Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་བསྙེན་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་བསྙེན་ཡིགnext

མ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་བསྙེན་ཡིག


LT40_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། མ་མགོན་ཞལ་སྦྱོར་གྱི་བསྙེན་པ་བཏང་བའི་ཐོག་མར། སྲུང་འཁོར་བུམ་ནག་མའི་སྒོམ་རིམ་དང་འདོན་ཆ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་བཀའ་འབུམ་ཉ་པར་བཞུགས་པ་ལྟར་རབ་བསྙེན་ཚད། ཐ་ན་བདུན་སྒྲུབ་ཙམ་བཏང་གྲུབ་ན་གལ་ཆེ། བསྙེན་པ་དངོས་ཆགས་མེད་རིན་པོ་ཆེའི་ཟིན་བྲིས་ཀྱི་ལུགས་ལྟར་རྗེ་ཆོས་ཀྱི་འབྱུང་གནས་དང་། པདྨ་ཉིན་བྱེད་དབང་པོས་ཕྱག་བཞེས་མཛད་པའི་འདོན་འགྲིགས་ན། བཅའ་གཞི་བཤམ་བཀོད་གྲུབ་ནས། །ཕྱི་ཐུན་ཞིག་ལ་དབུ་འཛུག །བདེ་ཆེན་རྡོ་རྗེའི་བརྒྱུད་འདེབས་བྱ། སྐྱབས་སེམས་སྔར་མ་སོང་ན་ཕག་མོ་ལྟར་ལན་གང་རུང་བཏང་། ཚད་མེད་བཞི་བསྒོམ། མངོན་རྟོགས་ནས་བརྩམས་མཚལ་མ་དཀྱུས་འགྲེས་གསོལ་སྐོང་ཡན་བཏང་། བསྙེན་པ་ཅི་ནུས་བྱ། བསྙེན་པ་ཐམས་ཅད་ལ་ཐོག་མར་ཞལ་སྦྱོར་སྐུ་བསྙེན་ཕྲེང་སྐོར་ཙམ་བགྲངས་ནས་བསྐྱེད་རིམ་གསལ་བཏབ་ཅིང་ང་རྒྱལ་བཟུང་། དངོས་གཞི་སྔགས་འཁོར་ལ་སེམས་རྩེ་གཅིག་བཟུང་སྟེ་གསུང་བསྙེན་ཁོ་ན་བཟླ། ཐུན་མཐར་འོད་ཟེར་སྤྲོ་བསྡུ་བཅས་ཐུགས་བསྙེན་ཕྲེང་བསྐོར་ཙམ་བཟླ། ཐུན་གཏོར་ལ་འགུགས་གཞུག་དང་བསྒྲལ་བསྟབ་དམིགས་པ་བཅས་གང་ཞིག་བླ་མ་སོགས་བརྗོད། ཡང་ཟློག་སྔགས་དང་ཐལ་


LT40_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྡེབ་དགོངས་མོ་སྲོད་ཐུན་མཐར་བྱས་ཀྱང་ཆོག །མ་བྱས་ཀྱང་དགོས་ཆེན་མེད། མན་ངག་ཡིག་བརྒྱ་ལན་གསུམ། ཚེ་རབས་ཀུན་ནས་སོགས་ལན་གསུམ་ལས་མི་ཉུང་བར་བརྗོད། ཆགས་མེད་ལུགས་ལ་བསྡུ་ལྡངས་གྲོལ་ཁ་བར་མི་བྱེད། དེའང་རྨི་ལམ་རྟགས་མཚན་གསལ་ཆེད་ཡིན་པར་གསུངས་པས་ཉལ་ཁ་སྤྱི་ལྟར་བསྡུ་ལྡངས་སྨོན་ལམ་བཀྲ་ཤིས་བྱས་ཀྱང་འགལ་བ་མེད་ཅིང་། རྟགས་མཚན་ཤུགས་ཀྱིས་བྱུང་ན་མ་གཏོགས་ཆད་གཉེར་གྱིས་རེ་དོགས་མི་རུང་། རེ་དོགས་ཆེ་ན་རྟགས་མཚན་འོང་སྲོལ་ཡང་མེད། ཕྱིར་ནང་ཐོར་ཐུན་ལ། ཐོག་མར་ཡི་དམ་ཕག་མོ་ལྟ་བུའི་སྒོམ་བཟླས་བྱེད་ན་སྐྱབས་སེམས་དེར་སོང་བས་འཐུས། དེ་མིན་བརྒྱུད་འདེབས་འཕྲོས་སྐྱབས་སེམས། མངོན་རྟོགས་ནས་ལྷ་ཆེན་དཔལ་འབར་སྔགས་མཆོད་ཡན་བརྗོད། དེ་ནས་བསྟོད་པ་གང་དྲིན་མའི་མཇུག་ཏུ་བསྙེན་པ་གོང་སྨོས་ལྟར་བྱ། ཐུན་མཐར་འགུགས་གཞུག་རིང་ཐུང་གསུམ། བྱང་ཁྲོད་མ་ཡབ་བསྐུལ་ཡུམ་བསྐུལ་གཉིས་ཀྱིས་ཐུན་གཏོར་འབུལ། སྔ་ཕྱིའི་ཐུན་གཏོར་རྣམས་དཀྱིལ་འཁོར་འགྲམ་དུ་འབུལ་བ་ལས་ཕྱི་ལ་ཁྱེར་སྲོལ་མེད་ཡིག་བརྒྱ་སོགས་སྔ་ནུབ་ལྟར་བྱ། ཐུན་རེ་རེ་བཞིན་མཆོད་ཁ་གསོ་བ་དང་ཐུན་གཏོར་གསར་པ་བཤམ་དགོས། སྔ་དྲོའི་ཐུན་ལ་གསོལ་ཁ་


LT40_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་པོ། བསྟན་སྲུང་མཐར་ཐུག །ལྷ་མོའི་གསོལ་ཁ་བཅས་འདོན་ནས་བསྙེན་པ་བྱེད། ཐུན་མཐར་འགུགས་གཞུག་བསྐལ་པ་མེ་ལྟར་དང་། གསང་སྔགས་རྣལ་འབྱོར་གཉིས་ཀྱིས་ཐུན་གཏོར་འབུལ། ཡིག་བརྒྱ་སོགས་འདྲ། ཕྱི་དྲོའི་ཐུན་ལ། སྐོང་བ་རྒྱས་པ། སྤྲོ་ན་བྱང་ཤར་ཆོས་དབྱིངས་དང་། འཁྲུགས་སྐོང་ཡང་འདོན། བདག་སྒྲུབ་མའི་མཐར་བསྙེན་པ་བྱ། ཐུན་མཐར་འགུགས་གཞུག་འདས་དང་མ་བྱོན་ཚན་གཉིས་ཀྱིས་ཐུན་གཏོར་འབུལ། ཡིག་བརྒྱ་སོགས་འདྲ། མཚན་ཐུན་འགོར་མངོན་རྟོགས་ནས་བརྩམས་མཚལ་མ་ཆ་ཚང་། གསང་སྔགས་ནང་གཏོར། འཁོར་ལྔ་སོགས་ཀྱི་གཏོར་འབུལ་རྣམས། བསྟོད་པ། གསོལ་ཁ་དང་སྐོང་བ་བསྡུས་པ་དཀྱུས་འགྲེ་བཏང་ནས་བསྙེན་པ་བྱ། ཐུན་མཐར་འགུགས་གཞུག་དང་། །གང་ཞིག་བླ་མ་སོགས་ཀྱིས་ཐུན་གཏོར་འབུལ། ཡིག་བརྒྱ་སོགས་གོང་སྨོས་ལྟར་བྱ། དེས་འགྲེས་ཏེ་གྲངས་དུས་རྟགས་གསུམ་གྱི་བསྙེན་པ་གང་རུང་རྫོགས་པའི་དགོངས་ཐུན་མཐར་ཞལ་སྦྱོར་གྱི་ཤཱ་ས་ནའང་ཅི་འགྲུབ་བཟླ་ལིངྒ་བཅས་ལ་བསྒྲལ་ལས་བྱ། ལས་འགྲིགས་ཀྱི་བསྐུལ་ཚུར་མའམ། གསོན་ཅིག་མ་དང་གང་ཞིག་བླ་མ་ཙམ་འདོན་ལ་སྔར་བསགས་ཀྱི་ཐུན་གཏོར་ཐམས་ཅད་བསྡུས་


LT40_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐེབས་ཡོད་པའི་ཕྱོགས་སུ་འབུལ། རྡོ་རྗེ་བཀའ་ཟློག་མ་དང་། ཡང་ཟློག་སོགས་ཟློག་པ་ཤེས་ཚད་འདོན། ཐལ་རྡེབ་སྨོན་ལམ་བཅས་བྱ། ཡིག་བརྒྱ་སོགས་སྔར་ལྟར་བྱས་པས་འཐུས། ཕྱིར་ནང་ཐོར་ཐུན་ལ་མཆོད་པ་ཚོགས་སོགས་རྒྱས་པར་བཤམ། མཚལ་མ་ཚོགས་གཏོར་འབུལ། སྐོང་གསོལ་རྒྱས་པ་ལྕོགས་ན་ལེགས་ཤིང་མ་ལྕོགས་ན་གསོལ་སྐོང་འབྲིང་པོ་ཙམ་དང་བདག་སྒྲུབ་མའི་མཐར་བསྙེན་པ་ཁྱུག་ཙམ་བཏང་ལ་འགུགས་གཞུག་བཅས་གང་ཞིག་བླ་མས་ཐུན་གཏོར་འབུལ། ཡང་ཟློག་ཐལ་རྡེབ་བྱ། ཆོས་ཀྱི་དབྱིངས་ཀྱི་མཚན་གཉིས་མཐར། བཛྲ་མ་ཧཱ་ཀཱ་ལ་བརྒྱ་སྟོང་ཅི་ནུས་བགྲངས། དངོས་གྲུབ་བླང་བའི་དམིགས་པ་བཅས་རྟེན་གཏོར་གནས་གསུམ་གཏུགས། དམ་རྫས་མྱང་། ཚོགས་ལ་རོལ་ཞིང་ལྷག་མ་བཏང་། མཆོད་བསྟོད་བྱ། བཤགས་པ་ཕྱིན་རྒྱས་པ་བཏང་ན་ལེགས། མན་ངག་ཡིག་བརྒྱ་དང་། ཚེ་རབས་ཀུན་ནས་སོགས་ཉེར་གཅིག་ཡན་བརྒྱ་རྩ་ཕྱིན་གང་མང་མཐར། མདུན་བསྐྱེད་ཡེ་ཤེས་པ་རྟེན་ཡོད་ན་བརྟན་བཞུགས་བྱ། །དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་བསྡུ་ལྡངས། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་པས་འགྲུབ་བོ། །འདིར་བསྙེན་པའི་ཁ་སྐོང་སྦྱིན་སྲེག་ནི་ཕྱིས་ཀྱི་ཕྱག་རྒྱུན་ལ་མི་འབྱུང་ཞིང་།


LT40_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ལ་ཁྲི་སོགས་ལྷག་པོར་བཟླས་པས་ཁ་སྐོང་མཛད་དེ། དཔེར་ན་གྲངས་བསྙེན་འབྲུ་འབུམ་འབུམ་ཚོ་བཅུ་གསུམ་ལ། ཁྲི་ཚོ་བཅུ་གསུམ། དེ་ལ་སྟོང་ཕྲག་བཅུ་གསུམ། དེ་ལ་བརྒྱ་ཕྲག་བཅུ་གསུམ་བཟླ་སྟེ། ཁ་སྐོང་བསྡམས་པས་འབུམ་ཐེར་གཅིག །ཁྲི་ཚོ་བཞི། སྟོང་ཕྲག་བཞི། སུམ་བརྒྱ་བཟླ་བ་ལགས་སོ། །ཞེས་པའང་མཉན་པ་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་ངོར་བླ་མ་མགོན་པོ་དབྱེར་མེད་ཀྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ། །


previousམ་མགོན་ཞལ་སྦྱོར་གྱི་རྣལ་འབྱོར་དང་འབྲེལ་བའི་བསྙེན་ཡིགnext