Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ།
   
   
   
   


 
previousཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ།next

ཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ།


LT40_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ་ཞེས་བྱ་བ་བཞུགས་སོ། །


LT40_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུ་ཡི་བཀོད་པ་ལས། །ཞིང་དང་གནས་སུ་རྣམ་འཕྲུལ་པ། །ཧེ་རུ་ཀ་དཔལ་ཐོད་ཕྲེང་རྩལ། །ཞིང་ཁམས་ཀུན་བདག་དེ་ལ་འདུད། །ཉེ་བའི་འཐུང་གཅོད་ནོར་བཙན་གྱི། །གནས་བདག་རྩ་གསུམ་ཞིང་སྐྱོང་གི། །མཆོད་ཕྲིན་འདོད་པ་འཇོ་བའི་བ། །མོས་ལྡན་རྣམས་ཀྱི་འདོད་འཇོར་སྦེལ། དེ་ལ་གཉིས། བཅའ་གཞི་དང་འདོན་བྱ་དངོས་སོ། དང་པོ་ལ་གཉིས། སྤྱི་དང་བྱེ་བྲག་གོ། །དང་པོ་ནི། སྤྱི་དང་འབྲེལ་བའི་བཅའ་གཞི་སྟེགས་རིམ་པ་གཉིས་ཀྱི་དང་པོར་མཎྜལ་ཚོམ་བུ་ལྔ་པའི་མདུན་ཏུ་གཏོར་མ་ལྔ་ཚན། སྨན་རཀ །ཆུ་གཉིས་ཉེར་སྤྱོད་བཅས་བཤམས། རིམ་པ་གཉིས་པར། དབུས་སུ་རིན་པོ་ཆེའི་སྣོད་དུ་ཞིང་སྐྱོང་ལྷ་བཙན་ལ། བཤོས་ཟླུམ་དཀར་པོ་བརྗིད་ཆགས་པ་ཉི་ཟླ་ནོར་བུའི་རྒྱན་ལྡན། གཡོན་ཏུ་དེ་ལས་ཅུང་དམའ་བའི་སྨན་བཤོས། མཐའ་བསྐོར་ཟླུམ་བཤོས་དཀར་པོ་དགུ་དང་། དམར་གཏོར་


LT40_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་ལྔས་སྤེལ་མར་བསྐོར་བ། དེ་རྒྱབ་ཕྱོགས་བཞིར་དཀར་གཏོར་བཞི་དང་དམར་གཏོར་བཞི། དེ་རྒྱབ་ཕྱོགས་བཞིར་བཙན་བཤོས་བཞི། དེ་རྒྱབ་སྡེ་བརྒྱད་བཤོས་བུ་དང་མཐེབ་ཀྱུ་མང་པོས་བསྐོར། གཡས་སུ་ཟངས་ཀྱི་སྣོད་དུ་མཁའ་འགྲོའི་གཏོར་མ་ལ་ཕྱོགས་བཞིར་ཟླ་གམ་བཞི། མཚམས་བཞིར་ཟུར་གསུམ་བཞིས་བསྐོར་བ་མཐིབ་ཀྱུ་བཅས། གཡོན་ཏུ་སྐོང་གཏོར། རི་རབ་བང་རིམ་བཞི་པའི་དབུས་སུ་འབྲང་རྒྱས་དཔེའུ་རིས་ལྟར། བང་རིམ་དང་པོར་ཉེར་སྤྱོད་འདོད་ཡོན་ཁྱུང་འབྲུག་སེང་གསུམ་བྱ་རི་དྭགས། གཉིས་པར་བཀྲ་ཤིས་རྫས་རྟགས་གཅན་གཟན། གསུམ་པར་རྒྱལ་སྲིད་སྣ་བདུན། རི་དྭགས་གཡུང་དྭགས། བཞི་པར་གོ་མཚོན་ཡུལ་མཁར་སོགས་འཇིག་རྟེན་གྱི་འདོད་ཡོན་སྣ་ཚོགས་དང་ཆུ་གནས་ས་འཛུལ། ཆང་བུ་མཐེབ་ཀྱུ་སོགས་ཀྱིས་བསྐོར། སྨན་དང་རིན་ཆེན་ཕྱེ་མ་དར་ཟབ་བལ་ཚོན་དཀར་མངར་


LT40_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སྣ་ཚོགས་ཚད་ཀྱིས་བརྒྱན་པར་བྱའོ། །གཉིས་པ་བྱེ་བྲག་གཡང་སྐྱབས་བྱེད་པར་སྤྲོ་ན། དེ་དག་གི་མདུན་ཏུ་འབྲས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་རི་རབ་བང་རིམ་བཞི་པའི་སྟེང་དུ་འབྲང་རྒྱས་ནོར་བུའི་དབྱིབས་ཅན་ནོར་བུ་མེ་ཏོག་གི་རྒྱན་ལྡན་བག་དྲོ་ལྷུན་ཆགས་པའི་གཡས་སུ་མདའ་དར། གཡོན་ཏུ་ཕྱེ་མར། མདུན་ཏུ་གཡང་ཕོར་མར་ཁུས་གང་བ། མཚམས་སུ་གཡང་སྐྱེ་འབྲུ་ཡིས་གང་བ་སོགས་གཡང་རྫས་རྣམས་བཤམ་པའི་མཐར་བཟང་ཤིང་གི་ར་བས་བསྐོར། གལ་ཏེ་ཟློག་པ་བྱེད་ན་གཞི་མདུན་སྟེགས་དམའ་བར་ལུགས་སྣོད་དུ་དམར་གཏོར་ཟུར་གསུམ་དཔལ་དགུ་དང་ལྡན་པ་ཁྲུ་གང་ལས་མི་ཆུང་བ། གམས་སུ་དམར་གཏོར་གཅིག་ལ་མཐེབ་ཀྱུ་བརྒྱད་ཀྱིས་བརྒྱན་པ་གཡོན་ཏུ་དམར་གཏོར་གཅིག །མཐའ་བསྐོར་དུ་དམར་གཏོར་བཅུ་བཞི། དེ་རྒྱབ་དམར་གཏོར་བརྒྱད་ཚན་རིམ་པ་གཉིས། མཐེབ་ཀྱུ་མང་པོས་བསྐོར་བ། མེ་རི་ལིངྒ་ཤ་ཁྲག་གི་འཕན་དར་འཚེ་ཉུང་གིས་བརྒྱན་པ། སྤྲོ་ན་རྩང་ཕུར་ཀྱང་གཟུག་པར་བྱའོ། །གཞི་མདུན་ཏུ་ཆུ་གཉིས་ཉེར་སྤྱོད། གསེར་སྐྱེམས། འབྲང་རྒྱས། མཆོད་གཏོར་སོགས་གཙང་ཞིང་མཛེས་པར་བཤམ། གཉིས་པ་འདོན་བྱ་དངོས་ལ་ཐོག་མར་བདག་བསྐྱེད་ནི། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་སོགས་སྐྱབས་འགྲོ་དང་། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། སོགས་སེམས་བསྐྱེད་ལན་གསུམ་བྱ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་བདེ་མཆོག་ལྷན་སྐྱེས་བདག་བསྐྱེད་བཏང་། བཟླས་པ་ཅི་འགྲུབ་དང་། །སྡུ་ལྡངས་ཡན་བྱ། མདུན་བསྐྱེད་ཀྱི་ཐོག་མར་མཆོད་པ་བྱིན་རླབས་ནི། ཁཎྜ་


LT40_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཉེས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ། གཏོར་ཚོགས་རྟེན་རྫས་ལ་སོགས་པ་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོགས་པ་མེད་པ། ས་དང་བར་སྣང་གང་བ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྐྱེད་པའི་རང་བཞིན་ཏུ་གྱུར། བར་བསམ་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བ་ལ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། །གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཐཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟཛྲ་ལ་མཎྜལ་ཧཱུྃ་ཧྲཱིཿཐཱ། ཞེས་སྨན་རཀ་བྱིན་གྱིས་བརླབས། མདུན་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་འཇའ་ཟེར་འོད་ཕུང་གི་དྲྭ་བ་འཁྲིགས་པའི་དབུས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་པདྨ་ཐོད་ཕྲེང་རྩལ་ལ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་གྲུབ་ཆེན་བརྒྱད་དང་བརྒྱད་ཅུ་རྗེ་འབངས་ཉེར་ལྔ། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལ་སོགས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས་བྱིན་རླབས་གཟི་བྱིན་འབར་


LT40_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེའི་འོག་ཏུ་ཡེ་ཤེས་རང་སྣང་གི་འཇའ་འོད་བརྡལ་བའི་དབུས་སུ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་ཐེག་པ་རིམ་དགུ། རྒྱུད་སྡེ་བཞི་དྲུག་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་ནས་དངོས་གྲུབ་ཆར་རྒྱུན་འབེབས་པ། དེའི་འོག་ཏུ་བདེ་དྲོད་མེ་ཕུང་འབར་བའི་ཀློང་དུ་ཡུམ་མཆོག་རྡོ་རྗེ་ཕག་མོ་ལ་མཁའ་འགྲོ་སྡེ་བཞི་ལ་སོགས་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མ་མོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་ནས་ཕྲིན་ལས་རྣམ་བཞི་སྒྲུབ་པ། འོག་གི་ས་གཞིར་སྤང་ལྗང་མེ་ཏོག་འབྲས་བུའི་ནགས་ཚལ་ཡིད་དུ་འོང་བའི་ལོངས་སྤྱོད་དུ་མས་བརྒྱན་པ་ལ་བརྟེན་པའི་རིན་པོ་ཆེའི་ཁང་བཟང་དབྱིབས་ལེགས་ལྟ་ན་སྡུག་པ། འཇའ་འོད་དང་ན་བུན་གྱི་གུར་ཕུབ་ཅིང་། སྤྲིན་དཀར་ལས་བདུད་རྩི་དང་མེ་ཏོག་གི་ཆར་ཟིམ་འབེབས་པའི་དབུས་སུ་གནས་ཡུལ་ཞིང་ཁམས་མཐའ་དག་སྲུང་ཞིང་རྣམ་འགྱུར་རྫུ་འཕྲུལ་དུ་མ་ལ་མངའ་མཛད་པའི་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ལྷ་བཙན་རྔམས་ཆེན་སྤྱི་རིང་དུང་གི་མདོག་ཅན། གཡས་དར་དཀར་གྱི་བ་དན་ཕྱར་ཞིང་། གཡོན་པས་ཡིད་བཞིན་གྱི་ནོར་བུ་བསྣམས་པ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་དང་ཞབས་ལ་སག་ཏིའི་ཆགས་ལྷམ་གསོལ་བ། དར་དཀར་གྱི་བེར་གསོལ་ཞིང་འཁོར་གསུམ་སྐེད་ལ་བཅིངས་པ། རིན་པོ་ཆེའི་རྒྱན་ཆ་དུ་མས་མཛེས་


LT40_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱན་པ། རྟ་མཆོག་ངང་དཀར་གསེར་སྒ་གཡུམ་ཐུར་ནོར་བུའི་རྒྱན་གྱིས་སྤྲས་པའི་སྟེང་ན་བརྗིད་པའི་སྟབས་ཀྱིས་བཞུགས་པའི་འཁོར་དུ། ཡུམ་དང་སྲས་དང་། ཕྱི་ནང་གི་བློན་པོ། སྒོ་སྲུང་ལས་བྱེད། ལྷ་ཀླུ་བཙན་བདུད་གཉན་ལ་སོགས་པ་བྱེ་བ་འབུམ་སྡེ་དཔག་ཏུ་མེད་པས་བསྐོར་བ། ཐམས་ཅད་ཀྱང་མཛེས་པའི་རྒྱན་དང་དགྱེས་པའི་ཉམས་རྩལ་ལྡན་པ། འཇིགས་ཤིང་དཔའ་བའི་གར་མཁན་ཕས་རྒོལ་ལས་རྣམ་པར་རྒྱལ་བའི་ཆ་ལུགས་སུ་བཞུགས་པ། རྩ་བ་གསུམ་གྱི་གནས་གསུམ་འབྲུ་གསུམ་དང་། ཞིང་སྐྱོང་འཁོར་བཅས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ། བདག་མདུན་གྱི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་རང་རང་གི་གནས་ནས་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བཛྲ་ས་མཱ་ཛཿསྤྱན་འདྲེན་པ་ནི་རོལ་མོ་དབྱངས་དང་བཅས་འདི་སྐད་དོ། ཧཱུྃ། རྣམ་དག་པདྨ་འོད་ཀྱི་གཞལ་ཡས་ནས། །སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས། །བྱིན་རླབས་སྤྲིན་ཆེན་འཁྲིགས་བཞིན་གཤེགས་སུ་གསོལ། །སྒྱུ་འཕྲུལ་རྡོ་རྗེ་བཙུན་མོའི་གསང་བ་ནས། །འཁོར་ལོ་སྡོམ་པ་དཔལ་ཆེན་ཧེ་རུ་ཀ །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་བཅས། །དངོས་གྲུབ་


LT40_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་ཆེན་འབེབས་བཞིན་གཤེགས་སུ་གསོལ། །མཁའ་སྤྱོད་ཐར་པའི་གྲོང་ཁྱེར་ཡངས་པ་ནས། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས། །ཕྲིན་ལས་གློག་འོད་འཁྱུག་བཞིན་གཤེགས་སུ་གསོལ། །གནས་ཡུལ་ཞིང་དང་རྒྱ་བོད་སྒྲུབ་གནས་ནས། །སྟོབས་ལྡན་ཞིང་སྐྱོང་དབང་པོ་ཡབ་ཡུམ་སྲས། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་བཅས་པ་རྣམས། །དྲག་རྩལ་ཐོག་ལྟར་འབེབས་བཞིན་གཤེགས་སུ་གསོལ། །ཆོས་ཀྱི་འབྱུང་གནས་ཐར་པ་དམ་པའི་གྲོང་། །ལྷུན་ཆགས་གངས་རིའི་གཟུགས་སུ་མངོན་སྣང་བ། །ཉེ་བའི་འཐུང་གཅོད་རོང་བཙན་གནས་མཆོག་ནས། །སྲུང་མའི་དབང་པོ་རྔམ་ཆེན་སྐྱི་རིང་ནི། །ཡུམ་སྲས་སྡེ་བརྒྱད་འཁོར་གྱི་ཚོགས་དང་བཅས། །སྔོན་གྱི་ཐུགས་དམ་གཉེན་པོ་བརྩེར་དགོངས་ལ། །མ་ཐོགས་ཡིད་ལྟར་མགྱོགས་པའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨེ་ཧྱེ་ཧི། བཞུགས་གསོལ་ནི། ཧཱུྃ། ཆོས་དབྱིངས་འོད་གསལ་ནམ་མཁའ་ཡངས་པའི་ཁམས། །ལྷུན་གྲུབ་འཇའ་ཟེར་ཐིག་ལེ་གསང་བའི་སྦུབས། །བཀོད་པ་བསམ་ཡས་གཞལ་མེད་ཁང་པའི་ནང་། །གཞན་འཕྲུལ་ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོའི་དབུས། །


LT40_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་བརྗིད་བཀོད་ལེགས་གདན་མཆོག་ཡངས་པའི་སྟེང་། །ཕྲིན་ལས་མ་འགྲུབ་བར་དུ་བརྟན་བཞུགས་ལ། །བྱམས་པའི་སྤྱན་གཟིགས་དགྱེས་པའི་ཐུགས་ཀྱིས་དགོངས། །ཨོཾ་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཏིཥྛ་ལྷན། ངམ་ལ་བཞག་པ་ནི། ཞིང་སྐྱོང་ཆེན་པོ་ལྷ་བཙན་ཡུམ་སྲས་སྡེ་བརྒྱད་སྤྲུལ་པའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། བཅོམ་ལྡན་འདས་ཧེ་རུ་ཀ །སློབ་དཔོན་པདྨ་འབྱུང་གནས། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་ཀརྨ་པ་ཡབ་སྲས་བརྒྱུད་པར་བཅས་པའི་བཀའ་དང་ངམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། །དཀོན་མཆོག་གི་དབུ་འཕང་བསྟོད། བསྟན་འཛིན་གྱི་བུ་སློབ་སྐྱོང་། རྣལ་འབྱོར་པ་བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་ཏུ་བརླག་པ་དང་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་ཏུ་འགྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། །མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་ལ་ཞིང་སྐྱོང་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག །ལྕེ་ཐོག་ཏུ་བདུད་རྩི་བྱིན་པའི་མོས་པས། །ཀྵེ་ཏྲ་པཱ་ལ་ས་པ་རི་བཱ་ར་


LT40_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་མ་ནུ་སྨར། ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། ཕྱག་འཚལ་བ་ནི། ཧཱུྃ། སྐུ་ཡི་རྣམ་འགྱུར་སྲིད་ཞིའི་གར་བརྒྱ་མཛད། །གསུང་གི་ཆོས་སྒོ་རང་རང་སྒྲ་རུ་སྒྲོགས། །ཐུགས་དགོངས་སྟོང་ཉིད་སྙིང་རྗེ་འདུ་འབྲལ་མེད། །སྤྲུལ་པའི་ཆོ་འཕྲུལ་སངས་རྒྱས་ཞིང་ཀུན་ཁྱབ། །རྟོགས་པ་རྣམས་ལ་ཡེ་ཤེས་ཆེན་པོའི་འཕྲུལ། །མ་རྟོགས་པ་ལ་རང་རྒྱུད་དྲེགས་པའི་གཟུགས། །མཉམ་ཉིད་རང་བཞིན་ཤེས་པས་ཕྱག་བགྱིའོ། ཨ་ཏི་པུ་ཧོཿམཆོད་པ་ནི། ཧཱུྃ། ལྷ་རྫས་ཡིད་དུ་འོང་བ་ཡི། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་གྲུབ་རྣམ་གཉིས་སྩོལ་བྱའི་ཕྱིར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཞིང་སྐྱོང་འཁོར་དང་བཅས་ལ་འབུལ། །དགྱེས་པར་བཞེས་ནས་བདག་ལ་དགོངས། །ཨོཾ་ཤྲཱི་མཱ་ན་གུ་རུ་དེ་བ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་བཛྲ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ད་་ས་མ་ཡེ་ཨཱཿཧཱུྃ། འཁོར་ལོ་ཡིད་བཞིན་ནོར་བུ་དང་། །རབ་མཛེས་བཙུན་མོ་མི་བདག་དང་། །དཔལ་གྱི་གླང་པོ་ཅང་ཤེས་རྟ། །དམག་དཔོན་རིན་ཆེན་སྣ་བདུན་པོ། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །དགྱེས་པར༴ །སྔགས་ཐོག་མཐའ་གོང་དང་འདུ་


LT40_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་སཔྟ་རཏྣ༴ །རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་བཟང་། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །དགྱེས་པར༴ །ཨཥྚ་མངྒ་ལ་ཧེ་ཏུ༴ །ཡུངས་ཀར་དུརྦ་བིལ་བ་དང་། །གི་ཝཾ་ལི་ཁྲི་ཞོ་མཆོག་དང་། །མེ་ལོང་རྣམ་དག་དུང་དཀར་རྣམས། །ལྷ་མོ་བརྒྱད་ཀྱིས་ཕུལ་བ་ལྟར། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །དགྱེས་པར༴ །ཨཥྚ་མངྒ་ལ་དྲ་བྱ། ཞེས་ཕྱི་མཆོད་དང་། །ཨ་ལས་བདེ་སྐྱོང་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔས་གཏམ་པ། །ཡི་གེ་འབྲུ་ལྔས་བྱིན་བརླབས་ནས། །ཡེ་ཤེས་བདུད་རྩི་མཆོག་སྦྱར་བ། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །སྐུ་ལུས་རྒྱས་ཕྱིར་བཞེས་སུ་གསོལ། །སྔགས་ཐོག་མ་གོང་བཞིན་ལ། ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། པདྨ་བྷཉྫ་དབྱིངས་ཀྱི་སྣོད། །ཡེ་ཤེས་རཀྟའི་རྒྱ་མཚོས་གཏམས། །བདེ་སྟོང་དམར་འོད་རབ་ཏུ་འབར། །མཆོག་བདེའི་དགའ་སྐྱེད་བཏུང་བའི་བཅུད། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །ཟག་མེད་དགའ་བས་ཚིམས་གྱུར་ཅིག །སྔགས་གོང་བཞིན་ལས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་ནང་མཆོད། ཡབ་ཡུམ་གཉིས་


LT40_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མཁའ་རྡོ་རྗེ། །སྙོམས་འཇུག་དགའ་བ་བཞི་ཡི་དངོས། །དཀར་དམར་བྱང་ཆུབ་སེམས་ཀྱི་རྫས། །རོ་མཉམ་བདེ་ཆེན་མཆོད་པ་འདི། །དངོས་གྲུབ༴ །བླ་མ་ཡི་དམ༴ །ཞིང་སྐྱོང་༴ །བདེ་ཆེན་མཆོག་གིས་མཉེས་གྱུར་ཅིག །སྔགས་ཀྱི་ཐོག་མ་གོང་བཞིན་ལ། བཛྲ་མ་ཏཱཾ་གཱི་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གསང་མཆོད་དང་། སྣོད་ཀྱི་འཇིག་རྟེན་བས་ཀྱང་རྒྱ་ཆེ་ཞིང་། །རི་རབ་ལྷུན་པོ་བས་ཀྱང་བརྗིད་ཆགས་པ། །ཉི་ཟླ་ཟུང་གཅིག་ལས་ཀྱང་འོད་འབར་བ། །བདུད་རྩིའི་རྒྱ་མཚོར་གྱུར་པའི་གཏོར་མ་འདི། །པདྨ་ཐོད་ཕྲེང་ཡི་དམ་ཆོས་སྐྱོང་ཚོགས། །ཞིང་སྐྱོང་འཁོར་བཅས་ལྗགས་ཀྱི་པདྨ་ནི། །རྡོ་རྗེ་རྩེ་གསུམ་སྦུ་གུས་དགྱེས་པར་དྲོངས། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཱ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། གུ་རུ་དེ་བ་ཌཱ་ཀི་ནཱི་ཀྵེ་ཏྲ་པཱ་ལ་སརྦ་ལོ་ཀ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལི༚་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། །མམ་སརྦ་ཀརྨ་སིདྡྷི་པྲ་ཡཙྪ་ཧཱུྃ། ལན་གསུམ་གྱིས་གཏོར་མ་འབུལ། བསྟོད་པ་ནི། ཧཱུྃ། འོད་གསལ་རྡོ་རྗེ་རྩེ་མོའི་དབྱིངས། །འཇའ་ཟེར་ཐིག་ལེ་འཁྱིལ་པའི་དབུས། །སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་རྩལ། །རིག་འཛིན་གྲུབ་པའི་ཚོགས་ལ་བསྟོད། །དཔལ་ཆེན་ཡང་དག་ཧེ་རུ་ཀ །རྡོ་རྗེ་མཁའ་འགྲོའི་དྲ་བ་སྡོམ། །ཐེག་རིམ་དགུ་དང་རྒྱུད་སྡེ་དྲུག །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །རྡོ་རྗེ་ཕག་མོ་


LT40_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཡུམ། །རྣལ་འབྱོར་ཐར་པའི་ལམ་སྣ་འདྲེན། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཌཱ་ཀི་ཆོས་སྐྱོང་བཅས་ལ་བསྟོད། དད་ལ་ཆེན་ཕྲིན་ལས་སྤྲུལ་པའི་གར། །ཞིང་སྐྱོང་གཟི་ལྡན་དབང་ཕྱུག་ནི། །རྣམ་འགྱུར་ཆ་ལུགས་བསམ་མི་ཁྱབ། །དཔྱིད་ཟླ་གསུམ་གྱི་ར་བ་ལ། །ཏི་ཙེ་གངས་དང་ལ་ཕྱི་གངས། །ཆུ་བར་ལྷ་བཙན་དཀར་པོར་གྲགས། །དབྱར་ཟླ་གསུམ་གྱི་ར་བ་ལ། །ལྷོ་བྲག་མཁར་ཆུ་མོན་ཁའི་རྫོང་། །མཁའ་རི་གངས་ལ་གནས་བཅས་ཤིང་། །དགེ་བསྙེན་མཁའ་རི་གངས་བཙན་གྲགས། །སྟོན་ཟླ་གསུམ་ལ་བཞུགས་གནས་ནི། །ཙ་རི་དང་ནི་པདྨ་འོད། །རོང་བཙན་སྲིན་མོ་རྫོང་ལ་གནས། །གསང་མཚན་ག་ཡ་དྷ་རར་གྲགས། །དགུན་ཟླ་གསུམ་གྱི་ར་བ་ལ། །ཀོང་པོ་རོང་དང་པདྨ་བཀོད། །རྦ་ལྕགས་ཤི་རི་རྣམས་སུ་བཞུགས། །གསང་མཚན་ཟླ་བྲལ་གར་གྱི་དབང་། །གནས་ཡུལ་ཞིང་ཁམས་ཀུན་སྲུང་བའི། །ཀུན་དགའ་གཞོན་ནུ་ཡབ་ཡུམ་སྲས། །སྡེ་བརྒྱད་དམག་དཔུང་བཅས་ལ་བསྟོད། །རྒྱལ་བས་བྱང་ཆུབ་བརྙེས་པའི་གནས། །རྡོ་རྗེ་གདན་གྱི་བྱང་ཤར་མཚམས། །དེ་བཱི་ཀོ་ཊིའི་གནས་དང་ནི། །རྗེས་འབྲེལ་ཙ་རི་ཏྲ་ཡི་ཆ། །རོང་བཙན་ཁ་བ་དཀར་པོ་ཞེས། །ཕྱི་བལྟས་གངས་རི་ལྷུན་ཆགས་ཤིང་། །ལྗོན་ཤིང་སྨན་


LT40_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང་མེ་ཏོག་སོགས། །དུ་མས་ལྷ་ཡི་དགའ་ཚལ་ལྟར། །མཛེས་པས་ཕྱོགས་ཀུན་རྣམ་པར་དཀྲིག །འབབ་ཆུ་ཆུ་མིག་མཚོ་ལ་སོགས། །ཡན་ལག་བརྒྱད་ལྡན་ཆུ་གཅང་གི། མཆོད་ཡོན་རྣམ་བཀོད་བྱ་དང་ནི། །རི་དྭགས་སྤུ་སྡུག་སྣ་ཚོགས་ཀྱིས། །རྩེད་འཇོའི་གར་བསྒྱུར་དབྱངས་སྙན་ལེན། །སྤྲིན་ཕུང་འཇའ་ཚོན་ན་བུན་གཏབས། །གྲུབ་པ་རེག་འཛིན་དྲང་སྲོང་ཚོགས། །དུ་མས་བརྟེན་པའི་གནས་མཆོག་སྟེ། །ནང་ལྟར་འཁོར་ལོ་བདེ་མཆོག་གི། དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ། །གསང་བ་བདེ་སྟོང་ཟུང་འཇུག་མཆོག །ཨེ་ཝཾ་གཉིས་མེད་དག་པའི་གནས། །དེ་ན་གནས་སྲུང་གཙོ་བོ་ནི། །དཔལ་ཆེན་སྡོམ་པ་ཧེ་རུ་ཀའི། །ཕྲིན་ལས་ངོ་བོ་ཞིང་སྐྱོང་ཆེ། །ལྷ་བཙན་རྔམ་ཆེན་སྤྱི་རིང་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །རྟ་དཀར་ཆིབས་ཤིང་བེར་དཀར་གསོལ། །གཡས་ན་དར་དཀར་བ་དན་དང་། །གཡོན་པས་ཡིད་བཞིན་ནོར་བུ་བསྣམས། །དབུ་ལ་རིན་ཆེན་སྲོག་ཞུ་དང་། །ཞབས་ལ་སག་ཏིའི་ལྷྭམ་ཆེན་གསོལ། །འཁོར་གསུམ་སྐེད་བཅིངས་རབ་ཏུ་བརྗིད། །བཙུན་མོ་སྲས་དང་བློན་པོ་དང་། །དམག་དཔོན་སྒོ་སྲུང་ལས་བྱེད་དང་། །མཁའ་འགྲོ་མ་མོ་གིང་ལ་སོགས། །འཁོར་ཚོགས་རྒྱ་མཚོར་བཅས་ལ་བསྟོད། །མངའ་གསོལ་སྤྲོ་ན། གསེར་སྐྱེམས་དཀར་ཕུད་


LT40_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབྲུ་གསུམ་དང་། ཨ་ཀཱ་རོས་བྱིན་བརླབ། ཧཱུྃ། རྣལ་འབྱོར་དད་མོས་གདུང་བའི་ཤུགས་ཆེན་པོས། །རབ་སྦྱར་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །པདྨ་ཐོད་ཕྲེང་གྲུབ་ཐོབ་རྒྱ་མཚོའི་ཚོགས། །ཧེ་རུ་ཀ་དཔལ་རྒྱུད་སྡེ་བཞི་དྲུག་ལྷ། །རྡོ་རྗེ་ཕག་མོ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་མངའ་གསོལ་ལོ། །གནས་ཡུལ་ཞིང་ཁམས་མཐའ་དག་སྐྱོང་མཛད་པའི། །ཉེ་མགོན་གཟི་ལྡན་ལེགས་གྲུབ་རྡོ་རྗེ་རྩལ། །ཡབ་ཡུམ་སྲས་དང་སྡེ་བརྒྱད་དཔུང་གི་ཚོགས། །མཐུ་སྟོབས་དྲག་རྩལ་ལྡན་རྣམས་མངའ་གསོལ་ལོ། །ལྷ་དབང་ཀླུ་བདག་ལངྐའི་རྒྱལ་པོ་སོགས། །སྲིད་གསུམ་དབང་སྒྱུར་ཀུན་གྱིས་མདུན་བདར་ནས། །མཆོད་སྤྲིན་རྒྱ་མཚོས་སྲིད་ཞུར་བཅས་མཆོད་དེ། །ཞིང་སྐྱོང་ལྷ་བཙན་ཆེན་པོ་མངའ་གསོལ་ལོ། །རྣམ་པར་རྒྱལ་བའི་ཁང་བརྩེགས་ལས་རྒྱལ་བའི། །རིན་ཆེན་ཤེལ་གྱི་སྐུ་མཁར་ཟླ་བའི་མདངས། །བ་གམ་ནོར་བུའི་འོད་ཚོགས་རབ་རྒྱས་པས། །ཞིང་ཁམས་རྒྱ་མཚོའི་གོ་སྐབས་ཡང་དག་འཕྲོག །རྩ་བ་ཡིད་བཞིན་འབྱུང་གནས་ཡིད་བཞིན་གྱིས། །བར་མེད་རབ་རྫོགས་སྐེད་སྐབས་མཚོན་ལྔས་མཛེས། །ཛམྦུ་ནཱ་དའི་རྒྱ་ཕུབ་ཆེས་འབར་བའི། །རྩེ་མོ་རིན་ཆེན་ཆར་འབེབས་ཆུ་འཛིན་དཀྲིགས། །


LT40_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་ཆོ་འཕྲུལ་ལས་བྱུང་བཞིན། །བཀོད་པའི་ཁྱད་པར་ཤིན་ཏུ་རྒྱ་ཆེ་བའི། །ཕོ་བྲང་སྲིད་རྩེའི་དགུང་ན་མངོན་མཐོའི་རྩེར། །ཡིད་བཞིན་རྒྱལ་མཚན་གསལ་བས་མངའ་གསོལ་ལོ། །དཔག་ཡས་ཞིང་གི་རྡུལ་སྙེད་རབ་འབྱམས་ཞིང་། །སྐད་ཅིག་ཉུལ་བའི་འགྲོས་ལྡན་ལྷ་རྟ་དཀར། །རྒྱུ་སྐར་བདག་པོའི་དྲེགས་འཇོམས་རྒྱན་ལྡན་པ། །ལྷ་ཆེན་ཆིབས་ཀྱི་དམ་པར་མངའ་གསོལ་ལོ། །ཀ་ཙ་ལིནྡའི་བེར་ཆེན་སུམ་བརྩེགས་པ། །བཀྲ་ཤིས་རེ་ཁཱ་གསེར་གྱི་པ་ཏྲ་འཁྱུགས། །འཇམ་མཉེན་རེག་བྱའི་ཁྱད་པར་རྨད་བྱུང་བའི། །རབ་མཛེས་ལྷ་ཡི་ན་བཟས་མངའ་གསོལ་ལོ། །བཻ་ཌཱུའི་ཕྲ་ལྡན་གསེར་གྱི་སྐེ་རགས་འབར། །ག་པུར་དོ་ཤལ་རིན་ཆེན་སེ་མ་དོ། །མུ་ཏིག་འབྲས་ཆགས་ནོར་བུའི་སྙན་ཆ་སོགས། །མཛེས་བྱེད་རྒྱན་གྱི་དམ་པར་མངའ་གསོལ་ལོ། །གསེར་པད་གཡུ་ཡི་ཡལ་འདབ་མཛེས་པའི་ཁོང་། །རྣམ་མང་འོད་ཀྱི་གེ་སར་རབ་རྒྱས་པ། །སྤེལ་ལེགས་ཕྲེང་བ་བསྟར་བའི་ཅོད་པན་འདི། །སྐྲ་མཚམས་མཛེས་པའི་རྒྱན་ཏུ་མངའ་གསོལ་ལོ། །འཇམ་མཉེན་ཀཱ་ཤི་ཀཱ་ཡི་གོས་བཟང་དང་། །ལྷ་ཀླུ་མི་ཡི་ནོར་བུ་མཆོག་གི་རྒྱན། །སག་ཏིའི་ལྷམ་ཆེན་འཇའ་རིས་འཁྱུག་པ་ཡིས། །ལྷ་བཙན་སྐུ་ཡི་རྒྱན་ཏུ་མངའ་གསོལ་ལོ། །ཐོག་ལྟར་འབིགས་བྱེད་ཉག་ཕྲན་


LT40_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་དང་། །རབ་སྦྱང་སྲ་ཞིང་བརྟན་པའི་མཆོག་དཀར་གཞུ། །བསམ་ཆོད་རྣོ་ངར་འབར་བའི་རལ་གྲི་ཡིས། །ཕས་རྒོལ་ཐལ་བར་བརླག་ཕྱིར་མངའ༴ །དར་དཀར་བ་དན་སྲིད་པའི་རྩེ་མོར་བསྙེགས། །ཡིད་བཞིན་ནོར་བུས་དགོས་འདོད་ཆར་དུ་འབེབས། །དབུ་འཕང་བསྟོད་ཅིང་དངོས་གྲུབ་སྩོལ་བའི་བརྡའ། །ཕྱག་གི་པདྨོ་མཛེས་ཕྱིར་མངའ༴ །དར་ཟབ་སྤྱན་གཟིགས་མང་པོས་ས་བླའི་ཁོངས། །བརྒྱ་བྱིན་གཞུ་ཡི་དྲྭ་བས་མཛེས་བྱས་ཤིང་། །སྙན་བརྗིད་དཔའ་བོའི་ཉམས་ལྡན་འབོད་པའི་དབྱངས། །སྣ་ཚོགས་རོལ་མོར་བཅས་པས་མངའ༴ །གཙང་མའི་ཞལ་ཟས་ལ་སོགས་འདོད་ཡོན་ལྔ། །ལྷ་ཀླུ་མི་དང་གནོད་སྦྱིན་ཐམས་ཅད་ཀྱི། །དཀོར་ནོར་མ་ཚང་མེད་སྤུངས་ནོར་འཛིན་མའི། །འཕང་པ་རབ་གང་འདོད་དགུས་མངའ༴ །དཀོན་མཆོག་སྐྱབས་ཀྱི་དམ་པར་སྐྱབས་སོང་མགྲོན། །དཀར་ཕྱོགས་ལྷ་དང་གདེངས་ཅན་འབྱུང་པོའི་ཚོགས། །བསྟན་ལ་རབ་དགའ་མཐུ་རྩལ་རྨད་བྱུང་བ། །ཀུན་གྱི་རྗེ་བོར་དེང་བདག་གཟེངས་བསྟོད་དོ། །ཁྱད་པར་དཔལ་གྱི་སྤྲུལ་པ་པདྨའི་ལུང་། །ཇི་བཞིན་མནོས་པའི་བཀའ་ལས་མི་འདའ་བར། །གཏེར་བདག་གནས་བདག་དཀོར་བདག་ཐམས་ཅད་ཀྱི། །ཚོགས་བདག་ཚོགས་ཀྱི་རྗེ་བོར་གཟེངས་བསྟོད་དོ། །རྣལ་འབྱོར་བདག་གི་


LT40_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་སྐྱབས་དཔུང་གཉེན་ཏུ། །རྩ་གསུམ་ཞིང་སྐྱོང་འཁོར་བཅས་མངའ་གསོལ་ན། །མཆོག་ཐུན་དངོས་གྲུབ་དབྱིག་གི་ཕུང་པོ་ཡིས། །རེ་བའི་ཤིང་རྟ་ཡངས་སུ་འགེངས་པར་མཛོད། །འབྲང་རྒྱས་བསངས་སྦྱང་། སྟོང་པའི་ངང་ལས་ཨཱཿལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བ། ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། རྣམ་པ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ། བྱེད་ལས་དབང་པོ་དྲུག་གི་ཡུལ་དུ་ཟག་མེད་ཀྱི་བདེ་བ་སྐྱེད་ནུས་པར་གྱུར། ཨ་ཀཱ་རོས་བྱིན་བརླབ། ཨོཾ་ཕྱི་མཆོད་ནམ་མཁའི་སྣོད་དུ་སྲིད་གསུམ་བཤམ། །ཨཱཿནང་མཆོད་ཐབས་ཤེས་དྭང་མར་འཁོར་འདས་བསྟིམས། །ཧཱུྃ་གསང་མཆོད་བདེ་སྟོང་སྦུབས་སུ་འཇའ་གུར་སྦར། །མ་ལུས་ཞེན་འཛིན་དག་པའི་རྫོགས་པ་ཆེར། །འཁོར་གསུམ་དམིགས་མཐའ་བྲལ་བར་མཆོད་པ་འབུལ། །འཇིག་རྟེན་ཕྱི་ཡི་འདོད་ཡོན་སྤྲིན་ལྟར་གཏིབས། །ཁྱད་པར་ནང་གི་བདུད་རྩི་སྦྱང་རྟོགས་སྦར། །བདེ་ཆེན་གསང་བའི་དགའ་བཞི་འཛག་མེད་བཅིངས། །དཔལ་ལྡན་ཞིང་སྐྱོར་ལྷ་བཙན་ཆེན་པོ་ནི། །འཁོར་དང་བཅས་པ་མཉེས་བྱེད་དམ་ཚིག་རྫས། །འབུལ་ལོ་དགྱེས་བཞེས་ཐུགས་དམ་གཉན་བསྐངས་ལ། །བསམ་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་མཛོད། །བསྐང་བ་ནི། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཧཱུྃ་


LT40_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱྃ་ཧྲཱིཿཨཱཿགསུམ། ཨོཾ་ལས་འདོད་པའི་ཡོན་ཏན་ལྔ། །བྷྲཱུྃ་ལས་རིན་ཆེན་གཞལ་ཡས་ཁང་། །ཏྲཱྃ་ལས་སྣ་ཚོགས་རཏྣའི་སྣོད། །ཧྲཱིཿལས་གསུང་དབྱངས་དྲུག་ཅུ་སྟེ། །ཨཱཿལས་ཅི་འདོད་ཕུན་ཚོགས་གྱུར། ཧཱུྃ། སྒྱུ་འཕྲུལ་དབྱིངས་ལས་ཤར་བ་ཡི། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན། །རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །རྒྱ་ཆེར་སྤེལ་ཞིང་བྱིན་བརླབས་པ། །མཁའ་དབྱིངས་ཁྱབ་པར་གང་བ་འདིས། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །རྗེ་འབངས་ཉེར་ལྔ་རིག་འཛིན་ཚོགས། །བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས། །རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ། །རྒྱུད་སྡེ་བཞི་དང་ཐེག་རིམ་དགུའི། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །རི་རབ་སོ་གཉིས་རྡུལ་མཉམ་ཞིང་། །ཞི་རྒྱས་དབང་དྲག་ལས་སྒྲུབ་པ། །དཔང་པོ་མཁའ་འགྲོའི་ཐུགས༴ །དཔལ་ལྡན་ཞིང་སྐྱོང་དབང་པོ་དང་། །ཡུམ་ཆེན་སི་ན་ར་མ་དང་། །བམ་རོ་ཕོ་མོ་སྡེ་བརྒྱད་ཚོགས། །འཁོར་ཚོགས་སྤྲུལ་པའི་ཐུགས༴ །ཞིང་སྐྱོང་ལྷ་བཙན་ཆེན་པོ་ནི། །རྔམ་ཆེན་སྤྱི་རེད་ཡུམ་དང་བཅས། །ཕྱི་


LT40_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བཀའ་ཡི་བློན་པོའི་ཚོགས། །སྦོ་སྲུང་ཆེན་པོ་ཕྱི་ནང་བརྒྱད། །ལྷ་ཀླུ་གཉན་བདུད་བཙན་གྱི་དམག །སྨན་བཅུན་སྨན་ཕྲན་འབུམ་ཕྲག་སོགས། །རི་དབང་རྒྱལ་པོ་ཆེན་པོ་བཞི། །སྡེ་དང་འཁོར་དུ་གཏོགས་པ་ཡི། །སྲུང་མ་གཉན་པོའི་ཐུགས༴ །རོང་བཙན་ཁ་བ་དཀར་པོ་ཡི། །གནས་དང་སྒྲུབ་ཕུག་གཏེར་ཁ་དང་། །རི་བྲག་ཆུ་ཤིང་ལ་གནས་པའི། །བླ་མ་ཡི་དམ་མཁའ་འགྲོ་མ། །བཀའ་སྲུང་གཏེར་སྲུང་གཞི་ཡི་བདག །ས་བདག་ཡུལ་བདག་གཉན་པོ་རྣམས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་གྱུར་ལ་སོགས། །ཐུགས་དང་འགལ་བ་གང་མཆིས་བཤགས། །ཉེས་པའི་ཚོགས་རྣམས་བཟོད་པར་གསོལ། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱིར། །བསྟན་འཛིན་དབུ་འཕང་དགུང་དུ་བསྟོད། །སྙན་གྲགས་ནམ་མཁའི་འབྲུག་ལྟར་སྒྲོགས། །རིགས་བརྒྱུད་ཆུ་བོའི་རྒྱུན་ལྟར་སྤེལ། །དགོས་འདོད་དཔག་བསམ་ཤིང་ལྟར་སྩོལ། །མི་འགྱུར་ཚེ་ཡི་ཀ་བ་ཚུགས། །བསོད་ནམས་དབང་ཐང་མཚོ་ལྟར་བསྐྱིལ། །འགལ་རྐྱེན་ཐལ་བའི་རྡུལ་བཞིན་རློག །མཐུན་རྐྱེན་སྤྲིན་ཕུང་བཞིན་ཏུ་གཏིབས། །ལུས་དང་གྲིབ་མ་བཞིན་ཏུ་འགྲོགས། །མདོར་ན་ཡིད་ལ་འདོད་པའི་


LT40_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །ཐོགས་པ་མེད་པར་འགྲུབ་པར་མཛོད། །གསོལ་མཆོད་རྐྱང་བའི་སྐབས་འདི་མཚམས་ཕྲིན་ལས་བཅོལ་བ་ལ་འཇུག་སྟེ། མཐར་དབྱུང་བས་འཐུས་སོ། ༈ །དེ་ནས་གཡང་སྐྱབས་བྱེད་པར་སྤྲོ་ན། བཅའ་གཞི་གོང་ལྟར་ལ་དོ་གལ་བྱེད་ན་མདའ་དར་དཀར་པོ་ལ། ར་དཀར་འོ་མ་མཚལ་དང་སྦྱར་བས་འོག་ནས་འབྱུང་བའི་སྔགས་ཤམ་བདག་གམ་ཡོན་བདག་འདི་ལ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་སའི་ལྷ་མོ་དང་གཞི་བདག་ཕོ་མོ་ལ་སོགས་པ་ཐམས་ཅད་ཀྱིས་མྱུར་དུ་སྩོལ་ཅིག །ཅེས་བྲི། གཡག་ལུག་ར་གསུམ། ཕྱེ་མར་ཆང་ཕུད། བསངས་བརྔན་གྱི་རྫས་རྣམས་སྤྱི་ལྟར་རྒྱས་པར་བཤམ། གཡང་རྫས་སྤྱི་མཐུན་དང་གཏེར་བུམ་སོགས་ཀྱང་འདུ་བྱ། སྒྲུབ་བ་པོས་ཤ་ཆང་སྒོག་བཙོང་སྤང་། ཁྲུས་དང་གཙང་སྦྲ་དང་ལྡན་པས། ལས་བྱང་བསྐང་བ་ཡན་གྲུབ་མཚམས། སྐད་ཅིག་གིས་རང་ཉིད་པད་འབྱུང་ནོར་ལྷའི་ཆ་བྱད་ཅན་ཏུ་གསལ་བའི་མདུན་ཏུ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་གསེར་མདོག་ནོར་བུ་གཏེར་བུམ་ནེའུ་ལེ་བསྣམས་ཤིང་རིན་པོ་ཆེའི་ཆར་འབེབས་པ། ས་གཞིར་རཏྣའི་ཕོ་བྲང་འོད་འབར་བའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སའི་ལྷ་མོ་བརྟན་མ་སེར་མོ་ཕྱག་ན་ཟས་ནོར་ལོངས་སྤྱོད་ཀྱིས་བཀང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་མདུན་ཏུ་ཞིང་སྐྱོང་ལྷ་བཙན་ཆེན་པོ། འདབ་མ་རྣམས་ལ་གཞི་བདག་ཡུལ་ལྷ་ས་བདག་ཀླུ་


LT40_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་གྱིས་བསྐོར་བ། ཐམས་ཅད་ཀྱང་གསེར་མདོག་བརྗིད་བག་དང་ལྡན་པ། གཡས་ན་དར་མདུང་ལ་སོགས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་པ་རྣམས་གཏེར་བུམ་ནོར་བུས་མཚན་པ་བསྣམས་ཤིང་མཚན་ཁུང་དུ་ནེའུ་ལེའི་རྐྱལ་བ་བཅུག་པ། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་དགོས་འདོད་ཀྱི་ཆར་པ་འབེབས་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་སྤྱན་དྲངས། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿདེ་ནས་དབྱངས་སྙན་རོལ་མོ་བཅས་ཏེ་འདི་སྐད་དོ། ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི། །འཇིག་རྟེན་དབང་ཕྱུག་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། ཁ་བ་ཅན་འདིར་བསྟན་པ་དར་རྒྱས་མཛད། །ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་མཉེན་གཅིག་པོ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ཁྱེད་དུས་འདིར་དྲན། །རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་ནས། །སྤྱན་འདྲེན་གཤེགས་གསོལ་བྱིན་རློབས་དབང་སྐུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་


LT40_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། བདག་མདུན་ཐ་མི་དད་པའི་ཐུགས་ཀའི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས། འབྱུང་བ་ས་ཆུ་མེ་རླུང་གི་བཅུད་རྣམས་དང་། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཡིག་འབྲུ་གསུམ་གྱི་རྣམ་པ་དང་། སྐྱེ་འགྲོའི་ཤེས་རྒྱུད་ཐམས་ཅད་གསལ་སྟོང་འཇའ་ཟེར་གྱི་རང་བཞིན་ལས། བཀྲ་ཤིས་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད། རྒྱལ་སྲིད་སྣ་བདུན་ལ་སོགས་པའི་རྣམ་པར་བྱོན་པ་དང་། བསམ་གཏན་བཞིའི་གནས་མན་ཆད་ནས། ལོངས་སྤྱོད་ཚེ་དང་ཕྱ་གཡང་ཐམས་ཅད་གནས་འདིར་སིབ་སིབ་བབ་པས། བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོའི་ཚེ་ཉམས་པ་ཚེ་གསོས། བསོད་ནམས་ཉམས་པ་དར་ཞིང་རྒྱས། སྟོབས་དང་མངའ་ཐང་ཐམས་ཅད་སླར་ཡང་དར་ཞིང་རྒྱས་པར་མོས་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧྲཱིཿམ་ཧ་རི་ས་ར་ཙ་ཧྲི་ཡ་ལོ་ཀ་པཱ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་ཅི་རིགས་བཟླས། རང་གི་ཐུགས་ཀའི་འོད་ཟེར་རྩ་བ་གསུམ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ལས་འོད་ཟེར་འཕྲོས། སའི་ལྷ་མོ་ཞིང་སྐྱོང་གཞི་བདག་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་བཅའ་དྲན་ཏེ་རང་གི་བཀའ་ཉན་གུས་སྡོད་བྱེད་ཅིང་། འཇིག་


LT40_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་བསྡུས་ནས་བདག་དང་སྦྱིན་བདག་ལ་སྟེར་བར་བསམ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་བཛྲ་ཨ་ཀ་ར་ཙ་ར་ཊ་དྷཱ་ཀི་ནཱི། སརྦ་དེ་ཝ་པ་ཡ། ཡ་ཏི་པང་ཀོང་ཛ། ཨོཾ་ནཱ་ག་ཀཱ་ལ་ཧཱུྃ། ནཱ་ག་ལེ་ལེ། ནཱ་ག་རཱ་ཙ་བྷཱུ་མི་པ་ཏི། དྷེ་ཝ་ལོ་ཀ་ཏ་ར་བུམ་པ་ཏི། སིདྡྷི་བྷ་སུ་པུཥྚི༚་ཀུ་རུ་ས་མ་ཡ་ཧཱུྃ་ཛཿཞེས་བཟླས་པའི་དངོས་གཞི་འདི་ལ་ནན་ཏན་བྱས་པས། བོན་པོ་དང་། སྐྱེས་པ་དང་། བུད་མེད་དར་མ་ཆས་བཟང་ཅན་འདུ་བ་དང་། རྟ་པ་དང་། བྱིས་པ་ཟུར་ཕུད་ཅན་ལ་སོགས་པ་མང་པོ་རང་ལ་འདུ་ཞིང་རང་ལ་ཟས་ནོར་ལོངས་སྤྱོད་སྟེར་འབུལ་བྱེད་པ་ལ་སོགས་པ་དངོས་གྲུབ་ཀྱི་ལྟས་མང་པོ་འབྱུང་ངོ། །བཟླས་པའི་མཇུག་ཏུ་གསེར་སྐྱེམས་སོགས་མཆོད་པ་བཤམ་ལ། ཀྱེ། སྟོང་གསུམ་འཇིག་རྟེན་ཁམས་རྣམས་ལ། །གནས་ཤིང་བརྟེན་བཅས་ས་བདག་ཀླུ། །ལྷ་མོ་བརྟན་མས་གཙོ་བྱས་པའི། །ལྷ་ཀླུ་དགེ་བསྙེན་ས་བདག་དང་། །ཡུལ་ལྷ་གཞི་བདག་མ་ལུས་པ། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱིས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །ཁྱེད་རྣམས་རྫུ་འཕྲུལ་སྟོབས་དང་ལྡན། །རྒྱ་མཚོ་ཆུ་ཀླུང་རི་བྲག་ནགས། །ས་དང་བར་སྣང་ཀུན་གྱི་བདག །ལེགས་ཉེས་གཉིས་ཀྱི་ཤན་འབྱེད་ཅིང་། །འགྲོ་བ་མི་དང་


LT40_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་གནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དཀར་གསུམ་རྫས་ཀྱི་མཆོད་པ་འབུལ། །མངར་གསུམ་རྫས་ཀྱི་མཆོད་པ་འབུལ། །རང་རང་དགྱེས་པའི་མཆོད་པ་འབུལ། །ཁྱད་པར་ཡུལ་བདག་གཉན་དང་ཀླུ། །ཡུལ་ལྷ་ཆེ་གེ་མོ་ས་བདག་འཁོར་དང་བཅས། །འདིར་གཤེགས་དཀར་མངར་མཆོད་པ་བཞེས། །འབྲས་དཀར་གཡག་ལུག་ར་གསུམ་འབུལ། །སྙུག་རྒོད་དར་སྣ་རིན་ཆེན་འབུལ། །གསེར་གཡུ་མདའ་དར་དར་ཚོན་འབུལ། །ཕྱེ་མར་ཆང་ཕུད་འབྲུ་སྣ་འབུལ། །མཁན་ཤུག་སུར་དཀར་བསངས་དུད་འབུལ། །གཞི་བདག་ཁྱེད་རྣམས་སྤྱན་སྔ་རུ། །ཅི་འདོད་མཁོ་དགུར་ལྡན་གྱུར་ཅིག །ཁྱོད་ཀྱི་འདོད་པ་ཚིམ་ནས་ཀྱང་། །བདག་གིས་འདོད་པའི་དོན་རྣམས་སྒྲུབ། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དཀར་གཏོར་རམ་འབྲང་རྒྱས་བཤམ། ཨ་ཀཱ་རོས་འདོད་པའི་ཡོན་ཏན་ཏུ་བྱིན་རླབས། སརྦ་ལོ་ཀ་ཏ་ར་བྷཱུ་མི་པ་ཏི་ཀྵེ་ཏྲ་པཱ་ལ་ས་པ་རི་བཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ལན་གསུམ་གྱིས་ཕུལ། ས་བདག་གཞི་བདག་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་སྦྱིན་བདག་ལ་ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ་ཅིག །མྱུར་དུ་ཕོབ་ཅིག །ཟས་ནོར་ལོངས་སྤྱོད་ཀྱི་དངོས་


LT40_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། སྒྲུབ་པ་བྱེད་ན་དངོས་གཞི་འདི་ལ་ཚར་གྲངས་གང་ཐོན་དང་། སྐབས་སུ་བསངས་མཆོད་རྒྱས་པར་བྱ། མཐང་གོང་གི་སྔགས་ཤམ་དུ། ཡ་རི་པཾ་ཀང་ཙ་བྷ་སུ་སིདྡྷི་བསྡུས་བསྡུས་བུམ་པ་ཏི་གྷུ་ལ་སིདྡྷི་རཏྣ་བྷ་སུ་སིདྡྷི། ས་མ་ཡ། སྡུས་སྡུས་སྭཱ་ཧཱ། ཅེས་མང་དུ་བཟླས་ལ་མདའ་དར་གཡབ་ཅིང་གཡང་འགུགས་པ་ནི། ཧཱུྃ་ཧྲཱིཿགུ་རུ་པདྨའི་སྐུ་ལས་འོད་འཕྲོས་པས། །རྡོ་རྗེ་མཁའ་འགྲོས་ལྷ་རྣམས་དབང་དུ་བསྡུས། །རིན་ཆེན་མཁའ་འགྲོས་ཡེ་ཤེས་དབང་དུ་བསྡུས། །པདྨ་མཁའ་འགྲོས་ཀླུ་རྣམས་དབང་དུ་བསྡུས། །ལས་ཀྱི་མཁའ་འགྲོས་མི་རྣམས་དབང་དུ་བསྡུས། །སྣ་ཚོགས་མཁའ་འགྲོས་ལྷ་མིན་དབང་དུ་བསྡུས། །མ་ཚོགས་ཤུགས་འགྲོས་སྐྱེ་འགྲོ་དབང་དུ་བསྡུས། །ཕྱི་ནང་གསང་བའི་ཕྱ་གཡང་འདིར་བྱོན་ཅིག །ཧཱུྃ། རྣམ་ཐོས་སྲས་དང་འཛམ་ལྷ་ནོར་རྒྱུན་མ། །དུས་གསུམ་བདེ་གཤེགས་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་དམ་ཅན་གཞི་བདག་སོགས། །དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐམས་ཅད་ཀྱིས། །ཕྱོགས་བཞི་མཚམས་བརྒྱད་ཕྱ་གཡང་འདིར་ཁུག་ཅིག །ཧཱུྃ། དག་མདུན་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས། །སྟེང་འོག་བར་གསུམ་ལྷ་ཀླུ་མི་རྣམས་ཀྱི། །ལོངས་སྤྱོད་མངའ་ཐང་སྙན་གྲགས་མི་ནོར་རྫས། །དར་དཀར་གཡབ་ཅིང་ཀླད་ནས་སྤྱན་


LT40_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ན། །ཐོགས་པ་མེད་པར་ཕྱ་གཡང་འདིར་ཁུག་ཅིག །ཧཱུྃ། གུ་རུའི་རྣམ་འཕྲུལ་མཁའ་འགྲོ་ནོར་ལྷའི་ཚོགས། །སྤྲུལ་པ་ཡབ་སྤྲུལ་ཉིད་སྤྲུལ་བསམ་མི་ཁྱབ། །ཇོ་བོ་དཀོན་མཆོག་གསུམ་གྱིས་བྱིན་རླབས་དང་། །རིག་འཛིན་གྲུབ་ཐོབ་རྣམས་ཀྱི་ཐུགས་རྗེ་དང་། །ཞི་རྒྱས་དབང་དྲག་ཕྱྭ་གཡང་འདིར་ཁུག་ཅིག །ཧཱུྃ། ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལེན་མ། །ཉི་ཟླ་བཞིན་ཏུ་ཤར་ཞིང་བྱོན། །ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་། །ལྷོ་སྤྲིན་བཞིན་ཏུ་འཐིབས་ཤིང་བྱོན། །ནུབ་ཀྱི་ཕྱོགས་ནས་ཕྱ་དང་གཡང་། །ཆུ་བོ་བཞིན་ཏུ་འབབས་ཤིང་བྱོན། །བྱང་གི་ཕྱོགས་ནས་ཕྱ་དང་གཡང་། །སྐྱི་སེར་བཞིན་ཏུ་འགྲིམས་ཤིང་བྱོན། །སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་། །སྦྲང་ཆར་བཞིན་ཏུ་འབབ་ཅིང་བྱོན། །འོག་གི་ཕྱོགས་ནས་ཕྱྭ་དང་གཡང་། །ལོ་ཏོག་བཞིན་ཏུ་སྨིན་ཞིང་བྱོན། །ཁུ་ཡེ་པུཥྚི༚་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། །འཇམ་དཔལ་གཞོན་ནུའི་ཤེས་རབ་དང་། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །བླ་མེད་དཀོན་མཆོག་གསུམ་གྱིས་བྱིན་རླབས་ཀྱིས། །ཕྱ་གཡང་ཐམས་ཅད་འདིར་ཁུག་ཅིག །སངས་རྒྱས་སྟོང་རྩའི་བྱིན་རླབས་དང་། །དམ་པ་རིགས་བརྒྱའི་བྱིན་རླབས་དང་། །གནས་བརྟན་བཅུ་དྲུག་བྱིན་རླབས་དང་། །ཉེ་བའི་སྲས་བརྒྱད་བྱིན་རླབས་དང་། །


LT40_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་དྲུག་གི་བྱིན༴ །རྒྱལ་བ་རིགས་ལྔའི་བྱིན༴ །རིགས་གསུམ་མགོན་པོའི་བྱིན༴ །བདེ་མཆོག་ཡབ་ཡུམ་བྱིན་རླབས་དང་། །རང་བྱུང་པདྨའི་བྱིན་རླབས་ཀྱིས། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །སྲིད་པའི་རྩེ་མོ་མན་ཆད་དང་། །ན་རཀ་དུཿཁ་ཡན་ཆད་ཀྱིས། །ཕྱ་གཡང་ཐམས་ཅད་འདིར་ཁུག་ཅིག །མདོར་ན་གླིང་བཞི་གླིང་ཕྲན་བརྒྱད། །རྒྱ་གར་རྒྱ་ནག་ཧོར་དང་འཇང་། །བལ་ཡུལ་ཏི་ཙེ་མདོ་ཁམས་ཀྱི། །ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག །དར་པོའི་དར་གཡང་འདིར་ཁུག་ཅིག །ཕྱུག་པོོའི་ཕྱུག་གཡང་འདིར་ཁུག་ཅིག །བཙན་པོའི་བཙན་གཡང་འདིར་ཁུག་ཅིག །གཉན་པོའི་གཉན་གཡང་འདིར་ཁུག་ཅིག །རི་བོའི་རྩེ་ནས་ཕྱ་གཡང་ཁུག །རྒྱ་མཚོའི་གཏིང་ནས་ཕྱྭ་གཡང་ཁུག །མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག །རྟ་ཕྱུགས་སྦུ་ནག་ཕྱྭ་གཡང་ཁུག །ལོ་ཏོག་འབྲས་དྲུག་ཕྱ་གཡང་ཁུག །ད་ལྟ་ཉིད་དུ་འདིར་འདུས་ཤིག །མྱུར་བ་ཉིད་དུ་འདིར་འདུས་ཤིག །གནས་ཁང་འདི་ལ་བྱིན་ཕོབ་ཅིག །གཡང་རྫས་འདི་ལ་བཅུད་ཕོབ་ཅིག །མངའ་དར་འདི་ལ་འོད་ཟུག་ཅིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག །ཅེས་ཚང་གྲངས་གྱེར་ལ་གྲོལ་ཉིན་དངོས་གྲུབ་ལེན་པ་ནི། ཧཱུྃ། བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །


LT40_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གུ་རུ་པདྨ་འོད་འབར་གྱི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་ནི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འགག་མེད་གསུང་གི་དངོས་གྲུབ་སྩོལ༴ །འཁྲུལ་མེད་ཐུགས་ཀྱི་དངོས༴ །ཡོན་ཏན་རེ་སྐོང་དངོས༴ །ཕྲིན་ལས་འགྲོ་འདུལ་དངོས༴ །འཆི་མེད་ཚེ་ཡི་དངོས༴ །ཐུན་མོང་ཡིད་བཞིན་དངོས༴ །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ཅེས་བརྗོད་ལ་གཡང་རྫས་རྣམས་རང་དང་སྦྱིན་བདག་གིས་རོལ་པའམ། གཡང་གཏད་བྱེད་ན་གཡང་རྫས་ཀྱི་ཕུད་རོལ་ནས་ལྷག་མ་སྦྱིན་བདག་ལ་གཏད་དེ་བཀྲ་ཤིས་རྒྱས་པར་བརྗོད། གཡང་རྫས་རྣམས་ཕྱི་རོལ་དུ་མི་འཁྱར་བ་དང་ལྷག་པར་མདའ་དར་དཀར་པོ་རས་དཀར་སོགས་ཀྱིས་བསྟུམས་ལ་མཛོད་སྦུགས་སུ་རྟེན་ཏུ་བཅངས་ཤིང་ལོ་དུས་སུ་བསྒྲུབ་པ་བསྐྱར་བ་གནད་ཆེའོ། །ཡང་ལས་བྱང་འདི་ལ་བརྟེན་ནས་བཟློག་པ་བྱེད་པར་འདོད་ན། དམར་གཏོར་བཤམ་ལ། ཧཱུྃ། ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ། །རིག་འཛིན་ཡི་དམ་ཌཱ་ཀི་ཆོས་སྐྱོང་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ལ། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ཞིང་སྐྱོང་ལྷ་


LT40_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཡབ་ཡུམ་སྲས་དང་འཁོར། །སྡེ་བརྒྱད་གདུག་པའི་དམག་དཔུང་བཅས་པ་རྣམས། །དྲག་པོའི་ལས་ལ་མྱུར་དུ་སྐུ་བཞེངས་ལ། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ཤིག །ཧཱུྃ། ད་ལྟ་དུས་ངན་སྙིགས་མའི་སེམས་ཅན་རྣམས། །ཐར་པ་བསྒྲུབ་ཀྱང་བར་ཆད་དབང་བཙན་ནས། །ཐུགས་རྗེ་མྱུར་མགྱོགས་བྱིན་རླབས་དུས་ལ་བབ། །འཕྲལ་རྐྱེན་ངན་པའི་བར་ཆད་ཐམས་ཅད་ཟློག །དུས་མིན་འཆི་བའི་དབང་དུ་མི་བཏང་བར། །ཚེ་སྲོག་དབང་ཐང་ཉམས་པ་གསོ་རུ་གསོལ། །གྲུབ་མཆོག་བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །ཁྱད་པར་དྲག་པོ་མཐུ་ཡི་དངོས་གྲུབ་ཞུ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། །ཤ་ཁྲག་གིས་སྤགས་པའི་ལིངྒ་མདུན་ཏུ་བཤམས་ལ། མདུན་ཏུ་ཨེ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་གཤིན་རྗེའི་བཙོན་ར་ལྟ་བུའི་ནང་དུ་ནྀྲ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་ཉམ་ཐག་པའི་ལུས་ཅན་དངོས་སུ་གསལ་བར་གྱུར། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ །ཆོས་ཀྱི༴ །དགེ་འདུན་གྱི༴ །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་རྣམས་ཀྱི༴ །མཁའ་འགྲོ་དམ་ཅན་རྒྱ་མཚོའི༴ ཁྱད་པར་དུའང་ཞིང་སྐྱོང་ལྷ་བཙན་གཉན་པོ་སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་


LT40_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐུས་བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་དང་བཅས་པ་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཟ་བར་བྱེད་པའི་འདྲེ། ཕུང་བར་བྱེད་པའི་སྲི། བར་དུ་གཅོད་པའི་རྐྱེན། མདོར་ན་གནོད་པར་བྱེད་ཅིང་བར་དུ་གཅོད་པར་གང་ཡིན་པ་ཐམས་ཅད་སྐད་ཅིག་ཉིད་ལ་གཟུགས་ལིངྒ་འདི་ལ་ཁུག་ཅིག །ལན་གསུམ། བྱ་རོག་དང་འུག་པའི་སྒྲོས་དབྱེ་ཞིང་ཐུན་རྡེག་ལ། བྷྱོ། ཕྱག་བརྙན་ཆེན་མོའི་དུས་ལ་བབ། །དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །འགོ་བའི་ལྷ་དང་བྲལ་བར་གྱིས། བྷྷྱོ། རླུང་ལྷའི་བུ་མོ་དྲག་རྩལ་ཅན། །དམ་ཉམས་དགྲ་བོ་ལས་ངན་འདིའི། །རླུང་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །དམ་ཉམས་ལྷ་དང་ཕྲལ་བར་གྱིས། །མ་མ་ཏྲག་རུ་ཏྲ་མཱ་ར་ཡ་ཕྱེ་ཕྱེ། ཨ་ནྀྲ་ཏྲག་རཀྴ་མ་ར་ཡ་ཕྱེ་ཕྱེ། ཕུར་བུས་གདབ་ལ། ཧཱུྃ། རྡོ་རྗེ་ཕུར་བུ་ཀི་ལ་ཡ། །སྟོད་ནི་ཁྲོ་ཆེན་རྔམས་པའི་ཞལ། །སྐུ་སྨད་གནམ་ལྕགས་ཕུར་བུ་འདྲིལ། །དགྲ་བགེགས་སྲོག་ལ་ཀཱི་


LT40_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ། །ཕོ་རྒྱུད་རྩད་ནས་ཆོད་ལ་ཤོག །ལྟེ་བའི་ཁུང་དུ་ཀཱི་ལ་ཡ། །མོ་རྒྱུད་མངལ་ནས་སྐམ་ལ་ཤོག །སྙིང་གི་གསང་ལ་ཀཱི་ལ་ཡ། །རྡུལ་ཕྲན་བཞིན་ཏུ་བརླག་པར་གྱིས། །བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་ལ་མཱ་ར་ཡ་ཧཱུྃ་ཕཊ། མཚོན་རྡེག་ལ། ཧཱུྃ། མཚོན་ཆེན་འབར་བ་ཆེན་པོ་ཡིས། །ལུས་ནི་དུམ་བུར་གཏུབས་པར་བྱེད། །ཕུང་པོ་རྩད་ནས་གཅོད་པར་བྱེད། །རྡུལ་ཕྲན་བཞིན་ཏུ་བརླག་པར་གྱིས། །གནོད་བྱེད་དགྲ་བགེགས་མཱ་ར་ལ་ཧཱུྃ་ཕཊ། ཞལ་དུ་བསྟབ་པ། ཧཱུྃ། སྟོང་གསུམ་བྷནྡྷ་འབར་བའི་སྣོད་མཆོག་ཏུ། །དགྲ་བགེགས་དབང་པོ་ཤ་ཁྲག་རུས་པ་དང་། །དོན་སྙིང་བླ་ཚེ་རྐང་མར་བཅས་པ་རྣམས། །རྩ་གསུམ་བཀའ་སྲུང་བཅས་པའི་ཞལ་དུ་བསྟབས། །རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ། །འཁོར་འདས་མཉམ་པ་ཉིད་དུ་བཞེས་སུ་གསོལ། །དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀི༚་ནི་རི་ཏི་ལ་ཁཱ་ཧི། །མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། ཅེས་ཕུལ་ལ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ། བླ་མ་རིག་འཛིན་དཔལ་ཆེན་ཧེ་རུ་ཀ །རྡོ་རྗེ་ཕག་མོ་ཀུན་དགའ་གཞོན་ནུ་ཆེ། །ཞིང་སྐྱོང་དབང་ཕྱུག་ལྷ་བཙན་འཁོར་དང་བཅས། །རྩ་གསུམ་ཆོས་སྐྱོང་གཞི་བདག་ཚོགས་རྣམས་ཀྱི། །རྣམ་དག་ཐུགས་ཀྱི་རེ་བ་


LT40_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་བསྐངས་ནས། །ཉེས་པའི་ཚོགས་རྣམས་མ་བཅབས་བཤགས་པ་ལས། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་རྦོད་གཏོང་དྲག་པོ་དང་། །ཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག །ས་བདག་ཀླུ་ཡིས་བྱན་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོའི་སྲིས་རྐུན་ཐམས་ཅད་ཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲོམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་བརྡ་ཟོར་འཕེན་པ་ཟློག །བནྡེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་ཟློག །བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་ཁྲག་ཟོར་འཕེན་པ་ཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུངས་བརྒྱད་ཅུ་རྩ་གཅིག་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་


LT40_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མ་ལུས་དང་། །ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་ཀག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་ཟློག །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །རྩ་གསུམ་དམ་ཅན་གཞི་བདག་མཐུ་རྩལ་ཅན། །ཡབ་ཡུམ་མི་བསྲུན་སྡེ་བརྒྱད་དམག་ཚོགས་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས་ཀྱི་ཚོགས། །གཏད་དོ་གཉེར་རོ་སྲུང་མ་ཐུགས་དམ་ཅན། །ལེ་ལོ་བཏང་སྙོམས་གཡེལ་བར་མ་མཛད་པར། །རྟགས་དང་མཚན་མ་མྱུར་དུ་སྟོན་མཛོད་ཅིག །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་རྣམས། །ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་པ་ཙམ་མམ། སྤྲོ་ན། ཧཱུྃ། ཆོས་དབྱིངས་དབང་དྲག་འབར་བའི་གཞལ་ཡས་ནས། །བླ་མ་རིག་འཛིན་ལྷ་ཚོགས་སྐུ་བཞེངས་ཤིག །དམར་ཆེན་ཤ་ཁྲག་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ། །རབ་འཇིགས་གསང་ཆེན་རོལ་པའི་དུར་ཁྲོད་ནས། །ཁྲག་འཐུང་ཡི་དམ་ལྷ་ཚོགས་སྐུ་བཞེངས་ཤིག །དམར་ཆེན༴ །མི་མཐུན༴ །དམར་ནག་གྲུ་གསུམ་ཨེ་ཡི་ཀློང་དཀྱིལ་ནས། །རྡོ་རྗེ་ཕག་མོ་འཁོར་བཅས་སྐུ༴ །དམར་ཆེན༴ །མི་མཐུན༴


LT40_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཚལ་རྔམ་པ་སྒྲ་སྒྲོག་ཤིང་ཆེན་ནས། །ཀུན་དགའ་གཞོན་ནུ་འཁོར་བཅས་སྐུ༴ །དམར་ཆེན༴ །མི་མཐུན༴ །རྩུབ་འགྱུར་མ་རུངས་འཇིགས་པའི་ཕོ་བྲང་ནས། །ཞིང་སྐྱོང་ལྷ་བཙན་འཁོར་བཅས་སྐུ༴ །དམར་ཆེན༴ །མི་མཐུན༴ །གནས་ཡུལ་སྦས་ལུང་སོ་སོའི་བཞུགས་གནས་ནས། །སྡེ་བརྒྱད་ཡུལ་ལྷའི་ཚོགས་རྣམས་སྐུ༴ །དམར་ཆེན༴ །མི་མཐུན༴ །ཁྱེད་རྣམས་བྱིན་རླབས་མཐུ་ལྡན་ཐུགས་དམ་ཅན། །སྔོན་གྱི་དམ་ཚིག་གཉན་པོ་མ་བསྙེལ་བར། །རྣལ་འབྱོར་བདག་དང་རྒྱུ་སྦྱོར་ཡོན་བདག་གི། ནད་གདོན་འགལ་རྐྱེན་ཆག་ཆེ་ཉམ་ང་ཟློག །སྲི་ཀེག་མོ་རྩིས་རྨི་ལམ་ངན་པ་ཟློག །ཚེ་བསོད་དཔལ་འབྱོར་དབང་ཐང་གུད་པ་ཟློག །བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ་ཟློག །དགྲ་བགེགས་བྱད་མ་ཕུར་ཐུན་ཟོར་ཁ་ཟློག །གློ་བུར་ཡེ་འདྲོགས་དུས་མིན་འཆི་བ་ཟློག །འཇིགས་པ་བརྒྱད་དང་བཅུ་དྲུག་འཚེ་བ་ཟློག །རིག་འཛིན་བླ་མའི་སྐུ་དགྲར་གྱུར་པ༴ །འོད་གསལ་སྙིང་པོའི་སྒྲུབ་བརྒྱུད་བཤིག་པ༴ །རྡོ་རྗེ་སྤུན་གྱི་ཐུགས་རྒྱུད་དཀྲུག་པ་ཟློག །ངན་སོང་གསུམ་གྱི་ལམ་སྣ་འདྲེན་པ༴ །ཆོས་ཀྱི་བཅུད་འཇིག་དགེ་འདུན་བསྟན་བཤིག༴ །ཁམས་གསུམ་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་པ༴ །འཛམ་གླིང་བདུད་སྤྲུལ་བོད་ཁམས་ཕུང་བྱེད༴ །མཐའ་དམག་རྒྱ་འདྲེ་འགོང་པོའི་སྣ་འདྲེན༴ །


LT40_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་དུ་རུཥྐ་ཡི་དམག་དཔུང་ཟློག །ནད་མུག་མཚོན་གྱི་སྐལ་པ་ངན་པ༴ །བཙའ་སད་སེར་གསུམ་ལོ་ཉེས་གོད་ཡམས༴ །དུས་ཀྱི་དུ་རུཥྐ་ལྔའི་འཇིགས་པ༴ །སྣང་ཞིང་སྲིད་པའི་མི་རུངས་ལྟས་ངན༴ །དམ་སྲི་ཕུང་སྲི་བྱུར་སྲིའི་གཡོ་འཕྲུལ༴ །ས་དང་ལམ་གྱི་མི་མཐུན་བར་ཆད༴ །རྣལ་འབྱོར་བདག་གི་ཚེ་བསོད་དབང་ཐང་དང་། །རླུང་རྟ་སྟོབས་དཔལ་གཟི་བརྗིད་ལ་གནོད་ཅིང་། །མཆོག་གི་དངོས་གྲུབ་བསྒྲུབ་པའི་བར་ཆད་དང་། །བདག་འཛིན་བདུད་བཞིའི་ཕོ་ཉ་བཟློག་ཏུ་གསོལ། །མདོར་ན་རྒྱལ་བས་བཟློག་བྱར་གསུངས་པ་ཀུན། །གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་ཟློག །དོན་དམ་ཐིག་ལེ་སྟོང་གསལ་ཀློང་དུ༴ །དབྱིངས་རིག་དབྱེར་མེད་གདོད་མའི་གཤིས་སུ༴ །ཀ་དག་ལྷུན་གྲུབ་རྡོ་རྗེའི་གཞི་ལ༴ །ཐུགས་དམ་དུས་ལ་བབ་པོ་ས་མ་ཡ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་ཟློག་ལིང་དུམ་ཤ་ཁྲག་གིས་གསོས་ལ། བྷྱོ། མདོས་ཟོར་ཤ་ཁྲག་གཏོར་མ་འདིས། །ད་ལྟ་རྣལ་འབྱོར་བདག་ཅག་ལ། །སྡེ་བརྒྱད་ཆད་པ་བྱུང་བ་ཟློག །བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག །བནྡེའི་སྔགས་ཟོར་འདུས་པ་ཟློག །མུ་སྟེགས་བོན་པོའི་ཛོ་དམར༴ །ལྷ་འདྲེའི་ཟ་ཁ་ཟུག་པ༴ །རྒྱལ་པོ་ལོ་ཡི་བདུན་ཟུར༴ །བློན་པོ་ཟླ་བའི་དབང་བཙན༴ །དམག་མི་ཞག་གི་དཔུང་དགྲ༴ །མཚོན་ཆ་དུས་ཀྱི་རྣོ་


LT40_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ངར༴ སྤར་ཁའི་སྐྱ་མདའ་ཟུག་པ༴ །སྨེ་བ་དུར་དུ་ཆུད་པ༴ །ས་བདག་ཀོ་ལོང་གདུག་རྩུབ༴ །འབྱུང་བའི་དགྲ་བགེགས་འཐབ་པ༴ །གཟའ་སྐར་དུས་ཚེས་ངན་པ༴ །ལོ་ཟླ་ཞག་དུས་བབ་པ༴ །ཁྲམ་དང་བྱད་དུ་བཅུག་པ༴ །ཧོམ་དང་པར་བུ་བསྐོར་བ༴ །དགྲ་ཆེན་བདུད་དུ་ལོང་བ༴ །ལྟས་ངན་གློ་བུར་ཡེ་འདྲོགས༴ །དུས་མིན་འཆི་བ་རྣམ་བརྒྱད༴ །མི་ཁ་བྲ་མཆུ་ཐམས་ཅད༴ །ཆག་ཆེ་ཉམ་ང་ཐམས་ཅད༴ །སྔོན་དགུག་ཕྱི་ནས་འདེད་པ༴ །དགྲ་སྣ་ཕུང་སྣ་གྱོད་སྣ༴ །ནད་སྣ་རིམས་སྣ་ཡམས་སྣ༴ །དགྲ་སྲི་རྨི་ངན་ཐམས་ཅད༴ །ཆེ་སྲི་ཆུང་སྲི་རྒན་སྲི༴ །གཞོན་སྲི་དར་སྲི་གོད་སྲི༴ །དགྲ་སྲི་མཚོན་སྲི་ནད་སྲི༴ །མདོར་ན་སྲིད་པའི་ཆག་སྒོ་དང་། །བདག་ལ་སྡང་བའི་དགྲ་འདྲེ་རྣམས། །སྡང་བྱེད་དགྲ་བོའི་སྟེང་དུ་ཟློག །གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ། །བར་ཆད་བདུད་ཀྱི་སྟེང་དུ་བྷྱོ། །ཟ་འདྲེ་ཕུང་སྲིའི་སྟེང་དུ་བཟོར། །དམ་ཉམས་བྱད་མའི་སྟེང་དུ་བྷྱོ། །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་ཏུར་སྙིང་ན་ཟློག །ར་ཙ་དུ་ན་ཟློག །སུམ་ཏྲི་དུ་ན་རཀྴ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐན་དང་ལས་ངན་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་ཟློག་ཟློག །དེ་ནས་མདོས་འབུལ་ཁར་ལམ་སེལ་གསེར་སྐྱེམས་ཤར་ལ་སོགས་པས་མཆོད། གོང་གི་མདོས་


LT40_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་ཤ་ཁྲག་ཅེས་པའི་ཟློག་ཐུང་བཏོན་ལ་ཕྱོགས་གཙང་སར་མདོས་གཏོར་འབུལ། བྷྱོ། རྡོ་རྗེ་གར་གྱི་བཀའ་ཟློག་མ། སོགས་དང་ལོ་ཀྟྲིའི་སྔགས་རྒོད་ཀྱི་ཟློག་པ་སོགས་བྱའོ། །མཐར་ཕྲིན་ལས་བཅོལ་བ་ནི། སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོངས་རྣལ་འབྱོར་ཚེ་དཔལ་སྤེལ། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོས་དགའ་བ་དང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་བར། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་བྱེད་ཅིང་། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་བཀྲ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམ་པར་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་རྩེ་གདུང་ཆེ་བར་མཛོད། །གཞི་ལ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་པར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །


LT40_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་བསམ་དོན་ལྷུན་གྱིས་འགྲུབ་པར་མཛོད། །སྲིད་ཞི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །རྗེས་ཆོག་མཆོད་པ་གསོས་ལ་སྔགས་ཙམ་གྱིས་མཆོད། བླ་མ་ཡི་དམ་དཔའ་བོ་རྣལ་འབྱོར་མ། །བསྟན་སྲུང་ཆེན་པོ་གཟི་ལྡན་ཡབ་ཡུམ་སྲས། །ཞིང་སྐྱོང་ལྷ་བཙན་སྡེ་དང་འཁོར་གཡོག་བཅས། །མཆོད་འོས་དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཡིག་བརྒྱ་ལན་གསུམ། རྩ་བརྒྱུད་བླ་མ་པད་འབྱུང་ཧེ་རུ་ཀ །ཌཱ་ཀི་ཆོས་སྐྱོང་ཞིང་སྐྱོང་གཞི་བདག་ཚོགས། །ཐམས་ཅད་མ་ལུས་བདག་ལ་དགོངས་སུ་གསོལ། །བདག་སོགས་མ་རིག་དབང་གྱུར་ནོངས་པའི་ཚོགས། །ཆད་ལྷག་ནོར་འཁྲུལ་གཏོར་མཆོད་དམན་པ་དང་། །དམ་ཚིག་མི་ལྡན་གསང་བ་སྨྲས་པ་སོགས། །མཐོལ་ལོ་བཤགས་སོ་བཟོད་པར་བཞེས་སུ་གསོལ། །བླ་མ་དམ་པས་བྱིན་གྱིས་རློབས་པ་དང་། །ཡི་དམ་ལྷ་ཡིས་དངོས་གྲུབ་སྩོལ་མཛད་ཅིང་། །ཆོས་སྐྱོང་སྲུང་མས་བར་ཆད་སེལ་


LT40_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །བསྟན་པ་དར་ཞིང་བཀྲ་ཤིས་ཆོས་འཕེལ་ཤོག །ཡེ་ཤེས་པ། བཛྲ་མུཿས་གཤེགས་པའམ། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། སོགས་དང་། སུ་པྲ་ཏིཥྛ་བརྗོད་ལ་ཡེ་ཤེས་པ་རྣམས་བརྟན་བཞུགས་བྱ། མཆོད་སྦྱིན་གནས་འདིར་གང་ལྷགས་པ། སོགས་ཀྱིས་འཇིག་རྟེན་པ་རང་གནས་སུ་གཤེགས། དེ་ནས་བཀྲ་ཤིས་བརྗོད་པ་ནི། ཐུགས་རྗེ་རྫོགས་ལྡན་སྤྲིན་གྱི་བླ་བྲེ་ལས། །བྱིན་རླབས་ནོར་བུའི་ཆར་པ་འཇོ་བ་ཡིས། །སྐལ་ལྡན་བུ་ལ་བྱང་ཆུབ་ལོ་ཏོག་སྐྲུན། །རིག་འཛིན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡན་ལག་བདུན་ལྡན་དཔག་བསམ་ཡོངས་འདུའི་ཤིང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་འབབས་པའི་གཞི། །གང་གིས་བསྟེན་རྣམས་བསམ་ཀུན་རྫོགས་བྱེད་པའི། །ཡི་དམ་རྒྱུད་སྡེ་བཞི་ཡི་བཀྲ་ཤིས་ཤོག །ཟག་མེད་བདེ་སྟོང་ལང་ཚོ་རྫོགས་པ་ལས། །ཕྲིན་ལས་བཞི་ཡི་འདོད་པ་འཇོ་བའི་བ། །དྲན་པ་ཙམ་གྱིས་རེ་བ་སྐོང་མཛད་པ། །མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །དགེ་ལེགས་ནོར་བུ་འཛད་མེད་འབྱུང་བའི་གནས། །སྨོན་ལམ་ལས་གྲུབ་གཏེར་གྱི་བུམ་པ་བཟང་། །དཀར་པོའི་ཕྱོགས་སྐྱོང་དམ་ཚིག་ཆེ་ལྡན་པའི། །ཡུལ་ལྷ་གཞི་བདག་རྣམས་ཀྱི་བཀྲ་ཤིས་ཤོག །འཇིགས་བརྒྱད་ལ་སོགས་མི་མཐུན་ཕྱོགས་ཀུན་ཞི། །འབྱོར་པ་དྲུག་སོགས་མཐུན་རྐྱེན་ཡོངས་སུ་རྒྱས། །


LT40_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་དར་འགྲོ་ཀུན་བདེ་ཞིང་སྐྱིད། །གནས་སྐབས་མཐར་ཐུག་བཀྲ་ཤིས་གོང་འཕེལ་ཤོག། ཅེས་བརྗོད་དོ། །ཞེས་པ་འདིའང་སྒྲུབ་བརྒྱུད་བསྟན་པའི་ཕྲིན་ལས་པ་ཆེན་པོ་ལྷུན་གྲུབ་མཆོག་གི་སྤྲུལ་པའི་སྐུ་ནས་བསྟན་འགྲོ་ལ་གཅིག་ཏུ་ཐུགས་གཞོལ་བའི་གསུང་གིས་ཡང་ཡང་སྐྱེས་བཅས་བསྐུལ་ངོར། ཀུན་མཁྱེན་སི་ཏུ་པདྨའི་མཚན་གྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་སྤྱོད་པ་པདྨ་གར་གྱི་དབང་ཕྱུག་རྩལ་གྱིས་ཞིང་སྐྱོང་ཚེ་རིང་མཐར་ལྷ་སོགས་གཞི་བདག་མཆོད་ཕྲེང་གསར་རྙིང་གི་གཞུང་བྱིན་ལྡན་རྣམས་དང་། བླ་མ་དགོངས་འདུས་ཀྱི་གཞི་བདག་ནོར་སྒྲུབ་དང་འཇའ་ཚོན་མ་ནིང་སོགས་ཁུངས་སུ་བཞག་ནས་བསྐུལ་བ་པོའི་ཐུགས་བཞེད་དང་མཐུན་པར་དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ། །མངྒ་ལཾ།། །།


previousཉེ་བའི་འཐུང་གཅོད་རོང་བཙན་ཁ་བ་དཀར་པོའི་གནས་བདག་རྩ་གསུམ་ཞིང་སྐྱོང་གི་མཆོད་སྤྲིན་འདོད་འཇོའི་བ་མོ།next