Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས།
   
   
   
   
   
   


 
previousགཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས།next

གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས།


LT40_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས་ནི། གཏེར་སྲས་རྣམ་སྲས་ལ་གཏོར་མ་ཆ་ཚང་ཚུལ་ལྡན་བྱེད་ན། སྤྱིར་རྙིང་མའི་ལུགས་ལ་རྟེན་གཏོར། རྟག་གཏོར། རྒྱུན་གཏོར་བཅས་རྣམ་གྲངས་གསུམ་མེད་ཐབས་མེད། རྟེན་གཏོར་ལྷར་བསྐྱེད་པ་ཡིན་པས་དང་པོ་བཅའ་སྒྲུབ་དཔྱིས་ཕྱིན་བྱས་ནས་ཇི་སྲིད་བར་མི་བསྒུལ་བར་བཞག །གཏོར་གསོས་སོགས་བྱེད་སོལ་མེད། རྟག་གཏོར་བདུད་རྩི་འདོད་ཡོན་ཏུ་དམིགས་ནས་འབུལ་རྒྱུ་ཡིན་པས་ལོ་རེའི་མཚམས་ལ་གསར་བརྗེ་བྱེད། ནུབ་རེ་བཞིན་ཐེབ་སྐྱུ་སོགས་ཀྱིས་གསོ་བྲན་བྱ། རྒྱུན་གཏོར་ལས་བྱང་ནམ་འདོན་ལ་གསར་དུ་བཤམས་ནས་གཏོར་འབུལ་སྐབས་ཕྱི་རོལ་དུ་འབུལ་དགོས། དེ་ལ་རྟེན་གཏོར་ནི་འབྲུ་རྗེན་འཐག་མར་གྱིས་བརྫིས་རྒྱུ་བྱིན་རླབས་བྱ། སྨན་སྣ་རིན་ཕྱེ་ཆོས་སྨན་རྣམས་དང་། རྟ་སྔན་ཅན་ལ་ཤ་ཁྲག་སྙིང་སྣའང་བསྲེ། གཏོར་དབྱིབས་སེར་ཆེན་ལ་གནན་གྲུ་བཞིའི་སྟེང་ཁང་བཟང་སུམ་བརྩེགས་རྒྱ་ཕིབ་གསེར་འཕུ་ཏོག་རྒྱལ་མཚན་བཅས། ཕྱོགས་མཚམས་བརྒྱད་དུ་འབྲང་རྒྱས་ནོར་དབྱིབས་མ་བརྒྱད་ཐམས་ཅད་ཁ་དོག་སེར་པོ་བྱ། བར་མཚམས་ཐེབས་ཀྱུས་བསྐོར། མདུང་དམར་ཅན་ལ་དབང་གཏོར་དམར་པོ་ཟླ་གམ་ལ་འཁོར་རང་འདྲ་བརྒྱད་དང་བར་མཚམས་ཐེབས་ཀྱུས་བསྐོར། རྩེ་ཕྲོམ་ལ་མདུང་དམར་དང་ལྕགས་ཀྱུས་མཚན་པའི་མེ་རི་གློག་ཞགས་མ། དྲག་པོ་རྟ་སྔོན་ལ་གྲུ་གསུམ་


LT40_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྟོ་ཁྲ་ལ། འཁོར་རང་འབྲི་བརྒྱད་དང་བར་མཚམས་ཐེབས་ཀྱུས་བསྐོར། རྩེ་ཁྲོམ་རལ་གྲི་ལྕགས་ཀྱུས་མཚན་པའི་མེ་རི་རྐང་གསུམ་མ། གསུམ་ཀའི་ནང་གཞུག་རབ་དར་ལ་གསེར་དངུལ་གྱིས་བྲི་བའམ་སེར་ཆེན་ལ་གསེར། མདུང་དམར་མཚལ། རྟ་སྔོན་ཅན་ལ་གྲི་ཁྲག་བསྲེས་པའི་སྣག་ཚས་རྒྱ་ཤོག་ལ་སོགས་ལ་བྲི་སྟེ། སྟོད་ལ་བླ་མ་བརྒྱུད་པའི་མཚན་སྔགས། བར་དུ་ཡི་དམ་གྱི་སྔགས། འོག་ཏུ་རྣམ་སྲས་རིགས་གསུམ་སོ་སོའི་སྙིང་པོ་བྲི། མགོ་མཇུམ་གང་ནས་དྲིལ་ཡང་ཁྱད་ཆེར་མེད་ཅིང་ཡིག་མགོ་ནང་བསྟན་ཏུ་བསྒྲིལ། ལྷ་མདོག་དར་གྱིས་བསྟུམས་ནས་སེར་ཆེན་མདུང་དམར་གཉིས་ལ་ཟངས་སྦུབས་སུ་བཙུད། དྲག་པོ་རྟ་སྔོན་ལ་གྲི་ལྕགས་སྦུ་གུར་བཙུད་ནས་གཏོར་མའི་ནང་དུ་བཞག །སྐུ་རྟེན་སོ་སོའི་ཙཀླི། གསུང་རྟེན་སྲོག་འཁོར་རམ་མ་འཛོམ་ན་ཙཀླིའི་རྒྱབ་ཏུ་སྔགས་བྱང་བྲིས་པ་དང་ལྷན་ཅིག་ཐུགས་རྟེན་མེ་ལོང་བཏགས་པ་བཙུགས་ཤིང་དར་གུར་ལྷ་མདོག་དང་མཚུངས་པ་ཕུབ་ལ་གཏོར་སྒྲོམ་ལྡིང་ཁྲིའི་སྟེང་བར་འོག་གསུམ་མམ་གྲལ་རིམ་དུ་མི་གཡོ་བ་བཞག །རྟག་གཏོར་ནི། རྟེན་གཏོར་གྱི་མདུན་འོག་ལྟ་བུའམ། མགོན་ཁང་ནང་ལར་རྟེན་གཏོར་ཡོད་པའི་ཕྱི་ཁྱམས་སུའང་རུང་སྟེ་གཏོར་རྒྱུ་སོགས་གོང་མཚུངས་ཀྱིས་བདག་བསྐྱེད་ཡི་དམ་ཕྱག་རྡོར་གྱི་འབུལ་གཏོར། སེར་ཆེན་ལ་གྲུ་བཞི་སེར་པོ་གཙོ་འཁོར་


LT40_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཐེབ་ཀྱུ་བཅས། གཞན་གཉིས་དབྱིབས་གྲངས་གོང་མཚུངས་བྱ། རྩེ་ཁྲོམ་དགོས་ངེས་མེད་པས་ཉི་ཟླ་ནོར་བུ་དང་། མེ་རི་ཉི་ཟླས་མཚན་པའི་ལྔ་བརྒྱན་བྱ། །རྒྱུན་གཏོར་རྒྱས་པ། སེར་ཆེན་ལ་གྲུ་བཞི། མདུང་དམར་ཟླ་གམ། དྲག་པོ་ལ་གྲུ་གསུམ། ཐེབས་ཀྱུ་བརྒྱད་རེས་བསྐོར་ཞིང་དཀར་རྒྱན་ཅན། དྲག་པོ་ལ་ཤ་དུམ་བཞག་པའམ། མ་འཛོམ་ན་སྤྱི་འཐུས་གཏོར་འབུལ་གཅིག་ལ་ཐེབས་ཀྱུས་བསྐོར་ཡང་ཆོག་སྟེ། དེའང་ཞི་རྒྱས་དབང་དྲག་ལས་བཞི་གང་གཙོ་བོར་བྱེད་པ་དེ་མཚུངས་གཏོར་དབྱིབས་བྱ། ལར་ལུགས་འདི་ལ་རྒྱལ་ཁབ་ཤིན་ཏུ་ཆེན་པོ་ལ་སེར་ཆེན། བླ་དགོན་ལ་མདུང་དམར་ཅན། སྡེ་དཔོན་ཆེན་པོ་ལ་རྟ་སྔོན་ཅན་གཙོ་བོར་བྱེད་ཅིང་རྟེན་དང་གཏོར་མ་སོགས་ཀྱང་གང་གཙོ་དེ་ཀ་བཅའ་བཀོད་བྱེད། འདོན་དུས་གསུམ་བསྒྲིལ་འདོན་ཅེས་གཏེར་ཆེན་ཉིད་ཀྱིས་གསུང་པ་ལགས། ཁང་བཟང་སྲོག་འཁོར་བླ་རྡོ་སོགས་རྟེན་རྒྱས་པ་ཡོད་ན་རྟེན་གཏོར་མེད་ཀྱང་ཆོག །གསང་སྔགས་སྔ་འགྱུར་ལུགས་སུ་ལས་ཐམས་ཅད་གཏོར་མ་ལ་བརྟེན་པ་ཡིན་པས་ཡོད་ན་ནི་བཟང་བ་ལས་ལྷག་སྐྱོན་ནམ་ཡང་མེད། རྟག་གཏོར་རྒྱུན་གཏོར་གཉིས་ནི་མེད་ཀ་མེད་ལགས་པ་བཅས་སྡེ་དགེའི་རྒྱལ་ཁབ་རྣམ་སྲས་མགོན་བླའི་ཐུགས་བཞེད་ངོར་བློ་གྲོས་མཐའ་ཡས་ཀྱིས་མགྱོགས་བྲིས་སུ་ཕུལ་བ་དགེ་ལེགས་འཕེལ།། །། །།


previousགཏེར་གསར་རྣམ་སྲས་གཏོར་མའི་ཟིན་བྲིས།next