Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
འཕགས་པ་ཛམྦྷ་ལ་དཀར་པོའི་བསྟོད་པ་དངོས་གྲུབ་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ཛམྦྷ་ལ་དཀར་པོའི་བསྟོད་པ་དངོས་གྲུབ་ཆར་འབེབས།next

འཕགས་པ་ཛམྦྷ་ལ་དཀར་པོའི་བསྟོད་པ་དངོས་གྲུབ་ཆར་འབེབས།


LT40_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛམྦྷ་ལ་དཀར་པོའི་བསྟོད་པ་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


LT40_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཨཱརྻ་ཛམྦྷ་ལ་ལ་ཕྱག་འཚལ་ལོ། །ཧྲཱིཿ འདོད་དགུའི་མཆོག་སྩོལ་གནོད་གནས་དབང་པོ་ནི། །དུང་དང་ཀུནྡ་ཟླ་བ་ཆུ་ཤེལ་མདོག །མཐོང་ཐོས་དྲན་པས་འདི་ཕྱིའི་གདུང་བ་སེལ། །བསམ་འགྲུབ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། ༡ །ངེས་པ་ལྔ་ལྡན་རྣམ་སྣང་གངས་ཆེན་མཚོ། །ཞིང་འདིར་ས་བཅུའི་དབང་ཕྱུག་སྐུར་སྣང་བ། །སྤྱན་རས་གཟིགས་མགོན་ཐུགས་རྗེའི་འོད་ཟེར་ནི། །བསམ་རྫོགས་དཔལ་དུ་འཕྲོས་ལ་ཕྱག་འཚལ་བསྟོད། ༢ །ཆགས་དང་སེར་སྣའི་ཐན་པས་གདུང་བ་ཡིས། །དཔལ་འབྱོར་ལོ་ཏོག་བསྐམས་པའི་བཀྲེན་པ་རྣམས། །གཟིགས་ནས་དམིགས་མེད་སྙིང་རྗེའི་རྫོགས་ལྡན་སྤྲིན། །ཕན་བདེའི་དཔྱིད་དུ་དཀྲིགས་ལ་ཕྱག་འཚལ་བསྟོད། ༣ །བསོད་ནམས་བྱེ་བ་ལས་གྲུབ་བཟང་པོའི་མཚན། །སྤྱན་གཡས་མཆི་མ་ནོར་བུའི་གྲུ་ཆར་གྱི། །བཅུད་དུ་འདྲིལ་བ་མགོན་པོ་ཛམྦྷ་ལ། །ཡིད་བཞིན་དབང་གི་རྒྱལ་པོར་ཕྱག་འཚལ་བསྟོད། ༤ །ཁྱོད་མཚན་རིན་ཐང་བྲལ་བའི་བཻ་ཌཱུརྻ། །སུས་འཛིན་སྐྱེ་ཀུན་དབུལ་བའི་འཇིགས་དང་བྲལ། །ཕྱི་མ་འོད་དཔག་མེད་ཞིང་བདེ་ཆེན་ཏུ། །འདྲེན་པའི་འོད་སྣང་འབར་ལ་ཕྱག་འཚལ་བསྟོད། ༥ །ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་བསྟེན་པ་ལ། །དབུལ་ཕོངས་འཇིགས་པ་མིང་ཡང་མི་གྲགས་ཤིང་། །ཟས་གོས་འབྲུ་


LT40_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷུན་གྱིས་གྲུབ་མཛད་པ། །ལྷ་མཆོག་ཡོངས་འདུས་ཤིང་ལ་ཕྱག་འཚལ་བསྟོད། ༦ །འཛད་མེད་དགོས་འདོད་གཏེར་ཆེན་ལྷུག་པར་གྲོལ། །འགྲོ་བ་ཡོངས་ཀྱི་དབུལ་བ་གཅིག་ཆར་འཕྲོག །རྟོག་པ་མེད་པར་རེ་བ་སྐོང་མཛད་པ། །ནོར་སྦྱིན་བུམ་པ་བཟང་པོར་ཕྱག་འཚལ་བསྟོད། ༧། འདོད་དགུར་བསྒྱུར་བའི་མིག་འཕྲུལ་གར་བརྒྱ་ཡིས། །ལས་བཞིའི་ཕྲིན་ལས་བཅོལ་བའི་མོད་ལ་གྲུབ། །ཡེ་ཤེས་རང་མདངས་མཚར་སྡུག་ཌཱ་ཀི་ནི། །རྣམ་བཞིའི་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ༨ །གདོད་ནས་མངོན་སངས་རྒྱས་ཀྱང་འགྲོ་དྲུག་གི། རྣམ་པ་དང་མཐུན་གྲུབ་གཉིས་སྦྱིན་པའི་ལྷ། །སྐྱབས་གནས་གཅིག་ཆོག་ཉིད་དུ་ངེས་རྙེད་ནས། །མི་ལྡོག་དད་ཅིང་གུས་པས་ཕྱག་འཚལ་བསྟོད། ༩ །མཆོད་བསྟོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །སྔོན་གྱི་ཐུགས་དམ་ཆེན་པོའི་ཤུགས་བསྐྱེད་ནས། །མཆོག་ཐུན་དངོས་གྲུབ་རིན་ཆེན་ཆར་ཕོབ་ལ། །རེ་བའི་ཤིང་རྟ་མྱུར་དུ་འགེང་དུ་གསོལ། ༡༠ །ཚེ་བསོད་དཔལ་འབྱོར་དབང་ཐང་སྙན་གྲགས་དང་། །ཟས་གོས་འབྲུ་ནོར་འཁོར་འདབ་ལོངས་སྤྱོད་ཚོགས། །མི་ཟད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ལ། །ཅི་འདོད་དངོས་གྲུབ་མྱུར་དུ་སྦྱིན་ཏུ་གསོལ། ༡༡ །མཐུ་སྟོབས་ནུས་རྩལ་སྤངས་རྟོགས་ཡོན་


LT40_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སོགས། །ལས་བཞི་གྲུབ་བརྒྱད་མཆོག་གི་གྲུབ་བ་རྣམས། །ཡར་ངོའི་ཟླ་དང་དབྱར་གྱི་ཆུ་གཏེར་ལྟར། །མྱུར་དུ་འགྲུབ་ཅིང་གོང་འཕེལ་མཛད་དུ་གསོལ། ༡༢ །བདག་ཅག་བཟང་ངན་བར་མའི་འབྲེལ་ཐོགས་བཅས། །འདི་བཟུང་སྐྱེ་ཀུན་དབུལ་ཕོངས་འཇིགས་དང་བྲལ། །ཕྱི་མ་བདེ་བ་ཅན་དུ་ལམ་སྣ་དྲོངས། །སྤྱན་རས་གཟིགས་དབང་ཕྲིན་ལས་མྱུར་འགྲུབ་ཤོག ༡༣ །ཅེས་པའང་དད་དམ་དགེ་བའི་ནོར་ཅན་དྷརྨ་བརྡྷ་ནས་བསྐུལ་ངོར་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་རི་ཁྲོད་དུ་ཡར་ཚེས་བཟང་པོར་བྲིས་པ་དགེ་ལེགས་འཕེལ། ༈ །གཏོར་འབུལ་འདོད་གསོལ་བྱེད་ན། ཁྱོད་ལ་མཆོད་བསྟོད་གཏོར་མ་ཕུལ་བའི་མཐུས། །སྔོན་གྱི་ཐུགས་དམ་མན་ཆད་སྦྱར་བར་བྱའོ། ༈ །གའུ་ལྔའི་འདོད་གསོལ་སྔགས་ཆགས་མེད་རིན་པོ་ཆེའི་ལུགས་ལྟར་ལེགས་སྦྱར་དུ་བགྱིས་པ་ནི། གཙོ་བོ། ཨོཾ་པི་ཤ་ནི་ལོ་ཀ་དྷཱ་ཏུ་ནཱཾ། ཏྲི་དེ་བ་ན་ར་བྷཱུ་ཏཱ་ནཱཾ་སརྦ་ཛ་ག་ཏཾ་བ་ཤང་ཀུ་རུ་སྭཱ་ཧཱ། ཤར། ཨོཾ་བཛྲ་ཌཱ་ཀི་ནཱི། ཨོཾ་བ་ཤཾ་ནི་སརྦ་ཨུདྡྷ་དེ་བ་བྷ་བ། ཨ་དྷོ་ནཱ་ག་བྷ་བ། མ་དྷྱ་ན་ར་བྷ་བ་བ་ཤང་ཀུ་རུ་སྭཱ་ཧཱ། ལྷོ། ཨོཾ་རཏྣ་ཌཱ་ཀི་ནཱི་ཨོཾ་བ་ཤཾ་ནི་དེ་བ་ཨ་སུ་རཱ་ནྲཱིཾ། སརྦ་ཨནྣ་བ་སུ་དྲ་བྱ། བི་ཤིཥྚ་མཱནྡ་བ་ཤང་ཀུ་རུ་སྭཱ་ཧཱ། ནུབ། ཨོཾ་པདྨ་ཌཱ་ཀི་ནཱི་ཨོཾ་བ་ཤང་ནི་སརྦ་རཱ་ཛ་རཱ་ཛ་ན་ཀ་ཨི་ཤཱ་ཁྱ་བཱནྡ་


LT40_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཌྡྷྱ་ཨུ་ད་ཡ་སྥོ་ཊ་ཀཱི་ནཱཾ་དེ་ཤ་ན་རཱཤྩ། སརྦ་རཏྣ་མ་ི་ཀཾ་པ་ཏི་ཀ་ར་མ་ཧཱ་ནཱ་ག་བྷཱུ་མི་པ་ཏི་བ་ཤང་ཀུ་རུ་སྭཱ་ཧཱ། བྱང་། ཨོཾ་ཀརྨ་ཌཱ་ཀི་ནཱི་ཨོཾ་བ་ཤང་ནི་དེ་བ་ནར་བྷཱུ་ཏཱ་ནཱཾ་ཨོ་ད་ཀ་བ་སུ་བི་ཤྭ་སམྤ་ཏྟིབ་ཤང་ཀུ་རུ་སྭཱ་ཧཱ། །དགེ་ལེགས་འཕེལ།། །།


previousའཕགས་པ་ཛམྦྷ་ལ་དཀར་པོའི་བསྟོད་པ་དངོས་གྲུབ་ཆར་འབེབས།next