རྒྱུན་


LT39_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཡོད་ན་དེ་ལ་དམིགས་ནས་བརྟན་བཞུགས་བྱ། མེད་ན་ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་གཤེགས་སུ་གསོལ། མཆོད་སྦྱིན་གནས་འདིར་སོགས་ཀྱིས་མགྲོན་ཐབས་རྣམས་གཤེགས། ཉེས་པ་ཀུན་སེལ་དང་། བཀྲ་ཤིས་བརྩེགས་པའི་མདོ་བཀླག །བཀྲ་ཤིས་རྒྱས་པར་བརྗོད་ཅིང་བསྔོ་སྨོན་གྱིས་མཐའ་རྒྱས་སུ་བྱའོ། སུམ་བརྒྱ་དྲུག་ཅུའི་གཏོ་ཡི་ཕུག །དཀར་ནག་ཆོ་ག་ཀུན་འདུས་ཤིང་། །གསོན་གཤིན་ཉེས་པ་ཀུན་སེལ་བ། །འཇམ་དབྱངས་ཐུགས་རྗེའི་རྩལ་ལས་ཤར། །གཞན་ལ་ཕན་པ་བྱང་ཆུབ་ལམ་གྱི་མཆོག །གང་ལས་དེ་བྱུང་རྣམ་དཀར་ཀོ་མུ་དཱིས། །ཉེས་བརྒྱའི་མུན་པ་དྭངས་པའི་མཐོ་རིས་སུ། །འཕྲལ་ཡུན་ཕན་བདེའི་ཀུ་མུད་དགོད་གྱུར་ཅིག །ཅེས་པ་འདིའང་ཉམས་རྟོགས་དཔལ་གྱིས་འབྱོར་པ་ཟུར་མང་རྟོགས་ལྡན་དཀོན་མཆོག་རྒྱལ་མཚན་གྱིས་གསུང་བསྐུལ་རིང་ནས་མཛད་པ་དང་། ཉེ་ཆར་མཁན་ཆེན་རིན་པོ་ཆེ་ཟླ་བ་བཟང་པོ་ཁུ་དབོན་ནས་སྒྲུབ་བརྒྱུད་བསྟན་པ་སྤྱིའི་སྲོག་མི་ཉམས་པའི་ཆེད་དུ། འོག་མིན་ཀརྨའི་གདན་ས་ཆེན་མོ་ཉམས་གསོ་མཛད་སྐབས། ཀུན་རྫོབ་ཀྱི་རྟེན་འབྲེལ་ཁྱད་དུ་མི་གསོད་པའི་ཉེས་བཅོས་ཕྱག་བཞེས་སུ་བསྟར་བ་ལ་ཉེར་མཁོའི་བཀའ་སྩལ་ཕེབས་པར་བརྟེན། གཡུ་སྒྲའི་


LT39_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཕྲུལ་ལོ་ཆེན་དྷརྨ་ཤྲཱིའི་ཕྱག་བཞེས་ཀྱི་རྒྱུན་རྗེ་སྟོད་ཚེ་དབང་གྲགས་པ་དང་། སེ་ཚ་འཚོ་མཛད་པ་ལས་འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་ཞལ་ཁྲིད་དུ་ནོད་པའི་ཕྱག་བཞེས་བཞིན། སྐྱབས་ཆེན་རྡོ་རྗེ་འཆང་པདྨའི་མཚན་ཅན་གྱི་བཀའ་ལྟར་དཔལ་སྤུངས་ཀྱི་གདན་ས་ཆེན་པོར་དང་། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྡེ་དགེ་མཆེད་ཀྱི་བཀའ་བཞིན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་སོགས་སུ་རྒྱལ་ཁམས་སྤྱིའི་རིམ་གྲོར་རང་ཉིད་ཀྱིས་ལག་ཏུ་ཡང་ཡང་བསྟར་བའི་ཚུལ་ཇི་ལྟ་བར་ཟིན་བྲིས་སུ་འདེབས་པ་པོ་ནི། གཏོ་མདོས་ཀྱི་བག་ཆགས་ཀུན་གཞིའི་ཀློང་ནས་སད་པ། སྙིགས་མའི་དགེ་སྦྱོང་གི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་སྟེ། འདིས་ཀྱང་གཞན་ལ་ཕན་པར་གྱུར་ཅིག །དགེ་ལེགས་འཕེལ།། །།


previousའབྱུང་བ་སྤྱིའི་ཉེས་པ་སེལ་བར་བྱེད་པའི་གཙུག་ལག་གི་གྱེར་གཏོ་ཆེན་པོའི་བཅའ་གཞི་ལག་ལེན་གསལ་བར་བྱེད་པ་གསེར་གྱི་ཐུར་མ།no next