Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསལ་བ་དོན་གཉིས་གྲུབ་པའི་དཔྱིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསལ་བ་དོན་གཉིས་གྲུབ་པའི་དཔྱིད།next

རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསལ་བ་དོན་གཉིས་གྲུབ་པའི་དཔྱིད།


LT40_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསལ་བ་དོན་གཉིས་གྲུབ་པའི་དཔྱིད་ཅེས་བྱ་བ་བཞུགས་སོ། །


LT40_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨ་པཱ་ལཱ་ཡ། དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ། །དཀར་ཕྱོགས་ལྷ་རྣམས་རྒྱལ་བ་དང་། །ནག་ཕྱོགས་བདུད་རིགས་ཕམ་པར་མཛད། །ངོ་བོ་ཆེ་མཆོག་ཧེ་རུ་ཀ །རྣམ་པ་དྲེགས་པའི་སྡེ་དཔོན་མཆོག །བདག་འཛིན་རྩད་གཅོད་སྐུ་གསུམ་རྫོགས། །འཆོལ་བའི་ཁྲོ་རྒྱལ་ཚོགས་ཀྱི་རྗེ། །ཀུན་བཟང་སྤྱན་སྔར་དམ་བཅས་ཚེ། །ཉིད་དང་དབྱེར་མེད་བྱིན་བརླབས་ནས། །རྫོགས་ཆེན་བསྟན་དང་བསྟན་འཛིན་རྣམས། །བུ་བཞིན་སྐྱོང་བའི་གོ་ཆ་གསོལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པ་མགོན་ཆེན་སྡེ་ལྔ་དང་། །དཔལ་འབར་གཉན་གྱི་རེ་མ་ཏི། །ཁྱད་པར་ལས་མཛད་སྲོག་གི་བདུད། །གིང་སྲིན་བཅན་གཤིན་དམག་དཔོན་བཞི། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །སྣང་སྲིད་ཕོ་རྒྱུད་བྲན་ཏུ་བཀོལ། །ཆེ་བའི་ཆེ་མཆོག་ཁྲོ་བོའི་རྒྱལ། །བདུད་བཞིའི་དཔུང་འཇོམས་སྟོབས་པོ་ཆེ། །ལྷ་ཆེན་མ་ནིང་ནག་པོ་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །མ་གཡེལ་ཡེ་ཤེས་སྤྱན་གྱིས་གཟིགས། །པད་འབྱུང་བསྟན་པ་དར་རྒྱས་སྤེལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །བདག་ཅག་འཁོར་བཅས་བྱང་ཆུབ་བར། །བར་གཅོད་བདུད་སོགས་མི་མཐུན་ཕྱོགས། །དུས་མིན་འཆི་བའི་འཇིགས་པ་ཟློག །ཆོས་མཐུན་ཚེ་བསོད་དཔལ་འབྱོར་རྒྱས། །ཕྱི་རུ་དུས་


LT40_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒུད་པ་སོལ། །ནང་དུ་ལུས་ཀྱི་ནད་གདོན་ཆོམས། །གསང་བ་དུག་ལྔའི་རྣམ་རྟོག་གཞིལ། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །ཨེ་ཀའི་ཀློང་ནས་འབར་བའི་སྐུ། །སྨུག་ནག་ཁྲོས་མ་རག་གདོང་མ། །ཀུན་བཟང་ཡུམ་གྱི་ཐུགས་ལས་སྤྲུལ། །འཁོར་འདས་ཁྱབ་པའི་ཆོ་འཕྲུལ་སྟོན། །སྲིད་པ་གསུམ་པོ་དབང་དུ་མཛད། །ངོ་བོ་ཤེས་རབ་ཕར་ཕྱིན་ཏེ། །གཟུགས་སྐུ་དབྱིངས་ནས་བཞེངས་པའི་ཚེ། །མཐིང་ག་ཁྱབ་པ་ཆེན་པོའི་མདངས། །ཉག་གཅིག་བརྡ་དོན་རྟགས་སུ་རྫོགས། །རྒྱན་ཏུ་སྤྲིན་དཀར་འཇའ་ཚོན་བཀླུབས། །ཁྲེག་ཆོད་སྒོམ་པའི་སེམས་རིག་དབྱེ། །ཐོད་རྒལ་སྣང་བཞིའི་ཡོན་ཏན་སྤར། །ཉམས་དང་རྟོགས་པའི་གོལ་ས་བཅད། །རྣལ་འབྱོར་བདེ་བའི་ཡེ་ཤེས་བསྐྱེད། །དམ་སྲི་འདྲེ་མོའི་སྙིང་ཁྲག་རྔུབ། །སྲོག་སྒྲུབ་ཤ་ཟ་སྤྱང་ཞོན་མ། །སྤྲུལ་དང་ཡང་སྤྲུལ་སྣང་སྲིད་ཀྱི། །མོ་རྒྱུད་གཡོག་དང་འབངས་སུ་བཀོལ། །གནོད་སྦྱིན་ཤན་པ་དམར་ནག་སོགས། །ཕོ་རྒྱུད་མཛའ་དང་མངགས་གཞུག་མཛད། །གཙོ་མོ་ཆེན་མོ་ཁྲག་འཐུང་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །སྙིང་ཐིག་གཉན་པོའི་རྒྱུད་སྲུང་མཆོག །ཨ་ཏི་སེམས་ཀློང་མན་ངག་སྡེར། །མོས་པ་ལམ་དུ་བྱེད་རྣམས་ཀྱི། །མགོན་དང་དཔུང་གཉེན་ཁྱོད་ཡིན་


LT40_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བྱང་ཆུབ་བར་དུ་སྐྱབས་སུ་བསྟེན། །ཐུགས་རྗེ་མ་ཆུང་ཐུགས་དམ་དགོངས། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱང་། །བདག་ཅག་དུས་མིན་འཆི་ལས་སྐྱོབས། །མི་འཆི་ཚེ་ཡི་དངོས་གྲུབ་སྩོལ། །དཀར་སྨུག་ནག་སོགས་མ་མོའི་འཁོར། །ཁྲོས་པའི་ཁ་རླངས་དལ་དུ་འབིབས། །ནད་འཁྲུགས་མུ་གེ་སྤྲིན་ལྟར་གཏིབས། །སྙིགས་མའི་རྒུད་པ་མངོན་ཏུ་གྱུར། །བསྟན་འགྲོའི་བདེ་སྐྱིད་བགས་ཀྱིས་འགྲིབས། །མུན་པའི་དུས་འདི་གཟིགས་ལགས་སམ། །གཙོ་མོའི་བྱིན་རླབས་སྟངས་མ་ཞེན། །འཁོར་ལ་བཀའ་ནན་མ་ཆུང་ཞིག །མི་རྣམས་མ་རིག་དབང་གྱུར་པས། །ལས་ངན་སྤྱོད་པ་རྩིང་གྱུར་ཀྱང་། །ཡེ་ཤེས་ལྷ་ལ་རྟོག་པ་མེད། །མ་མོ་མཁའ་འགྲོར་དམ་ཚིག་མངའ། །དེ་ཕྱིར་ནོངས་པ་བཟོད་བཞེས་ལ། །མུ་གེ་གཉན་རིམས་དམག་འཁྲུགས་སོགས། །མི་མཐུན་དལ་ཡམས་ཞི་བར་མཛོད། །འགྲོ་ལ་སྙིང་རྗེས་མ་དགོངས་ན། །ཡེ་ཤེས་མ་མོ་ཚིག་ཙམ་སྟེ། །བསྟན་དང་བསྟན་འཛིན་མི་སྐྱོབ་ན། །སྔགས་ཀྱི་སྲུང་མ་མིང་དུ་ཟད། །སྲུང་སྐྱོབས་ཕྲིན་ལས་དུས་ལ་བབ། །ཕྱི་རུ་དུས་ཀྱི་རྒུད་པ་སོལ། །ནང་དུ་ལུས་ཀྱི་ནད་གདོན་ཆོམས། །གསང་བ་དུག་ལྔའི་རྣམ་རྟོག་གཞིལ། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །མཐིང་ནག་ནམ་མཁའི་ཀློང་དཀྱིལ་ནས། །ཁྱབ་འཇུག་ཆེན་པོ་


LT40_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་སྐུ། །རྡོ་རྗེ་འཆང་དབང་ཐུགས་སྤྲུལ་ཏེ། །སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་ཚུལ། །ནད་འཁྲུགས་ཐོག་སེར་སྟང་གཅོད་ཅིང་། །འཇིག་རྟེན་ཁམས་ན་མཐུ་རྩལ་ཆེ། །ཉི་ཟླ་གཟའ་སྐར་དབང་དུ་བྱེད། །དུས་ཚོད་ཚེས་གྲངས་ཀུན་གྱི་བདག །བདེན་ཚིག་དམོད་པའི་མཚོན་ཆ་ཅན། །བདུད་འདུལ་དྲང་སྲོང་མི་སྲུན་པ། །ཡབ་ཡུམ་སྤྲུལ་པའི་གཟའ་བརྒྱད་དང་། །གབ་སྦས་གདོང་མོ་མཆེད་བཞི་སོགས། །སྤྲུལ་དང་གཡོག་འཁོར་བསམ་མི་ཁྱབ། །མཐུ་སྟོབས་བར་སྣང་གློག་བས་མྱུར། །འདས་དུས་རིན་ཆེན་སྙིང་པོ་དང་། །ད་ལྟའི་རྒྱལ་བ་ཤཱཀྱ་ཐུབ། །ཨོ་རྒྱན་རྡོ་རྗེ་འཆང་སོགས་ཀྱི། །སྤྱན་སྔར་དམ་ཚིག་བྲོ་བོར་ཏེ། །རྒྱལ་བའི་བཀའ་བཞིན་སྒྲུབ་པར་ཆད། །དེང་སང་སྙིགས་མའི་མཐའ་ལ་ཐུག །བསྟན་དང་བསྟན་འཛིན་དབུ་འཕང་དམའ། །བདུད་དང་དམ་སྲིའི་མགོ་པོ་མཐོ། །སྐྱེ་འགྲོའི་བདེ་སྐྱིད་གཏིང་ནས་བྲི། །གཙང་རིགས་ལྷ་སྲུང་དགུང་དུ་ཡལ། །མི་འདོད་སྣ་དགུ་སྤྲིན་ལྟར་འཐིབས། །དམ་ཆོས་སྒྲུབ་ལ་བར་ཆད་མང་། །འདི་འདྲའི་དུས་ངན་ཤར་བའི་ཚེ། །ཉམ་ཐག་བསྟན་འགྲོ་མི་སྐྱོབ་པར། །ཐོག་མའི་དམ་ཚིག་བསྙེལ་ལམ་ཅི། །ས་བརྒྱད་སེམས་དཔའ་སྒྲ་གཅན་འཛིན། །འཇིགས་བྱེད་བསྟན་སྲུང་རྒྱལ་པོ་ཀྱི། །ཨ་ཏིའི་མཚན་ཙམ་འཛིན་པ་ཡི། །བདག་ཅག་མོས་པའི་


LT40_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་དགོངས། །དུས་མིན་འཆི་བའི་འཇིགས་པ་དང་། །གཤིས་ངན་འཆི་རྐྱེན་ཐམས་ཅད་བཟློག །སྔོན་ལས་འཕྲལ་རྐྱེན་ངན་པ་སོལ། །མི་མཐུན་དལ་ཁ་མཁའ་ལ་བསྒྱུར། །ཀིང་ཀང་གཟེར་མདའ་བགེགས་ལ་རྒྱོང་། །ཕྱི་དུ་དུས་ཀྱི་རྒུད་པ་སོལ། །ནང་དུ་ལུས་ཀྱི་ནད་གདོན་ཆོམས། །གསང་བ་དུག་ལྔའི་རྣམ་རྟོག་གཞིལ། །བསམ་དོན་ཆོས་བཞིན་འགྲུབ་པར་མཛོད། །ཆོས་སྐྱོང་རྒྱལ་པོ་གིང་གི་བདག། དགྲ་འདུལ་སྐྱེས་མཆོག་ཐིག་ལེ་རྩལ། །གནམ་ས་ཕྱེད་ཀྱི་མངའ་བདག་མཛད། །སྟོང་གསུམ་སྐད་ཅིག་གཅིག་ལ་བསྐོར། །ངོ་བོ་གསང་བདག་པདྨ་དབང་། །རྣམ་པ་དྲེགས་པའི་སྡེ་དཔོན་ཚུལ། །སེར་ཆགས་ཀུན་གྱི་དགྲ་བླ་སྟེ། །བན་བོན་ཡོངས་ཀྱི་བསྟན་པ་སྲུང་། །རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །ཁྱད་པར་སྙིང་ཏིག་བཀའ་གཏེར་སྐྱོང་། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་སོགས། །གནམ་ས་བར་སྣང་སྤྲུལ་པས་གང་། །ཁྱོད་ཀྱི་མཐུ་རྩལ་དེང་བསྐུལ་ལོ། །བདག་ཅག་མོས་པའི་བུ་ལ་གཟིགས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །བསྟན་འགྲོའི་བདེ་སྐྱིད་དགུང་དུ་སྤོར། །འཆི་མེད་ཚེ་དང་འཛད་མེད་ནོར། །འདོད་རྒུ་ཡིད་བཞིན་འགྲུབ་པར་མཛོད། །ཕྱི་རུ་དུས་ཀྱི་རྒུད་པ་སེལ། །ནང་དུ་ལུས་ཀྱི་ནད་གདོན་ཚོམས། །གསང་བར་དུག་ལྔའི་རྣམ་རྟོག་གཞིལ། །བསམ་དོན་ཆོས་བཞིན་


LT40_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་མཛོད། །སྙིང་ཐིག་གཉན་པོའི་རྒྱུད་སྲུང་རྣམས། །ད་དུས་སྙིགས་མའི་བསྐལ་པ་འདིར། །བདག་ཅག་མོས་པའི་བུ་ལ་གཟིགས། །ཐུགས་རྗེ་ནུས་པ་བསམ་ཡས་པས། །སྨོན་པའི་འབྲས་བུ་མི་བསླུ་མཛོད། །བར་ཆད་བདུད་ཀྱི་འཕྲང་ལས་སྒྲོལ། །དམ་སྲི་འགོང་པོའི་ཚ་ངར་ཆོམས། །དུས་མིན་འཆི་བ་བཟློག་ཏུ་གསོལ། །ཆོས་མཐུན་དཔལ་དང་ཉམས་རྟོགས་སྤེལ། །ཚེ་དང་སྒྲུབ་པ་མཉམ་བྱིན་རློབས། །ནམ་ཞིག་མི་རྟག་མངོན་གྱུར་ཚེ། །གནད་གཅོད་མེད་པར་དྲན་ཤེས་ལྡན། །དྲི་མེད་རིག་པའི་རང་ངོ་སྤྲོད། །ཀ་ཏི་ཤལ་གྱི་སྦུ་གུ་ཕྱེས། །རྡོར་སེམས་གསང་བའི་ལམ་དུ་སྤོར། །གལ་ཏེ་བར་དོར་འཁྱམས་གྱུར་ཀྱང་། །འཇིགས་སྐྲག་འཁྲུལ་སྣང་ཞི་བར་མཛོད། །འགྲོ་བ་རིགས་དྲུག་སྐྱེ་སྒོ་ཆོད། །བདེ་ཆེན་དག་པའི་ཞིང་དུ་སྐྱོལ། །སངས་རྒྱས་སྲས་སུ་དབུགས་ཕྱུང་ཞིང་། །དེ་སྲིད་རྙེད་དཀའི་རིན་པོ་ཆེ། །དལ་འབྱོར་དོན་ཡོད་མ་གྱུར་བར། །མི་མཐུན་འཆི་ལས་རབ་རྒྱལ་ཞིང་། །དབང་ཕྱུག་མ་ཚང་མེད་འབྱོར་བས། །བསྟན་འགྲོར་སྨན་ཡོན་ཆེ་ལྡན་ཏེ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་། །ཆོས་ཀྱི་རྒྱལ་པོ་རྡོ་རྗེའི་སྐུ། །རྟག་པ་དམ་པའི་དཔལ་བརྙེས་ཤོག །ཅེས་རང་ལོ་སུམ་ཅུ་པར་རང་གཞན་ལ་སྙིགས་དུས་ཀྱི་རྒུད་པ་མངོན་གྱུར་སྐབས་ནས་ཟླའི་གྲལ་ཚེས་ཆོས་སྐྱོང་རྒྱུ་བའི་


LT40_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་རིག་འཛིན་གྱི་བཙུན་པར་རློམས་པ་ཡོན་ཏན་རྒྱ་མཚོས་གསོལ་བ་བཏབ་པ་རྩ་བ་གསུམ་གྱི་བྱིན་རླབས་ཀྱིས་འགྲུབ་པར་གྱུར་ཅིག །དགེ་ལེགས་འཕེལ། །


previousརྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྲིན་ལས་སུ་གསལ་བ་དོན་གཉིས་གྲུབ་པའི་དཔྱིད།next