Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ།next

དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ།


LT40_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


LT40_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཡཻ། གཏོར་མཆོད་མཐོང་བརྒྱུད་ལྟར་འཚོགས་པར་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་བསྐང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་་ཨི་


LT40_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། སྥ་བཛྲ་སྥ་ར་་ཁཾ་ཞེས་པས་བྱིན་གྱིས་བརླབས་ཅིང་ཟད་མི་ཤེས་པར་སྤེལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཡཾ་ལས་བསྐལ་པའི་མེ་རླུང་། ར་ལས་རཀྟའི་རྒྱ་མཚོ། ཀི༚་ལས་རུས་པའི་རི་རབ་ཀྱི་སྟེང་དུ་བྷྲཱུྃ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་དང་དྲག་པོའི་བཀོད་པ་ཚད་མེད་པའི་དབུས་སུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། སྤྱན་གཅིག་རལ་གཅིག་


LT40_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་གཅིག་ནུ་གཅིག་དང་ལྡན་པ། །ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་སྟབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་གདན་ལ་རོལ་པ། འཁོར་དུ་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ་ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མདུན་ཏུ་བྷྱོ་ལས་ཤན་པ་སྲོག་སྒྲུབ་ནག་མོ་ལ་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། གཡས་སུ་ཏྲི་ལས་གཟའ་བདུད་རཱ་ཧུ་ལ་ལ་གཟའ་གདོད་རྒྱུ་སྐར་གྱིས་བསྐོར་བ། རྒྱབ་ཏུ་ཀྵ་ལས་གནོད་སྦྱིན་ཤན་པ་དམར་ནག་ལ་ཤ་ཟ་ཤན་པའི་ཚོགས་ཀྱིས་བསྐོར་བ། གཡོན་ཏུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་ལ་གིང་ཆེན་སྡེ་བཞི་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་བརྟན་མའི་ཚོགས་ཀྱིས་བསྐོར་བ། །གཞན་ཡང་ཕྱིའི་ཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་དཔག་ཏུ་མེད་པས་བསྐོར་ཞིང་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་ཏུ་སྐོང་བ། ཐམས་ཅད་ཀྱི་དཔྲལ་བར་ཨོཾ། །


LT40_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང་། བྷྱོཿབདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་སྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། བྷྱོ། དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་ཤན་པ་གཤེགས་སུ་གསོལ། །བར་སྣང་ཁམས་ནས་འཇིགས་བྱེད་གཙོ། །ཁྱབ་འཇུག་ཆེན་པོ་གཤེགས་སུ་གསོལ། །ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ། །དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །བསྟན་པ་


LT40_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། ཨོཾ་རོ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རཀྨོ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ཏྲག་རཀྴས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་སྤྱན་དྲངས་ལ། བཞུགས་གསོལ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། ཏྲག་རཀྴ་ས་མ་ཡ་ཏིཥྛནྟུ། ཕྱག་བྱ་བ་ནི། ཧཱུྃ། དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོ་རལ་གཅིག་མ། །མཐུ་ཆེན་དྲེགས་པ་ཆེན་པོ་བཞི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿམཆོད་པ་ནི། ཧཱུྃ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་


LT40_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་རོལ་ལ་ཕྲིན་ལས་མཛོད། ཨོཾ་ཏྲག་རཀྴ་ས་པ་རི་ཝཱ་ར་པུཥྤེ་ནས་ཤབྡའི་བར་དང་། ཨ་མྲྀ་ཏ་རཀྟ་བ་ལི༚་པཉྩ་ཀཱ་མ་གུ་་པྲ་ཏཱིཙྪ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི་བཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་ཞེས་པ་ནས་ཕྲིན་ལས་མཛོད་ཅིག །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། བསྟོད་པ་ནི། བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་པོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་


LT40_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་པོ་ས་མ་ཡ། བྷྱོ། སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་ཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །དཔལ་ལྡན་ཤན་པ་མི་བསྲུན་མ། །གཅེར་མོ་དོན་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་མྱོས་བྱེད་རིམས་ནད་འབེབས། །ནམ་གྲུ་ནག་མོ་ཁྱོད་ལ་བསྟོད། །གཏུམ་ཆེན་གཟའ་བདུད་སྲིན་པོའི་གཟུགས། །མགོ་དགུ་རྒྱལ་མཚན་སྦྲུལ་ཞགས་དང་། །མདའ་གཞུ་འགེངས་ཤིང་ཐོག་སེར་འབེབས། །སྡེ་བརྒྱད་དམག་དཔོན་ཁྱོད་ལ་བསྟོད། །སྒྲོལ་གིང་ཤན་པ་དམར་ནག་ནི། །གྲི་ཐོད་འཛིན་ཞིང་རལ་གྲི་གདེང་། །བསྟན་དགྲའི་སྙིང་འབྱིན་སྦྲུལ་ཞགས་འཕེན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད། །དམ་ཅན་སྐྱེས་བུ་གིང་གི་བདག །དམར་ནག་རྡོ་རྗེ་དགྲ་སྙིང་འཛིན། །ཟ་འོག་བེར་གྱོན་ར་སྐྱེས་ཞོན། །མཐུ་ཆེན་དྲེགས་པ་ཁྱོད་ལ་བསྟོད། །མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས། །དཀར་ཕྱོགས་བསྟན་པ་ལེགས་སྐྱོང་ཞིང་། །ནག་ཕྱོགས་བདུད་སྡེ་ཚར་གཅོད་པའི། །བཀའ་སྡོད་ཕོ་ཉ་ཀུན་ལ་བསྟོད། བསྐང་བ་ནི། བྷྱོ། ཡེ་ཤེས་མ་མོ་ཁྲག་འཐུང་ཡུམ། །


LT40_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འཁོར་བཅས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། །ཁྲག་ཞག་འཁྲུག་པའི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །གསུང་ཆེན་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེས་ཐུགས་དམ་བསྐང་། །མཁྲིས་ཆེན་བདུད་རྩིའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔའི་རོལ་མོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །སྣ་ཚོགས་སྙིང་དང་ཁྲག་སྣ་འབུམ། །བཙོས་དང་རྗེན་ཤ་དཀར་མངར་བཅུད། །མྱོས་བྱེད་ཛ་གད་འབྲུ་སྨན་དབྱིག །འདོད་ཡོན་མཆོད་པས༴བྱ་ནག་ཁྱི་དང་ཟ་ལེ་འབྲི། །ཙ་ར་ལུག་དང་དྲེའུ་རྣམས། །མཛེས་སྡུག་རྣམ་བཀྲའི་རྒྱན་ཆ་ཅན། །འབུམ་ཕྲག་མང་པོས༴། སྐུ་གཟུགས་སྔགས་བྱང་རྩེ་གསུམ་མདུང་། །སྦ་ལྕག་ཚིགས་གསུམ་རང་བྱུང་མཚལ། །བྱང་སེམས་ནལ་བུའི་རྒྱལ་མཚན་སྙིང་། །ཤ་ཁྲག་སྙིང་སྣས༴ །གཏོར་ཆེན་སྨན་ཕུད་སྤྱི་བླུགས་ཞྭ། །རྨ་བྱའི་རྒྱལ་མཚན་ལེ་བརྒན་གུར། །བམ་ཆེན་སྣེལ་མོའི་མགོ་ལྤགས་སོགས། །སྲོག་འཁོར་བླ་རྡོས༴ །རྔམས་བརྗིད་ཐོད་མཁར་དུར་ཁྲོད་གནས། །དཔལ་གྱི་ཆས་གོས་རྒྱན་ཕྲེང་དང་། །སྣ་ཚོགས་དཀོར་ནོར་སྤྱན་གཟིགས་སོགས། །འདོད་ཡོན་མཁོ་དགུས༴ །གཞན་ཡང་མཐུན་


LT40_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་རྫས། །ལྷ་མིའི་འབྱོར་ཚོགས་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས། །གང་བཞེད་དེ་ངོར་འཆར་བས་བསྐང་། །ཁྱད་པར་ཁྱོད་སྐུ་སྣང་སྟོང་སྐུ། །གསལ་བརྟན་གྲགས་སྟོང་སྔགས་སུ་སྦྱར། །བདེ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་རིག་འདུ་འབྲལ་མེད་པར་བསྐང་། །ངོ་བོ་དུས་གསུམ་རྒྱལ་ཀུན་ཡུམ། །རྣམ་པ་སྔགས་སྲུང་ཁྲག་འཐུང་ཚུལ། །གདུལ་དཀའ་འདུལ་བའི་མཐུ་རྩལ་ཅན། །སྨུག་ནག་ཁྲོས་མའི་ཐུགས་དམ་བསྐང་། །ཡེ་ཤེས་མ་མོའི༴ །ཁྲག་འཐུང་ཡུམ་གཅིག༴ །སྔགས་སྲུང་ཁྲོས་མའི༴ །ཨེ་ཀ་ཛ་ཊཱིའི༴ །སྤྲུལ་པ་རྣམ་གསུམ་གིང་ཆེན་གསུམ། །ཕོ་ཉ་ཡེ་ཤེས་འཇིག་རྟེན་དང་། །དམ་ཚིག་ཤ་ཟའི་མཁའ་འགྲོ་མ། །འབུམ་ཕྲག་འཁོར་བཅས་ཐུགས་དམ་བསྐང་། །ཤན་པ་སྲོག་སྒྲུབ་གཟའ་བདུད་དང་། །སྒྲོལ་གིང་རྡོ་རྗེ་ལེགས་པ་རྣམས། །ལྕམ་དྲལ་བཀའ་སྡོད་ཕོ་ཉར་བཅས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དམ་ཅན་ཐུགས་དམ་དགྱེས་བསྐང་ཞིང་། །བདག་ཅག་ཉམས་ཆག་བྱང་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི། །དངོས་གྲུབ་ཆེན་པོ་འགྲུབ་པར་མཛོད། བཤགས་པ་ནི། ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་


LT40_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་སྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུངས་ཕུང་ཉམས་འབགས་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆགས་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་། ཡི་གེ་བརྒྱ་བ་ལན་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐངས་པ་རྣམས་བཤགས་པར་བྱས་ལ་འདོད་པའི་ཕྲིན་ལས་བཅོལ་ལོ། ཞེས་པའང་རྒྱུན་གྱི་གཏོར་ཆོག་ཁྱེར་བདེའི་སླད་དུ་དངོས་གྲུབ་རོལ་མཚོའི་གཞུང་ལས་བཏུས་པ་སྟེ་མངོན་རྟོགས་ཚིག་སྣ་བསྟུངས་པ་ཙམ་ལས་གཞུང་ཚིག་རྣམས་བཅོས་མེད་སོར་བཞག་ཏུ་གར་གྱི་དབང་ཕྱུག་རྩལ་གྱིས་བསྡེབས་པའོ། །དགེ་ལེགས་འཕེལ།


previousདཔལ་ལྡན་སྔགས་ཀྱི་སྲུང་མའི་ཕྲིན་ལས་རྡོ་རྗེ་ནོར་བུའི་ཕྲེང་བ།next