Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
ཡེ་ཤེས་མགོན་པོ་ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མགོན་པོ་ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ།next

ཡེ་ཤེས་མགོན་པོ་ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ།


LT40_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ་བཞུགས་སོ། ཧཱུྃ། སྤྱན་རས་གཟིགས་མགོན་ཐུགས་ཀྱི་ཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་བར་མི་སྤྱོད་ཅིང་། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚར་གཅོད་པ། །འཇིགས་པའི་གཟུགས་ཅན་ཁྱོད་ནི་འདིར་བྱོན་ཅིག །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། །ཁྱོད་ཀྱི་རྣམ་འཕྲུལ་ཕྱོགས་བཅུ་མ་ལུས་ཁྱབ། །ཡབ་ཅིག་རྟག་ཏུ་འདོད་རྒྱལ་ཁང་བཟང་ན། །ཕལ་ཆེར་ཨུ་ཙ་ལ་ཡི་དུར་ཁྲོད་ན། །རེས་འགའ་བསིལ་བའི་ཚལ་ན་སྲིན་པོའི་གཟུགས། །ད་ལྟ་ཙ་རི་རོང་གི་ཕོ་བྲང་ན། །ཁྱོད་ཀྱི་བརྟེན་ས་རྩུབ་མོའི་བྲག་ཕུག་ན། །རྣལ་འབྱོར་དམ་ཚིག་ལྡན་པའི་རྗེས་འབྲང་ཞིང་། །གང་གིས་བཅོལ་པའི་ལས་རྣམས་སྒྲུབ་མཛད་པ། །དྲག་པོའི་དབང་ཕྱུག་གཟི་ལྡན་འདིར་བྱོན་ཅིག །ཡུམ་གཅིག་བདུད་མོ་རེ་ཏི་འདིར་བྱོན་ཅིག །བཀའ་ཉན་སྒྲོལ་བྱེད་མ་མོ་འདིར་བྱོན་ཅིག །འཁོར་གྱི་ཕོ་ཉ་ལས་མཁན་འདིར་བྱོན་ཅིག །སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་འདིར་བྱོན་ཅིག །ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་ཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལྷ་ཆེན་དཔལ་འབར་འཁོར་དང་བཅས། །བསྐང་ངོ་བསྐལ་པ་ཐུགས་དམ་བསྐང་། །སྲོག་བདུད་མ་ཧཱ་ཀཱ་ལ་ནི། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །གསོད་དང་


LT40_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པའི་ལས་ལ་དགྱེས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །མིང་པོ་རྡོ་རྗེའི་ལས་བྱེད་མ། །དམ་ལ་གནས་ཤིང་བསྟན་པ་སྲུང་། ཁམས་གསུམ་ཁྲག་འཐུང་རེ་མ་ཏཱི། །མ་གཅིག་ལྷ་མོའི་ཐུགས་དམ་བསྐང་། །ཤེལ་གཡུ་དངུལ་དང་དུང་གི་མིག །མཆོང་དང་ཟངས་ཀྱི་མིག་ཅན་མ། །བདུད་ཀྱི་བུ་མོ་ཆེན་མོ་དྲུག །སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། །སྲོག་བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་མོན་མོ་ཆེན་མོ་བདུན། །བདུད་ཀྱི་ཤན་པ་ཆེན་པོ་བདུན། །བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད། །ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་དང་། །ཕྱོགས་བཞིའི་རུ་འདྲེན་དམག་གི་ཚོགས། །བདུད་པོ་ཉི་ཁྲི་ཆིག་སྟོང་དང་། །ལྷ་དམག་དཀར་པོ་འབུམ་སྡེའི་ཚོགས། །གཞན་ཡང་ལྷ་སྲིན་སྡེ་བརྒྱད་སོགས། །དཔལ་མགོན་འཁོར་དང་བཅས་རྣམས་ཀྱི། །ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །ཕྱི་ནང་གསང་བའི་བརྟེན་རྫས་དང་། །མཆོད་བསྐང་བསྒྲུབ་ཅིང་དགྱེས་པའི་རྫས། །བདུད་རྩི་ཛ་གད་སྨན་རཀ་ཕུད། །ཤ་ཁྲག་དམར་གྱི་གཏོར་མ་སོགས། །ཐུགས་ལ་བཞེད་དགུའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་ཀྱིས། །ཐུགས་དམ་གཉན་པོ་བསྐང་ནས་ཀྱང་། །གཡར་དམ་ཉམས་ཆགས་སོར་སྩོལ་ཞིག །བདག་ཅག་མ་རིག་དབང་གྱུར་པས། །རྩ་


LT40_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡན་ལག་དམ་ཚིག་ལ། །ཆགས་ཉམས་འགལ་འཁྲུལ་གང་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་སྩོལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་གནོད་པ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་འཕེལ་བ་དང་། །སྣང་སྲིད་དབང་དུ་སྡུད་པ་དང་། །མི་མཐུན་ཕྱོགས་རྣམས་གཞོམ་པ་ཡི། །ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་མཛོད། །ཁྱད་པར་སངས་རྒྱས་བསྟན་པའི་བཅུད། །ངེས་དོན་སྙིང་པོའི་རིང་ལུགས་སྐྱོངས། །གསང་བདག་རྡོ་རྗེ་འཛིན་པ་སོགས། །རྒྱལ་བའི་བཀའ་དང་དམ་ཚིག་བཞིན། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །ཕྱི་ནང་གསང་བའི་འགལ་རྐྱེན་ཟློག །བསྟན་དང་འགྲོ་ལ་གནོད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐལ་བའི་རྡུལ་བཞིན་བརླག་པར་གྱིས། །མདོར་ན་མཆོག་ཐུན་དངོས་གྲུབ་སོགས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་འདི་ནི་ངེས་དོན་སྙིང་པོའི་རིང་ལུགས་ཀྱི་བསྟན་པའི་རྩ་ལག་དཔལ་ལྡན་ཛམ་ཐང་གི་མགོན་ཁང་དུ་ཉེ་བར་མཁོ་བའི་ཕྱིར། ལྷ་འདི་ཉིད་ཀྱི་རྣལ་འབྱོར་པ་ངག་དབང་ཆོས་འཕགས་ཀྱི་བཞེད་དོན་ལྟར། གསང་བདག་སྒྲོལ་བའི་མགོན་པོའི་བཀའ་སྲོལ་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གནས་དེ་ཉིད་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །། །།


previousཡེ་ཤེས་མགོན་པོ་ཏྲཀ་ཤད་ཀྱི་བསྐང་གསོལ་ལས་བཞི་མྱུར་འགྲུབ།next