Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་འདུས་ལེགས་པ་ཀུན་ཚང་།
   
   
   
   
   
   
   
   
   
   
   
   


 
previousདམ་ཅན་སྐྱེས་བུ་ཆེན་པོའི་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་འདུས་ལེགས་པ་ཀུན་ཚང་།next

དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་འདུས་ལེགས་པ་ཀུན་ཚང་།


LT40_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་འདུས་ལེགས་པ་ཀུན་ཚང་ཞེས་བྱ་བ་བཞུགས་སོ། །


LT40_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། སྐྱེས་བུ་ཆེན་པོ་ལ་རྒྱུན་ཏུ་མཆོད་བསྟོད་འབུལ་བར་འདོད་པས་འབྱོར་ན་མཆོད་གཏོར་རའི་ཤ་ཁྲག་གིས་བརྒྱན་པ་དང་། སྨན་རཀ །གསེར་སྐྱེམས་གཙང་མ། བསང་གི་ཡོ་བྱད་སོགས་ཚོགས་པར་བྱ། རྒྱུན་ཏུ་མ་འབྱོར་ན། ཕྱེ་མར། གསེར་སྐྱེམས། བསང་རྫས་ཙམ་ལ་བརྟེན་ཆོག་གོ། བདག་བསྐྱེད་གཞན་ཡོད་ན་དེས་འཐུས། མེད་ན་ཐོག་མར། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། ཧྲཱིཿརང་ཉིད་དབང་ཆེན་ཡབ་ཡུམ་སྐུ༔ །དམར་གསལ་དབུ་གཙུག་བླ་མ་བཞུགས༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ བརྐྱང་བསྐུམ་ཞབས་གཉིས་རུ་དྲ་བརྫིས༔ མེ་དཔུང་དབུས་སུ་ལྷན་སྐྱེས་གསལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ སརྦ་སིདྡྷི་ཕལ་ཧཱུྃ། སྔགས་ཕྲེང་སྐུའི་དབྱིབས་བརྒྱུད་སྣང་སྲིད་ཐམས་ཅད་རང་རིག་ལྷན་སྐྱེས་སུ་གསལ་བའི་ངང་ནས་བཟླས་པར་བྱའོ། །མཆོད་པ་བྱིན་རླབས་ནི། ཧཱུྃ༔ རང་ཉིད་ཡི་དམ་ལྷ་རུ་གསལ་བར་གྱུར༔ མདུན་དུ་ཆོས་ཉིད་སྟོང་པའི་ངང་ཉིད་ལས༔ ཡྃ་ལས་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས༔ དེ་སྟེང་རྃ་ལས་གྲུ་གསུམ་མེ་དཀྱིལ་དང་༔ དེ་སྟེང་ཨ་ལས་ཐོད་སྣོད་ཡངས་པའི་ནད༔ གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང་༔ བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ༔ རང་གི་སྣ་བུག་གཡོན་ནས་ཧཱུྃ་འཕྲོས་པས༔ རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཁོལ༔ ཉེས་སྐྱོན་དག་ནས་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། དམ་ཚིག་ཡེ་ཤེས་གཉིས་མེད་


LT40_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་འདྲེས༔ མདུན་ཏུ་ཕ་ཝཾ་ལང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ་དྲག་པོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ༔ ཏྲི་དམར་ནག་ལས་དམ་ཅན་རྡོ་རྗེ་ལེགས་པ་མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བའི་ཐུགས་སྲོག་ས་བོན་དང་༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རྒྱ་བོད་མདོ་གཙང་སོགས་གང་དུ་བཞུགས་པའི་གནས་ནས་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧཱུྃ། འོ་ཡུག་ཤངས་ཀྱི་གནས་མཆོག་དམ་པ་ནས༔ སྐྱེས་བུ་ཆེན་པོ་བཛྲ་ཐིག་ལེ་རྩལ༔ སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས་པ་རྣམས༔ ཐོགས་མེད་ཡུད་ཙམ་གནས་འདིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ ཛ་ཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ། དམ་ཅན་སྐྱེས་བུ་འཁོར་བཅས་ལ༔ མཐུན་པའི་དམ་རྫས་སྣ་ཚོགས་འབུལ༔ མཁར་ཐབ་བཤོས་བུ་ར་ཡིས་མཚན༔ ཤ་ཁྲག་དམར་གཏོར་རཀྟ་དང་༔ ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་༔ ནང་མཆོད་བདུད་རྩི་རྣམ་ལྔ་དང་༔ གསང་མཆོད་སྨན་རག་གཏོར་གསུམ་དང་༔ སིལ་སྙན་གླུ་གར་རོལ་མོའི་དབྱངས༔ སྣ་ཚོགས་མཆོད་པ་དམ་པ་འབུལ༔ ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔


LT40_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་གྱུར༔ ཨོཾ་བཛྲ་སཱ་དྷུ་ས་པ་རི་བཱ་ར་ཨི་དཾ་བ་ལི༚་ཏ་ཁ་རཾ་ཁཱ་ཧི༔ ལན་གསུམ། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་འདི༔ དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དམ་ཅན་སྐྱེས་བུ་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ། ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་བསམས་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝ་ཀ་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སྭ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ཞེས་ཅི་ནུས་བཟླ། གསོལ་ཁ་དང་སྐོང་བ་ནི། ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ༔ ཁྱེད་ནི་སྲུང་མ་མཐུ་རྩལ་ཅན༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ སྐྱེས་བུ་ཆེན་པོ་གནས་འདིར་བྱོན༔སུམ་བརྒྱ་དྲུག་ཅུ་གནས་འདིར་བྱོན༔ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། འབོད་པའི་དམ་རྫས་ཡིན་པའི་ཕྱིར༔ གཡབ་དར་ནག་པོས་ཐུགས་དམ་བསྐང་༔ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར༔ ཕྱར་དང་ནག་པོས་ཐུགས་དམ་བསྐང་༔ དགྱེས་པའི་དམ་རྫས་ཡིན་


LT40_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར༔ དམར་ཆེན་གཏོར་མས་ཐུགས་དམ་བསྐང་༔ མཐུན་པའི་དམ་རྫས་ཡིན་པའི་ཕྱིར༔ ཤ་སྣ་སྙིང་སྣས་ཐུགས་དམ་བསྐང་༔ གསུར་ཆོན་དུད་པས་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱིས་ཐུགས་དམ་བསྐང་༔ སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐང་༔ རོལ་མོ་སྒྲ་ཡི་ཐུགས་དམ་བསྐང་༔ རྒྱུན་གཏོར་ནང་མས་ཐུགས་དམ་བསྐང་༔ གཞན་ཡང་དངོས་འབྱོར་ཡིད་སྤྲུལ་གྱི། །ཕྱི་ནང་གསང་བའི་རྟེན་རྫས་དང་། །མཆོད་རྫས་བསྐང་རྫས་སྣ་ཚོགས་པས། །སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་། །སུམ་བརྒྱ་དྲུག་ཅུའི་ཐུགས་དམ་བསྐང་། །འཛིན་གིང་བརྟན་མའི་ཐུགས་དམ་བསྐང་། །ཕོ་ཉ་གཅན་གཟན་གདུག་པའི་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ བདག་གི་བསམ་པ་སྒྲུབ་པ་དང་༔ རེ་བ་ཐམས་ཅད་སྐོང་བར་མཛོད༔ རྐྱེན་དང་བར་དུ་གཅོད་པ་ཟློག །ཚེ་དཔལ་ལོངས་སྤྱོད་དབང་ཐང་སྤེལ། །ཡིད་ལ་གང་འདོད་དབང་དུ་སྡུས། །དགྲ་བགེགས་བྱད་མ་རྡུལ་དུ་རློག །གནས་མལ་སྲུང་ལ་སྐྱེལ་བསུ་གྱིས། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །བཀྲ་ཤིས་བདེ་ལེགས་སྩལ་དུ་གསོལ། །ཞེས་པ་ཙམ་མོ། །ཚིག་ལྷུག་གི་མངའ་གསོལ་སྤྲོ་ན། གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ། །རྡོ་རྗེ་ལེགས་


LT40_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ། མགར་བ་ནག་པོ་གསོལ་ལོ་མཆོད་དོ། །ཚོང་དཔོན་ཆེན་པོ། དམག་དཔོན་ཆེན་པོ། ཇག་དཔོན་ཆེན་པོ་གསོལ་ལོ་མཆོད་དོ། །སྐྱེ་བོ་ཡོངས་ཀྱི་དག་བླ་ཆེན་པོ། བན་བོན་ཡོངས་ཀྱི་སྲུང་མ་ཆེན་པོ། །ལྷ་བཙན་བདུད་ཀྱི་དགེ་བསྙེན་ཆེན་པོ་ལ་གསོལ་ལོ་མཆོད་དོ། །གནམ་ས་ཕྱེད་ཀྱི་བདག་པོ། །གཏེར་གནས་བརྒྱ་རྩའི་སྲུང་མ། ཉི་མ་ནུབ་ཕྱོགས་ཀྱི་རྗེ་བོ་ཆེན་པོ། མཆེད་ཟླ་སུམ་བརྒྱ་དྲུག་ཅུ། བཀའ་སྡོད་གིང་ཆེན་སྡེ་བཞི། དགྱེས་སྡེ་བརྟན་མ་བཅུ་གཉིས། ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། ཕོ་ཉ་བྱེ་བ་འབུམ་ཕྲག་དང་བཅས་པ་གསོལ་ལོ་མཆོད་དོ། །སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ་སློབ་དཔོན་པདྨ་འབྱུང་གནས་གྲུབ་ཆེན་ཀརྨ་པཀྴི་ལ་སོགས་པའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་ཏུ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། སྒྲུབ་པ་པོ་བདག་ཅག་གི་འགལ་རྐྱེན་བར་ཆད་སོལ། རྒྱབ་བརྟེན་དང་སྡོང་གྲོགས་མཛོད། །གཞི་བྱེས་ཀུན་ཏུ་སྲུང་སྐྱོབ་དང་མེལ་ཚེ་མ་གཡེལ། ལུས་དང་གྲིབ་མ་བཞིན་ཏུ་འགྲོགས་ལ་བསམ་དོན་ཡིད་བཞིན་ཏུ་འགྲུབ་པར་མཛོད་ཅིག །བསང་བྱེད་ན་བཟང་ཤིང་གི་མེ་ལ་བྱེ་མར་བསྲེགས། བསུར་བྱེད་ན་རའི་ཤ་ཚིལ་གྱི་གསུར་བཏང་ལ། རཾ་ཡཾ་ཁཾ། བསང་རྫས་སམ། གསུར་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་


LT40_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་སྐྱེད་པའི་མཆོད་སྤྲིན་ནམ་མཁའ་གང་བར་གྱུར། ཨོཾ་བཛྲ་སྥ་ར་་ཁ། ཀྱེ། འཛམ་གླིང་ཉི་མ་ནུབ་ཕྱོགས་ན། །ཕོ་བྲང་རྟག་ཆགས་རྟེན་མཁར་ནས། །ཛམ་བུ་གླིང་གི་སྐྱེས་གཅིག་པུ། །རྡོ་རྗེ་ལེགས་པ་འཁོར་དང་བཅས། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །དགྱེས་པའི་མཆོད་སྤྲིན་འཕྲོ་བ་ཡི། །བསང་མཆོད་འདོད་ཡོན་ཀུན་ལྡན་འདི། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །དམ་ཅན་མགར་བ་དམར་ནག་བསང་། །ཇག་ཡག་རྡོ་རྗེ་ལེགས་པ་བསང་། །ཚོང་དཔོན་སྐྱེས་བུ་དོན་གྲུབ་བསང་། །དམག་དཔོན་དགྲ་གསུར་ཁ་བསྒྱུར། འདུལ་དབང་ཕྱུག༴ །དམ་ཅན་རྡོ་རྗེ་ཁྱུང་གྲགས༴ །བརྒྱ་ནི་རྒྱ་གར་ཡུལ་དུ་བཞུགས། གསུར་ལ་མཆོད་ཅེས་བསྒྱུར། །རྒྱ་གར་ཆོས་ཀྱི་རྒྱལ་པོ༴ །བརྒྱ་ནི་རྒྱ་ནག་ཡུལ་དུ་བཞུགས། །རྒྱ་ནག་རྩིས་ཀྱི་རྒྱལ་པོ༴ །བརྒྱ་ནི་འབྲོག་ཡུལ་སྟོད་སྨད་བཞུགས། །འབྲོག་ཡུལ་མཁན་པོ་ཆེན་པོ་བསང་། །དྲུག་ཅུ་བོད་ཀྱི་ཡུལ་ན་བཞུགས། །བོད་ཡུལ་སྔགས་པ་མཐུ་ཆེན༴ །ལྷ་བཙན་བདུད་ཀྱི་དགེ་བསྙེན༴ །བོད་སྐྱོང་བརྟན་མ་བཅུ་གཉིས༴ །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད༴ །ཕོ་ཉ་བྱེ་བ་དུང་ཕྱུར༴ འཁོར་བཅས་དགྱེས་ཤིང་ཚིམས་གྱུར་ཏེ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །བདག་གི་མགོན་སྐྱོབ་སྲུང་མ་མཛོད། །མི་མཐུན་རྐྱེན་དང་བར་ཆད་སོལ། །བྱེས་སུ་འགྲོ་ན་སྡོང་གྲོགས་མཛོད། །


LT40_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་འདུག་ན་རྒྱབ་བརྟེན་མཛོད། །བསམ་པ་ཡིད་བཞིན་སྒྲུབ་པ་དང་། །གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད། །ཀི་བསོ་ཆའོ་ལྷ་རྒྱལ་ལོ། །གསོལ་ཁ་སྐོང་བ་དང་བསང་གསུང་གང་འགྲུབ་རེ་རེ་བྱས་ཀྱང་ཆོག །རྒྱུན་ཁྱེད་ལྟ་བུ་ལ་གཉིས་ཀ་མ་ཐོན་ཀྱང་འགལ་བ་མེད་པས་བཟླས་པའི་འཕྲོས་ནས་བསྟོད་པ་ལ་འཇུག །ཤིན་ཏུ་བསྡུས་པ་གཏོར་འབུལ་རྐྱང་པ་བྱེད་ན། བསྙེན་བཟླས་ཀྱང་མི་བྱ་བར་གཏོར་འབུལ་འཕྲོས་སུ་འདིར་འཇུག་ཀྱང་རུང་ངོ། །རྒྱས་བསྡུས་གང་ལྟར་རྗེས་ཀྱི་བྱ་བ་བསྟོད་པ་ནི། ཧཱུྃ། ཆོས་ཉིད་ལྷུན་གྲུབ་ངང་ལས་མ་གཡོས་ཀྱང་༔རང་མདངས་དྲག་པོའི་ཆ་ལུགས་ཅིར་ཡང་སྟོན༔ །བསྟན་པ་སྲུང་བའི་ཕྲིན་ལས་སྣ་ཚོགས་མཛད༔ དམ་ཅན་སྐྱེས་བུ་ཆེ་ལ་ཕྱག་འཚལ་བསྟོད༔ སྐྱེས་མཆོག་ཐིག་ལེ་རྩལ་ལ་ཕྱག་འཚལ་བསྟོད༔ སྐྱེ་བོ་ཡོངས་ཀྱི་དགྲ་ལྷ་ཁྱེད་ལ་བསྟོད༔ བན་བོན་ཡོངས་ཀྱི་སྲུང་མ་ཁྱེད་ལ་བསྟོད༔ སྔགས་པ་ཡོངས་ཀྱི་ཆོས་སྐྱོང་ཁྱེད་ལ་བསྟོད༔ རྣལ་འབྱོར་བདག་གི་གྲོགས་པོ་ཁྱེད་ལ་བསྟོད༔ ཟབ་གཏེར་ཀུན་གྱི་བདག་པོ་ཁྱེད་ལ་བསྟོད༔ གསང་སྔགས་བསྟན་པའི་གཉེར་འཛིན་ཁྱེད་ལ་བསྟོད༔ དམ་ཉམས་དགྲ་བོའི་བཤན་པ་ཁྱེད་ལ་བསྟོད༔ སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས་ལ་བསྟོད༔ བཤགས་པ་ནི༔ ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ རྩ་བ་ཡན་ལག་དམ་ཚིག་


LT40_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཆགས་ཀུན༔ གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་གསོལ༔ ཡི་གེ་བརྒྱ་བ་བརྗོད། རྒྱས་པར་སྤྲོ་ན། སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། སོགས་འདོད་གསོལ་རྒྱས་པར་བརྗོད། བསྡུ་ན། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ནི། །འདོད་པའི་དངོས་གྲུབ་སྩོལ་བར་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །ཅེས་པ་ཙམ་གྱིས་འཐུས། གང་ལྟར་མཐར། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་གྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ འདི་ཉིད་དམ་ཅན་མགར་བ་དམར་ནག་དང་ལ་སྦྱར་ཡང་ཆོག་ཅིང་། དམར་ནག་ཕྱོགས་འཐུས་བྱས་ཀྱང་རུང་ལ། མགར་ནག་ཁོ་ན་ལ་མོས་ན་མདུན་བསྐྱེད་མགར་ནག་ཁོ་ན་བསྒོམ་པ་ལྟ་བུ་དམར་ནག་སོ་སོ་དང་། ཕྱོགས་འཐུས་བྱེད་ན་ཆབ་གཅིག་བསྒོམ་པས་ཆོག་གོ། །ཞེས་པའང་ཀར་ཤོད་ལྷ་མགར་པད་ཆོས་བསྐུལ་ངོར་པདྨ་གར་དབང་རྩལ་གྱིས་དཔལ་སྤུངས་ཡང་ཁྲོད་དུ་འཇའ་ཚན་སྙིང་པོའི་གཏེར་གཞུང་བྱིན་རླབས་ཀྱི་ཁྱད་པར་གཞིར་བྱས་ནས་བསྐོང་ཆ་ཚང་ཁྱེར་བདེར་བསྡེབས་པ་དགེ་ལེགས་འཕེལ།། །།


previousདམ་ཅན་སྐྱེས་བུ་ཆེན་པོའི་མཆོད་བསྟོད་གསོལ་སྐོང་བསང་བཅས་ཕྱོགས་འདུས་ལེགས་པ་ཀུན་ཚང་།next