Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས།
   
   
   
   
   


 
previousརྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས།next

རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས།


LT40_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


LT40_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་ལ་འཇུག་པར་འདོད་པས། ཟངས་སོགས་རིན་པོ་ཆེའི་སྡེར་མར་རི་རབ་སུམ་བརྩེགས་སྟེང་དུ་གྲུ་བཞིའི་དབུས་སུ་རིན་ཆེན་འབར་བ་ཟུར་བཞི་པ་ལ་ཀྱུ་གུ་དང་རིལ་བུ་བརྩེགས་པ་བརྒྱད་ཀྱིས་བསྐོར། གཞན་ཡང་མཆོད་པའི་གཟུགས་བརྙན་སྣ་ཚོགས་པ་བཤམ། མདའ་བྱ་རྒོད་ལ་དར་ལེ་བརྒན་བཏགས་པ་དང་མདུང་དམར་རྒྱལ་མཚན་སོགས་སྤྱན་གཟིགས་དཀོར་ཆས་སྣ་ཚོགས་བསགས་ལ། རང་ཉིད་གསང་བའི་བདག་པོའི་ཏིང་ངེ་འཛིན་གྱི་བདག་མདུན་སྒྲུབ་མཆོད་ཟིན་ནས། བསངས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་རྒྱན་གྱི་བཀོད་པ་བསམ་ལས་འདས་པའི་དབུས་སུ། རིན་པོ་ཆེའི་སྣོད་རྣམས་སུ་མཆོད་རྫས་ཀྱི་བྱེ་བྲག་རྨད་དུ་བྱུང་བ་རྣམས་དང་། བརྟེན་པའི་རྫས། སྒྲུབ་པའི་རྫས་བསམ་གྱིས་མི་ཁྱབ་པས་གླིང་བཞིའི་འཇིག་རྟེན་བྱུར་བུར་གང་བ། རྒྱལ་ཆེན་འཁོར་བཅས་དགྱེས་པ་སྐྱེད་ནུས་པ་རྣམས་སུ་གྱུར། ཨོཾ་བཛྲ་སྥ་ར་་ཁཾ། ཞེས་བྱིན་གྱིས་བརླབས་ལ་དབྱངས་རོལ་བཅས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་དམ་དགོངས་རྒྱལ་པོ་ཆེ། །དང་པོར་སངས་རྒྱས་མངོན་གྱུར་ཀྱང་། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །ས་བརྒྱད་སེམས་དཔའ་བཞུགས་པ་པོ། །ད་ལྟ་ཕྱོགས་སྐྱོང་རྒྱལ་པོའི་ཚུལ། །ཤཱཀྱའི་བསྟན་པ་སྲུང་བར་མཛད། །སེམས་དཔའ་ཆེན་པོ་གཤེགས་སུ་གསོལ། །རི་རབ་ཆེན་


LT40_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བྱང་ཕྱོགས་ཀྱི། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བདག་གིས་གདུང་བས་སྤྱན་འདྲེན་ན། །ཐབས་མཁས་།ཐུགས་རྗེས་རྒྱལ་པོ་ཆེ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཕོ་བྲང་གཞལ་ཡས་ཆེན་པོའི་དབུས། །རིན་ཆེན་ཁྲི་རྐང་གདན་སྟེང་དུ། །ས་བརྒྱད་སེམས་དཔའ་བཞུགས་སུ་གསོལ། །གུས་པའི་ཚུལ་གྱིས་ཕྱག་འཚལ་ཞིང་། །ནམ་མཁའི་མཛོད་ལ་མངའ་བརྙེས་པ། །རིན་ཆེན་གཏེར་བདག་ཁྱོད་ལ་བསྟོད། །ཧཱུྃ། །ནོར་བདག་རྒྱལ་པོ་ཆེན་པོ་ལ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །མཆོད་སྤྲིན་རྒྱ་མཚོ་དཔག་མེད་འབུལ། །ཐུགས་དམ་གཉེན་པོ་བསྐང་གྱུར་ཅིག །ཕྱི་མཆོད་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་དང་ཞལ་ཟས་ཚོགས། །སིལ་སྙན་རོལ་མོ་དབྱངས་དང་བཅས། །སྤྱན་གཟིགས་དཀོར་ཆ་མཐུན་རྫས་ཀྱིས། །ལྷ་ཡི་དགེ་བསྙེན་ཐུགས་དམ་བསྐང་། །བདག་ལ་འདོད་པའི་དངོས་གྲུབ་སྩོལ། །ནང་མཆོད་རྒྱ་ཕོར་བསེ་ཕོར་དང་། །གསེར་དངུལ་རིན་ཆེན་སྐྱོགས་ནང་དུ། །ཆང་ཕུད་རིན་ཆེན་དར་ཟབ་བཅས། །སྨན་གཏོར་རཀྟ་ནང་གི་རྫས། །མཛེས་པའི་ལྷ་མོ་བཅུ་དྲུག་གིས། །ཕྱག་རྒྱ་སྣ་ཚོགས་གར་གྱིས་སྒྱུར། །ཨ་ལ་ལ་སྟེ་མཆོད་པ་འབུལ། །དགྱེས་བསྐང་བདག་ལ་དངོས་གྲུབ་སྩོལ། །


LT40_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་དམར་རྒྱལ་མཚན་གྲི་སྙིང་དང་། །ཚོགས་ཀྱི་ལོངས་སྤྱོད་དཔག་ཏུ་མེད། །མཛེས་པའི་ཀླུ་མོ་ནོར་སྐྱོང་མ། །ལྷ་ཀླུའི་བུ་མོ་མཛེས་སྡུག་བསྐོར། །རྒྱལ་པོ་དགྱེས་མཛད་ཐུགས་དམ་བསྐང་། །བདག་ལ་ཟས་ནོར་ཆར་ལྟར་ཕོབ། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །བརྟེན་རྫས་སྒྲུབ་རྫས་སྐོང་བའི་རྫས། །སྲིད་ཞིའི་འབྱོར་པ་མ་ཚང་མེད། །ཐུགས་ལ་གང་བཞེད་དེར་འཆར་བ། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་དུ། །ཏིང་ངེ་འཛིན་གྱིས་བྱིན་བརླབས་ཤིང་། །འཕགས་པའི་ནོར་དུ་ལེགས་སྦྱར་བས། །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །ས་བརྒྱད་དབང་ཕྱུག་གཏེར་གྱི་བདག །འགྲོ་བའི་བསམ་པ་སྐོང་མཛད་པ། །མདུད་དམར་ཅན་གྱི་ཐུགས་དམ་བསྐང་། །སྲས་མཆོག་གཟའ་བདུད༴ གནོད་སྦྱིན་བདུན་གྱི༴ སྒོ་བཞི་སྐྱོང་བའི༴ གཞན་ཡང་ཡབ་ཡུམ་སྤྲུལ་འཁོར་སྲས། །རྟ་བདག་བརྒྱད་དང་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དང་། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། །སྟོབས་ཆེན་སུམ་ཅུ་རྩ་གཉིས་སོགས། །ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ། །གནོད་སྦྱིན་བྱེ་བའི་ཚོགས་རྣམས་ཀུན། །དགྱེས་ཤིང་ཐུགས་དམ་བསྐང་གྱུར་ཅིག །བདག་ནི་རིག་འཛིན་སྒྲུབ་པ་པོ། །ཁྱོད་ནི་དངོས་གྲུབ་གཏེར་གྱི་བདག །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་པའི་དོན་ལ་གསོལ་འདེབས་ཀྱིས། །ཐུགས་དམ་གཉེན་པོ་


LT40_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ་བར། ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །འགྲོ་བ་མི་ཡི་རྣམ་ཤེས་སྒྱུར། །སྦྱིན་བདག་ཕོ་མོའི་ལག་པ་སྒུལ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །བཅུད་ཅན་ཟས་ལ་སོགས་པ་རྣམས། །ཐམས་ཅད་བདག་ལ་སྩལ་དུ་གསོལ། །གནས་པ་ཚེ་དང་བརྒྱུད་འཛིན་སྲིད། །སྙན་གྲགས་གདུལ་བྱ་ལོངས་སྤྱོད་ནོར། །མི་ཟད་ཟས་དང་དར་ཟབ་གོས། །རྐང་བཞི་ཕྱུགས་དང་བང་མཛོད་ནས། །རིན་ཆེན་གསེར་གཡུ་སྲ་བརྟན་གོ། །མི་ཟད་གཏེར་གྱི་དངོས་གྲུབ་སྩོལ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །ཐུགས་རྗེས་མི་གཏོང་རྗེས་འཛིན་ཅིང་། །འགྲོ་ཀུན་དབང་དུ་སྡུད་པ་དང་། །དགོས་འདོད་མ་ལུས་སྩལ་དུ་གསོལ། །ཅེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཞེས་པ་འདིའང་ངེས་དོན་སྙིང་པོའི་བསྟན་པའི་རྩ་ལག་དཔལ་ལྡན་ཛི་ཐང་གི་མགོན་ཁང་རྒྱུན་གསོལ་ཆེད་དུ་དགེ་སློང་ཀརྨ་ཀུན་བཟང་ནས་ཡང་ཡང་བསྐུལ་ངོར་གཙོ་བོར་བྱ་རྒོད་གཤོང་གི་གཏེར་མ་ལ་སྦྱོར་བའི་དབང་དུ་བྱས་ཏེ་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས་བཏུས་པའི་བྱིན་རླབས་ཀྱི་སྒོ་ཡངས་ཤིང་ཁྱེར་བདེ་བར་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་སུ་བྲིས་པ་དགེ་ལེགས་འཕེལ།། །།


previousརྣམ་སྲས་མདུང་དམར་ཅན་གྱི་སྐོང་གསོལ་རིན་ཆེན་ཆར་འབེབས།next