Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ཞིང་སྐྱོང་དབང་པོའི་གསོལ་ཁ་དང་སྐོང་བ་ཉུང་བསྡུས།
   
   
   
   
   
   
   
   


 
previousདཔལ་ལྡན་ཞིང་སྐྱོང་དབང་པོའི་གསོལ་ཁ་དང་སྐོང་བ་ཉུང་བསྡུས།next

དཔལ་ལྡན་ཞིང་སྐྱོང་དབང་པོའི་གསོལ་ཁ་དང་སྐོང་བ་ཉུང་བསྡུས།


LT40_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཞིང་སྐྱོང་དབང་པོའི་གསོལ་ཁ་དང་སྐོང་བ་ཉུང་བསྡུས་བཞུགས། ན་མོ་གུ་ར་བེ། ཞིང་སྐྱོང་སེང་གདོང་རྒྱུན་གསོལ་ལ་གཏོར་མ་དང་ཕུད་མཆོད་དཀར་དམར་གང་འཛོམ་བཤམ། རཾ་ཡཾ་ཁཾ་གིས་བསང་སྦྱང་། །ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས། ཧོ་དགོངས་སུ་གསོལ་ལོ། གསུམ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། སངས་རྒྱས་ཀྱི་བསྟན་པ་གཉེན་པོ་སྲུང་བའི་ཕྱིར་དུ་བདུད་འདུལ་ནག་པོ་ཆེན་པོའི་སྐུར་བསྟན་པ། དཔལ་ལྡན་ཞིང་སྐྱོང་དབང་པོ། འཇིགས་བྱེད་ཤ་ཟ་ནག་པོ། དྲག་ཤུལ་ལས་ཀྱི་མགོན་པོ། ཟ་བྱེད་སེང་གེའི་གདོང་པ་ཅན། ཡུམ་ཆེན་སི་ན་ར་མ། ལས་བྱེད་བམ་རོ་ཕོ་མོ། འཁོར་གཡོག་སྡེ་བརྒྱད་ཀྱི་རྗེ་དཔོན། ཡང་འཁོར་བྱེ་བ་སྟོང་སྡེའི་ཚོགས་དང་བཅས་པ། གནས་ཡུལ་དུར་ཁྲོད་ཀུན་ལ་མངའ་མཛད་ཅིང་། རྣལ་འབྱོར་དམ་ཚིག་ཅན་གྱི་སྲུང་མ། །དམ་ཉམས་དགྲ་དང་བགེགས་ཀྱི་གཤེད་མ། ཡེ་ཤེས་ཀྱི་སྤྱན་ལྡན། རྫུ་འཕྲུལ་གྱི་མཐུ་ལྡན། གཙོ་འཁོར་སྤྲུལ་པ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ལ། དམ་རྫས་ཕུད་ཀྱི་མཆོད་པ། །བ་ལི༚་རྒྱན་གྱི་གཏོར་མ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འདི་རྣམས་ཀྱིས་གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །བདག་ཅག་འཁོར་དང་བཅས་པ་ལ། བྱམས་པའི་ཐུགས་ཀྱིས་


LT40_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། དགྱེས་པའི་སྤྱན་གྱིས་གཟིགས། །ལུས་དང་གྲིབ་མ་བཞིན་ཏུ་འབྲལ་བར་མེད་པར་སྲུངས་ཤིང་སྐྱོབས། དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་སོལ། །མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་པ་སོགས། ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། །ཅེས་བརྗོད་ལ་ཕུད་གཏོར་ནམ་མཁར་འབུལ། སྐོང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་ལ། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །ཕྲིན་ལས་སྤྲུལ་པ་མཐུ་རྩལ་ཅན། །སངས་རྒྱས་བསྟན་སྲུང་ཀུན་གྱི་གཙོ། །བདུད་མགོན་ག་ཡ་དྷ་ར་ཆེ། །ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས། །ཉེ་བའི་འཐུང་གཅོད་ལ་སོགས་པ། །གནས་ཡུལ་དུར་ཁྲོད་གར་བཞུགས་ནས། །སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ། །རང་མཐུན་དགྱེས་པའི་གདན་ལ་བཞུགས། །བཞུགས་པའི་ཕོ་བྲང་མཉེས་པའི་དཀོར། །མཐུན་པའི་དམ་རྫས་སྲ་བའི་གོ། །བརྗིད་པའི་བེར་ཆེན་མགྱོགས་པའི་ཆིབས། །རྣོ་གཅོད་མཚོན་ཆ་དམ་ཚིག་རྫས། །དྲག་པོའི་ཉེར་སྤྱོད་འདོད་ཡོན་ལྔ། །སྨན་གཏོར་རཀྟ་ཚོགས་མཆོད་སོགས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །སྒྲུབ་རྫས་མཆོད་རྫས་སྐོང་བའི་རྫས། །དངོས་སུ་འབྱོར་དང་


LT40_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་སྤྲུལ། །ཟད་མེད་ནམ་མཁའ་མཛོད་དུ་སྤེལ། །དད་མོས་གདུང་ཤུགས་རྩེ་གཅིག་པས། །བསྟན་སྲུང་རྒྱལ་པོར་དགྱེས་མཆོད་ན། །དཔལ་ལྡན་ཞིང་སྐྱོང་དབང་པོ་ནི། །མཚན་དང་སྐུ་ཡི་རྣམ་འགྱུར་སོགས། །སྣ་ཚོགས་སྟོན་པའི་ཐུགས་དམ་བསྐང་། །ཡུམ་ཆེན་བདུད་མོའི་ཐུགས༴ །བམ་རོ་ཕོ་མོའི་ཐུགས༴ །འཁོར་གྱི་སྡེ་བརྒྱད༴ །བདུད་དམག་སྟོང་སྡེའི་ཐུགས༴ །ཡང་འཁོར་བྱེ་བའི་ཐུགས༴ །ཐུགས་དམ་གཉེན་པོ་དགྱེས་སྐོངས་ལ། །གཡར་དམ་ཉམས་ཆགས་སོར་རྩོལ་ཅིག །སྔོན་གྱི་ཐ་ཚིག་མ་བསྙེལ་བར། །བསྟན་པ་སྲུང་ལ་བསྟན་འཛིན་སྐྱོངས། །བདག་ཅག་འཁོར་དང་བཅས་པ་ཡི། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །མཐུན་རྐྱེན་ལེགས་ཚོགས་རྒྱས་པ་སོགས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མི་འབྲལ་ལུས་དང་གྲིབ་ལྟར་འགྲོགས། །རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་གནམ་ཆོས་ཞིང་སྐྱོང་ལ་སྦྱོར་རྒྱུའི་ཞིག་དགོས་ཞེས་གཡག་ཟེ་སྒྲུབ་པ་སྐལ་བཟང་བཤད་སྒྲུབ་ནས་བསྐུལ་ངོར་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།


previousདཔལ་ལྡན་ཞིང་སྐྱོང་དབང་པོའི་གསོལ་ཁ་དང་སྐོང་བ་ཉུང་བསྡུས།next