Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་སྐྱེས་བུ་ཆེན་པོ་མཆེད་འཁོར་བཅས་པའི་མངའ་གསོལ་དགོས་འདོད་ཀུན་སྩོལ།
   
   
   
   
   
   
   
   
   


 
previousདམ་ཅན་སྐྱེས་བུ་ཆེན་པོ་མཆེད་འཁོར་བཅས་པའི་མངའ་གསོལ་དགོས་འདོད་ཀུན་སྩོལ།next

དམ་ཅན་སྐྱེས་བུ་ཆེན་པོ་མཆེད་འཁོར་བཅས་པའི་མངའ་གསོལ་དགོས་འདོད་ཀུན་སྩོལ།


LT40_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་སྐྱེས་བུ་ཆེན་པོ་མཆེད་འཁོར་བཅས་པའི་མངའ་གསོལ་དགོས་འདོད་ཀུན་སྩོལ་ཞེས་བྱ་བ་བཞུགས་སོ། །


LT40_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧ་ཡ་གྲཱི་བཱ་ཡ། དམ་ཚིག་ཅན་གྱི་སྲུང་མ་གཉེན་པོ་སྐྱེས་བུ་རྡོ་རྗེ་ལེགས་པ་ལ་མངའ་གསོལ་འབུལ་ན། ཕྱི་ནང་གསང་བའི་རྟེན་རྫས་སྤྱན་གཟིགས་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཀྲམ། རྒྱུན་ཏུ་གསེར་སྐྱེམས་ཙམ་ལ་དམིགས་པའི་རྟེན་བྱས་ཀྱང་རུང་ལ་བྱིན་གྱིས་བརླབ་པ་ནི། རང་ཉིད་ཡི་དམ་ལྷའི་ང་རྒྱལ་ལ་གནས་པས་བསང་སྦྱང་། སྟོང་པའི་ངང་ལས་རྒྱ་ཆེ་ཞིང་ངོ་མཚར་བའི་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕོ་བྲང་ཆེན་པོའི་ནང་དུ། ཕྱི་ནང་གསང་བའི་རྟེན་སྐོང་སྒྲུབ་པའི་དམ་ཚིག་གི་རྫས་ཁྱད་པར་དུ་གྱུར་པ་རྣམས་དང་། ཐུགས་ལ་བཞེད་རྒུའི་མཆོད་པའི་ཡོ་བྱད་མ་ཚང་བ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ས་དང་བར་སྣང་ནམ་མཁའ་ཐམས་ཅད་ཡོངས་སུ་གང་བར་གྱུར། ན་མཿསརྦ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། ཨོཾ་བཛྲ་སྥ་ར་་ཁཾ། ལན་གསུམ་བརྗོད། རོལ་མོའི་སྒྲ་དང་བཅས་ཏེ། ཧཱུྃ། རྡོ་རྗེ་འཛིན་པའི་བཀའ་ཉན་ཐ་ཚིག་ཅན། །དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་ལས་སྤྲུལ། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །རྒྱ་བོད་མདོ་གཙང་གང་ན་བཞུགས་གྱུར་ཀྱང་། །རྣལ་འབྱོར་གདུང་བས་འབོད་ཅིང་སྤྱན་འདྲེན་ནོ། །དམ་ཚིག་དབང་གིས་འདིར་གཤེགས་དགྱེས་པར་བཞུགས། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ་ཆེན་སོགས། །དགྱེས་སྡེ་བརྟན་མ་སྨན་འཁོར་བཅས་པ་དང་། །


LT40_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་ཟླ་སྡེ་བརྒྱད་ཕོ་ཉ་བྲན་གཡོག་རྣམས། །མངའ་གསོལ་མཆོད་པ་བཞེས་ཕྱིར་འདིར་གཤེགས་ཤིག །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གླུ་གར་སྙན་པའི་དབྱངས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས། །དམ་ཅན་སྐྱེས་བུ་འཁོར་བཅས་མངའ་གསོལ་ལོ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་པ་བདུན། །རིན་ཆེན་སྨན་སྣ་དར་ཟབ་སྙིང་པོ་ལྔ། །འཕན་གདུགས་རྒྱལ་མཚན་བ་དན་རུ་མཚོན་གྱིས། །དམ་ཅན་སྐྱེས་བུ༴ །བདུད་རྩི་སྨན་མཆོད་རཀྟའི་ཨརྒྷཾ་དང་། །རྟེན་གཏོར་རྟག་གཏོར་མཆོད་པའི་བ་ལི༚་ཏ། །ཇ་ཆང་འོ་མ་གསེར་སྐྱེམས་ཕུད་རྒོད་ཀྱིས། །དམ་ཅན༴ །དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་ཡི་རིགས། །འདབ་ཆགས་གཅན་གཟན་རི་དྭགས་གཡུང་དྭགས་སོགས། །ལྷ་མིའི་དཔལ་འབྱོར་རྨད་དུ་བྱུང་བ་ཡིས། །དམ་ཅན༴ །སྟག་གཟིག་གུང་སོགས་གཡང་གཞིའི་རིགས་གྱུར་དང་། །རྒྱན་དང་བཀོད་པའི་ཁྱད་པར་རྣམ་མང་སོགས། །སྤྱན་གཟིགས་དཀོར་ཆ་དཔག་ཏུ་མེད་པ་ཡིས། །དམ་ཅན༴ །ཁྲབ་རྨོག་རལ་གྲི་མདའ་མདུང་ཕུབ་ལ་སོགས། །སྲ་བརྟན་རྣོ་གཅོད་འབར་བའི་གོ་མཚོན་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དོན་སྙིང་གིས། །དམ་ཅན༴ །གནམ་ལྕགས་ཐོ་ཆེན་གསེར་གྱི་རྡོ་རྗེ་དང་། །མགར་གྱི་སྦུད་པ་ལྷབ་ལྷུབ་དམར་ནག་བེར། །ར་སྐྱེས་སེང་གེ་རྒྱན་གྱིས་སྤྲས་


LT40_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས། །དམ་ཅན༴ །སྐུ་གཟུགས་བླ་རྡོ་སྲོག་གི་འཁོར་ལོ་དང་། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་ཟངས་མའི་ཁབ། །མེ་ལོང་དུང་འབུ་འུག་སྒྲོའི་མདའ་དར་གྱིས། །དམ་ཅན༴ །ར་ཡི་དབང་པོ་རྣམ་ལྔར་ཡི་ལགས། །ར་ཤ་ར་ཁྲག་ར་ཚིལ་གསུར་དུད་སོགས། །ཁྱད་པར་མཉེས་པའི་མཆོད་རྫས་སྣ་ཚོགས་ཀྱིས། །དམ་ཅན༴ །གསང་བའི་མདོས་ཆེན་ཕུན་ཚོགས་ནོར་གྱི་དབྱིག །བརྟེན་སྒྲུབ་སྐོང་བའི་དམ་རྫས་ཕྱི་ནང་གསང་། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །དམ་ཅན་སྐྱེས་བུ་འཁོར་བཅས་མངའ་གསོལ་ལོ། །འོག་མིན་ཞིང་བཞུགས་ཡེ་ཤེས་རྡོ་རྗེ་ལེགས། །ཕྱག་རྡོར་འཁོར་བཞུགས་ལས་ཀྱི་རྡོ་རྗེ་ལེགས། །ནུབ་ཕྱོགས་ཕ་ཝཾ་ལོང་བུའི་མཁར་བཞུགས་པའི། །འཇིག་རྟེན་རྡོ་རྗེ་ལེགས་པ་མངའ་གསོལ་ལོ། །རྒྱ་གར་ཡུལ་བཞུགས་ཆོས་རྒྱལ་སུམ་བརྒྱ་དང་། །རྒྱ་ནག་ཡུལ་བཞུགས་ཁྲིམས་རྒྱལ་སུམ་བརྒྱ་དང་། །འབྲོག་ཡུལ་བཞུགས་པའི་མཁན་པོ་སུམ་བརྒྱ་དང་། །བོད་ཡུལ་དབུས་བཞུགས་སྔགས་པ་དྲུག་ཅུ་སྟེ། །གནམ་ས་ཕྱེད་ལ་མངའ་དབང་སྒྱུར་མཛད་ཅིང་། །ཛམ་བུའི་གླིང་ཀུན་ཁྱབ་པའི་རྫུ་འཕྲུལ་ཅན། །བསྟན་དང་རྣལ་འབྱོར་སྐྱོང་བའི་དམ་ཚིག་ཅན། །སྐུ་མཆེད་སྤྲུལ་འཁོར་བཅས་པ་མངའ་གསོལ་ལོ། །ལྷ་ཁང་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་སྐྱོང་། །གནས་གཏེར་བྱེ་བ་ས་ཡའི་སྲུང་མ་མཛད། །དམ་ལྡན་སྲུང་མ་དམ་


LT40_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མནའ་ཟན་གཤེད། །སྐྱེས་མཆོག་འཁོར་དང་བཅས་པ་མངའ་གསོལ་ལོ། །ལྷ་ཡི་འཁོར་སྐྱོང་རྡོ་རྗེ་ལེགས་པ་སྟེ། །གཟའ་ཡི་འཁོར་སྐྱོང་སེར་སྐྱ་ནག་པོར་གྲགས། །བདུད་བརྩོན་འཁོར་སྐྱོང་དུག་མདའ་རོལ་པ་ནག། མགར་ནག་གནོད་སྦྱིན་སྡེ་དཔོན་མངའ་གསོལ་ལོ། །སྨན་གྱི་སྡེ་དཔོན་རྡོ་རྗེ་བདེ་ལྡན་རྩལ། །ཀླུ་ཡི་སྡེ་དཔོན་རྡོ་རྗེ་ཁྱུང་གཤོག་རྩལ། །རྒྱལ་སྲིན་སྡེ་དཔོན་རྡོ་རྗེ་འབར་བ་དང་། །རྡོ་རྗེ་གྲགས་ལྡན་ཆེན་པོ༴ །ཟབ་ལུང་སྒོ་སྲུང་གཙང་བཙན་གཉེན་པོ་སྟེ། །བན་སྔགས་བོན་སྐྱོང་སྐྱེ་བོའི་དགྲ་བླ་བ། ཁམས་ཀྱི་ཨ་ཇོ་རྒྱ་བོད་ཚོང་གི་དཔོན། །དམག་དཔོན་ཇག་དཔོན་ཆེན་པོ༴ །ལྷ་དང་གཤིན་རྗེ་བདུད་དང་བཙན་གྱི་གིང་། །དགྱེས་སྡེ་གསང་བའི་ཡུམ་ཆེན་བརྟན་མའི་འཁོར། །བྱ་ཁྲ་གཅན་གཟན་མཆེ་བ་ཅན་ལ་སོགས། །ཟ་བྱེད་ཕོ་ཉའི་ཚོགས་རྣམས་མངའ༴། ཕྱི་ནང་བར་གྱི་བློན་པོ་ཆེ་དགུ་དང་། །མོན་ནག་མདའ་ར་མོན་མོ་གླུ་ལེན་ཚོགས། །ལས་བྱེད་རུ་འདྲེན་ཞུ་བ་ཅན་དམག་གི་དཔུང་། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་མངའ༴ །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །སྤྲུལ་པ་ཕྱག་བརྙན་བདུད་བཙན་བུད་མེད་འབུམ། ཁམས་ཀྱི་གནོད་སྦྱིན་ནག་པོ་ལ་སོགས་པ། །དམ་ཅན་སྐྱེས་བུ་འཁོར་བཅས་མངའ་གསོལ་ལོ། །རྩེ་གཅིག་ཁྱོད་བསྟེན་གུས་པས་མངའ་གསོལ་ན། །དགྱེས་པའི་འཛུམ་ཞལ་ཡར་ངོའི་ཟླ་ལྟར་སྟོན། །རྟག་


LT40_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྩེར་དགོངས་སྒྲུབ་པའི་རྟགས་མཚན་ཕྱུངས། །སངས་རྒྱས་བསྟན་སྲུང་བསྟན་འཛིན་མངའ་ཐང་སྤེལ། །བསམ་པའི་དོན་སྒྲུབ་རེ་འདོད་ཡིད་བཞིན་སྐོངས། །ཚེ་སྲིངས་དཔལ་སྐྱེད་སྙན་དང་གྲགས་པ་སྒྲོགས། །སྡང་བའི་དགྲ་སོད་གནོད་པའི་བགེགས་རྣམས་ཐུལ། །མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་། །ལོ་ཉེས་ཁ་སྨྲ་གླེང་བརྗོད་མ་བཏང་ཞིག །ཉེས་པ་ཀུན་ཟློག་ཕུན་ཚོགས་བཀྲ་ཤིས་སྐྱེད། །དཀོར་གྱི་བདག་པོ་ཚོང་གི་དཔོན་པོ་དང་། །བྱེས་ཀྱི་ལམ་ལྷ་དམག་གི་དཔོན་པོ་མཛོད། །མཉམ་གཉིས་འགྲན་ན་རྒྱལ་བའི་རུ་མཚོན་ཚུགས། །མཐུ་རྩལ་ནུས་སྐྱེད་དབུ་འཕང་དགུང་དུ་བསྟོད། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །གཞི་བྱེས་ཀུན་ཏུ་སྲུང་སྐྱོབས་མ་གཡེལ་བར། །ཇི་ལྟར་བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད། །ཅེས་པ་ཙམ་མོ། །ཚིག་ལྷུག་པའི་གསོལ་སྨོན་སྦྱར་བ་སྤྲོ་ན། ཧོཿའཛམ་བུའི་གླིང་གི་སྐྱེས་མཆོག །རིག་པ་ཅན་གྱི་རྒྱལ་པོ། ཉི་མ་ནུབ་ཕྱོགས་ཀྱི་སྲོག་བདག །རྣལ་འབྱོར་ཡོངས་ཀྱི་ཆོས་སྐྱོང་། རིན་ཆེན་གཏེར་གྱི་བདག་པོ། སྐྱེ་བོ་ཡོངས་ཀྱི་དགྲ་ལྷ། བན་བོན་ཡོངས་ཀྱི་སྲུང་མ། རྒྱ་ཡི་ཨ་སེ་ཆེན་པོ། ཁམས་ཀྱི་གནོད་སྦྱིན་ཆེན་པོ། བོད་ཀྱི་ཨ་ཇོ་ཆེན་པོ། གནམ་ས་ཕྱེད་ཀྱི་མངའ་བདག །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། དགྱེས་སྡེ་བརྟན་མ་བཅུ་གཉིས། བཀའ་སྡོད་གིང་ཆེན་སྡེ་བཞི། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། སྡོང་ཟླ་


LT40_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད། འཁོར་ཚོགས་བྱེ་བ་འབུམ་ཕྲག །སྤྲུལ་པ་ཡང་སྤྲུལ། ཕོ་ཉ་ཕྱག་བརྙན་འཁོར་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །བསྟོད་དོ་བརྔན་ནོ། །བསྒྲུབ་བོ་བརྟེན་ནོ། །བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས་ཤིག །བསམ་པ་སྒྲུབས་ལ་རེ་བསྐོངས་ཤིག །དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད་ཅིག །སྡོད་པའི་གནས་མལ་དང་། མཁོ་བའི་ཡོ་བྱད་སྲུངས་ཤིག །ན་ཚ་གོང་ཁ་དང་ཁ་སྨྲ་གླེང་བརྗོད་ཟློག་ཅིག །བྱད་ཁ་རྦོད་གཏོང་དང་ཆག་ཆེ་ཉམ་ང་ཟློག་ཅིག །དགྲ་རྐུན་ཇག་གསུམ་དང་གདོན་བགེགས་བར་ཆད་ཟློག་ཅིག །གཞི་ལ་སྡོད་ན་མགོན་སྐྱབས་མཛོད་ཅིག །བྱེས་སུ་འགྲོ་ན་ལམ་ལྷ་མཛོད་ཅིག །ལམ་འཕྲང་འཇིགས་སར་སྐྱེལ་བསུ་གྱིས་ཤིག །ཆུ་ལ་འགྲོན་སྒྲོལ་འདོན་གྱིས་ཤིག །ཚོང་དང་དམག་ལ་དཔོན་པོ་གྱིས་ཤིག །དགྲ་དང་རྩོད་ན་ཕ་རོལ་གནོན་ཅིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་གཉིས་གོང་དུ་རྒྱལ་ཁ་ཐོན་ཅིག །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ་ཅིག །མདོར་ན་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ་ཅི་བཅོལ་བའི་ཕྲིན་ལས་མ་ལུས་པ་སྒྲུབ་པ་དང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཅེས་བརྗོད་ལ་གསེར་སྐྱེམས་ཕུད་མཆོད་ནམ་མཁའ་ལ་འཐོར་ཞིང་རོལ་མོ་དང་


LT40_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱིས་གཟེངས་བསྟོད་པར་བྱའོ། །ཞེས་པ་འདིའང་སྡེ་བཞི་དགེ་བ་བཅུ་ལྡན་གྱི་རྒྱལ་ཁབ་ཆེན་པོའི་ལུགས་ཟུང་གཉེར་སྤྱོད་བཀྲ་ཤིས་དོན་ཀུན་གྲུབ་པའི་གསུང་བསྐུལ་ངོར། པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་དམ་ཅན་རྒྱུ་བའི་ཉི་མ་བཟང་པོར་སྦྱར་བ་དགེ་ལེགས་འཕེལ།། །།


previousདམ་ཅན་སྐྱེས་བུ་ཆེན་པོ་མཆེད་འཁོར་བཅས་པའི་མངའ་གསོལ་དགོས་འདོད་ཀུན་སྩོལ།next