Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ།
   
   
   
   
   
   
   
   
   
   
   
   
   


 
previousཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ།next

ཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ།


LT40_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བེ། སྐོང་བའི་ཡོ་བྱད་ཅི་འབྱོར་པ་འདུ་བྱས་ལ། བསང་སྦྱང་། སྟོང་པའི་ངང་ལས་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་བའི་དགྱེས་རྫས་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཨོཾ་བཛྲ་སྥ་ར་་ཁཾ། ཧཱུྃ། ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས། །བདེ་ཆེན་རོལ་པའི་གཟུགས་ཀྱི་སྐུ། །གང་འདུལ་འགྲོ་བའི་དོན་ཏུ་བཞེངས། །མཁའ་འགྲོ་སུ་ཁ་སིདྡྷི་མ། །ཌཱ་ཀི་བྱེ་བའི་འཁོར་དང་བཅས། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །རང་མཐུན་དགྱེས་པའི་གདན་ལ་བཞུགས། །དད་མོས་གདུང་བས་གུས་ཕྱག་འཚལ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །སྨན་གཏོར་ཚོགས་ཀྱི་ཡོ་བྱད་དང་། །གསང་མཆོག་དགའ་བཞིའི་རོལ་མོ་སོགས། །ཁྱད་པར་དམ་ཚིག་མཐུན་པའི་རྫས། །སྲིད་དང་ཞི་བའི་དཔལ་འབྱོར་ནི། །མ་ལུས་དངོས་བཤམ་ཡིད་ཀྱིས་སྤྲུལ། །ནམ་མཁའ་ཁྱབ་པའི་མཆོད་སྤྲིན་གྱིས། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་མ། །ལོངས་སྤྱོད་ཡོངས་རྫོགས་ལས་ལས་གྲུབ། །སྤྲུལ་སྐུ་འཇིག་རྟེན་ཚུལ་སྟོན་པ། །སུ་ཁ་སིདྡྷིའི་ཐུགས་དམ་བསྐང་། །སངས་རྒྱས་


LT40_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་མཁའ་འགྲོ་མ། །རང་རང་རིགས་མཐུན་བྱེ་བ་འབུམ། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཉམས་ཆགས་འགལ་འཁྲུལ་ཐམས་ཅད་བཤགས། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་འཁོར་སྐྱོང་ལ་རྐྱེན་རྣམས་བཟློག །རྡོ་རྗེ་འཛིན་པའི་སྤྱན་སྔ་རུ། །ཐུགས་དམ་ཞལ་བཞེས་མ་བསྙེལ་བར། །སྒྲུབ་བརྒྱུད་བསྟན་པ་ཕྱོགས་བརྒྱར་སྤེལ། །བརྒྱུད་འཛིན་རྣམས་ཀྱི་སྡོང་གྲོགས་མཛོད། །བསྟན་ལ་འཚེ་བའི་དགྲ་བགེགས་ཐུལ། །འདོད་པའི་དོན་ཀུན་ཡིད་བཞིན་སྒྲུབ། །དགེ་ལེགས་བཀྲ་ཤིས་དཔལ་འབར་ཤོག །ཅེས་དཔལ་ལྡན་གྲུབ་ཙའི་སྒྲུབ་བརྒྱུད་པ་རྣམས་ཀྱི་སྲུང་མ་ཐུན་མོང་མ་ཡིན་པ་ཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་འདི་ཉིད། གྲུབ་རྩ་མཆོག་གི་སྤྲུལ་པའི་སྐུ་ཀརྨ་གསང་སྔགས་བསྟན་འཛིན་རྣམ་རྒྱལ་ནས་གསུང་བསྐུལ་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་བློ་གྲོས་མཐའ་ཡས་པའི་སྡེས་གླིང་ཡུལ་རྫོང་འགོ་འཇིག་རྟེན་དབང་ཕྱུག་གི་ཕོ་བྲང་དུ་བགྱིས་པ་དགེ་ལེགས་འཕེལ།། །།


previousཌཱ་ཀི་སུ་ཁ་སིདྡྷིའི་སྐོང་བ་ཕྲིན་ལས་མྱུར་འགྲུབ།next