Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆ་ཤེལ་གྱི་ཕྲེང་བ།
   
   


 
previousབྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆ་ཤེལ་གྱི་ཕྲེང་བ།next

བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆ་ཤེལ་གྱི་ཕྲེང་བ།


LT40_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆ་ཤེལ་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


LT40_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ན་ཡེ། རྡུལ་བྲལ་སྤྱན་གྱིས་ཤེས་བྱའི་ཆོས་ཀུན་གཟིགས། །ཉེས་བརྒྱའི་སྲིད་ལ་སྙིང་རྗེ་རྣམ་འགྱུར་སྤངས། །བསམ་པ་བཞིན་དུ་ཐེག་གསུམ་ལམ་སྟོན་པ། །འགྲོ་བའི་བླ་མ་དད་བརྒྱའི་ཡིད་ཀྱིས་འདུད། །དྲི་མེད་ལུང་དང་རྟོགས་པའི་མཛོད་བཟུང་ནས། །ལེགས་བཤད་ནོར་བུ་དགོས་རྒུར་སྦྱིན་མཛད་པ། །ལོ་པ་སྐྱེས་མཆོག་སྤྱི་དང་ཁྱད་པར་དུ། །བུ་སྟོན་ཐམས་ཅད་མཁྱེན་པ་སྲས་བཅས་བསྔགས། །འཇམ་དབྱངས་ངུར་སྨྲིག་གར་རོལ་ཐམས་ཅད་མཁྱེན། །མཁྱེན་བརྩེའི་གཏེར་ལྡན་སྨྲ་བའི་དབང་པོའི་ཞབས། །སྤྱི་བོར་མཆོད་དོ་གང་གི་བཀའ་དྲིན་གྱིས། །རྒྱུད་སྡེ་འོག་མའི་


LT40_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་འདིར་སྐལ་བཟང་གྱུར། །འདིར་བྱ་སྤྱོད་རྣལ་འབྱོར་གསུམ་གྱི་ལྷའི་བྲིས་སྐུ་བཅུ་ཕྲག་གཉིས་ལ་ལྔ་ཡིས་ལྷག་པའི་ཞལ་ཐང་གི་བཀོད་ཡིག་འབྲི་བ་ལ་དོན་བདུན། ལུང་གི་ཁུངས་སྨོས། དགོས་ཆེད་དམིགས་སུ་བསལ། རྒྱུད་སྡེའི་དབྱེ་བ་སྤྱིར་བསྟན། བཀོད་ཡིག་བྱེ་བྲག་ཏུ་བཤད། ཇི་ལྟར་བསྒྲུབས་པའི་ཚུལ་སྨོས། གནས་སུ་འགོད་པའི་གོ་རིམ་བསྟན། ཕན་ཡོན་སྨོས་པས་མཇུག་བསྡུ་བའོ། །དང་པོ་ནི། སྡོམ་པ་འབྱུང་བའི་རྒྱུད་ལས། །སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། །ཅེས་


LT40_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་བྲིས་སྐུ་ནི་སྔགས་ཀྱི་ཐེག་པ་ལ་དངོས་གྲུབ་སྒྲུབ་པའི་ཐབས་ཁྱད་པར་ཅན་ཏུ་གྱུར་པས། རྒྱུད་དེ་ཉིད་དང་དུས་འཁོར་འགྲེལ་ཆེན་མི་གཡོ་བའི་རྒྱུད་སོགས་ལས་ཀྱང་ཚད་སོགས་རྒྱས་པར་གསུངས་པ་དང་། དོན་ཞགས་དང་འཇམ་དཔལ་རྩ་བའི་རྟོགས་པ་སོགས་བྱ་བའི་རྒྱུད་རྣམས་ལས་ལྷག་པར་ཡང་གསལ་ཞིང་ནན་ཏན་དུ་གསུངས་པ་ལ་བརྟེན་ནས། རྒྱུད་ཀྱི་ལྷའི་སྐུ་གཟུགས་ཅི་རིགས་པ་རིས་སུ་འབྲི་བ་དང་། འབུར་དུ་གཏོད་པ་དང་། ཁྱད་པར་སྔགས་བླ་མེད་ཀྱི་རྒྱུད་སྡེའི་ལྷ་ཕལ་མོ་ཆེ་གྲ་ཚར་དུ་འབྲི་བའི་སྲོལ་ཀ་སྔོན་ནས་བྱུང་བ་ལ། ཕྱིས་དུས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་ཀྱིས་ཟུར་བཀའི་དབང་རྒྱུན་བཞུགས་སོ་འཚལ་ཕལ་མོ་ཆེའི་གཙོ་བསྡུས་ཀྱི་སྐུ་ཐང་གྲ་ཚར་རི་མོའི་རྣམ་དཔྱོད་ཆེས་ཕུལ་དུ་བྱུང་བས་མིག་དང་ཡིད་ཀྱི་བདུད་རྩིར་བསྒྲུབས་པས་དེའི་རྒྱུན་ལས་བླ་མེད་ཀྱི་གྲ་ཐང་གི་བྲིས་རྒྱུན་ཤིན་ཏུ་དར་བར་གྱུར་ཏོ། །གཉིས་པ་ནི། བྱ་རྒྱུད་སྤྱོད་པ་རྣམ་བཞིའི་ཡ་གྱལ་སྦྱོར་བའི་སྤྱོད་པའི་ཡན་ལག་རྣམ་པ་བཅུར་དཔུང་བཟང་ལས་གསུངས་པའི་ནང་ཚན་ཡན་ལག་རྫོགས་པའི་ལྷ་ཞེས་བདག་གི་དེ་ཁོ་ན་ཉིད་བསྒོམ་པའི་རྟེན་ལྷའི་གཟུགས་བྲིས་འབུར་གང་རུང་མེད་ཐབས་མེད་པ་དང་། རྒྱུད་སྡེ་བཞི་ཀར་སྨོས་མ་ཐག་པ་ལྟར་དངོས་གྲུབ་སྒྲུབ་པའི་རྟེན་གལ་པོ་ཆེར་བཤད་ཀྱང་། བྱ་སྤྱོད་


LT40_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐོར་ལ་རང་རྐང་ཚུགས་པའི་བཤད་སྒྲུབ་ཀྱི་སྡེ་བོད་འདིར་ཆེར་མ་བྱུང་བ་དང་། ངོར་ཆེན་རྡོ་རྗེ་འཆང་སོགས་སྐྱེས་ཆེན་རེ་ཟུང་ཙམ་གྱིས་ཐུགས་བསྐྱེད་གོ་ཆ་ཆེན་པོ་བཞེས་ཀྱང་འདི་ཉིད་ཁོ་ན་ལ་རྩལ་འདོན་མཛད་པ་ཉུང་བས་བྱ་སྤྱོད་ཀྱི་གྲ་ཐང་འབྲི་བའི་རྒྱུན་མི་སྲིད་པ་ལྟ་བུར་སྣང་བ་དང་། རྣལ་འབྱོར་རྒྱུད་ཀྱི་མངའ་བདག་བུ་སྟོན་ཐམས་ཅད་མཁྱེན་པའི་རིང་ལུགས་འཛིན་པ་དཔལ་ཞྭ་ལུའི་ཆོས་གྲ་སོགས་སུ་ཡོ་གའི་རྒྱུད་སྡེ་བཅུ་གསུམ་གྱི་བྲིས་འབུར་ཁྱད་ཅན་བཞུགས་རུང་གཞན་ལ་དར་སྲོལ་ཆུང་བས། དད་སོགས་འཕགས་ནོར་གྱིས་ཕྱུག་པ་གཡུ་ཐོག་ཆོས་རྗེ་བླ་མ་ཀརྨ་བསྟན་འཕེལ་ནས་རྒྱུད་སྡེའི་གྲ་ཐང་བཞེངས་པའི་ཡོན་སྦྱོར་མཛད་པ་ལ་བརྟེན། ད་ལྟ་བསོད་ནམས་བསགས་པ་དང་། འབྱུང་འགྱུར་བསྟན་པའི་མིག་རྒྱན་བཟང་པོ་ལ་སྤྲོ་བར་མངོན་པར་འཕེལ་བའི་སླད་དུ་རྒྱུད་སྡེ་ཁྱད་པར་ཅན་འདི་རྣམས་ཀྱི་བྲིས་སྐུ་གྲ་ཚར་ཆེ་ཐང་དུ་བསྒྲུབས་པ་ལ་བློ་མཐུན་བྱས་པ་ཡིན་ནོ། །གསུམ་པ་ནི། སྤྱིར་མདོ་ལས་ཁྱད་པར་དུ་མས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པ་ལ། ལུང་གི་རྗེས་སུ་འབྲང་སྟེ་སློབ་དཔོན་སོ་སོའི་བཞེད་པས་རྒྱུད་སྡེ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་ལ་སོགས་པའི་བར་དུ་དབྱེ་བ་ཡོད་པ་ལས། གཙོ་བོ་ནི་


LT40_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་དང་རྡོ་རྗེ་གུར་ལ་སོགས་པའི་ལུང་གིས་རྒྱུད་སྡེ་ཆེན་པོ་བཞིར་ཡོངས་སུ་གྲགས་པ་སྟེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དང་པོ་རིག་པ་འཛིན་པ་རྣམས་ཀྱིས་འཇུག་པར་བྱ་བའི་གཞིའམ་རྩ་བ་ལྟ་བུར་གྱུར་པ་བྱ་བའི་རྒྱུད་ལ་བྱ་བ་སྤྱི་དང་སོ་སོའོ། །ཕྱི་མ་ལ་དབྱེ་ན་སྒོ་དྲུག་ཏུ་གྲགས་སྟེ། དེ་བཞིན་གཤེགས་པའི་རིགས་པདྨའི་རིགས། རྡོ་རྗེའི་རིགས། ནོར་བུའི་རིགས། རྒྱས་པའམ་ལྔ་རྩེན་གྱི་རིགས། འཇིག་རྟེན་པའི་རིགས་སོ། །སྔ་མ་གསུམ་ལ་རིགས་ཀྱི་གཙོ་བོ། རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་ཁྲོ་བོ་ཁྲོ་མོ། རིགས་ཀྱི་ཕོ་ཉ་དང་བཀའ་ཉན་ཕོ་མོ་རྣམས་ཀྱི་དབྱེ་བ་ཡོད་དོ། །གཉིས་པ་སྤྱོད་པའི་རྒྱུད་ལ་རིགས་གསུམ་དུ་གྲགས་ཏེ། སྐུ་དང་། གསུང་དང་། ཐུགས་ཀྱི་རིགས་སོ། །དེ་ལས་གསུང་རིགས་ཀྱི་རྒྱུད་ནི་བོད་དུ་མ་འགྱུར་རོ། །གསུམ་པ་རྣལ་འབྱོར་གྱི་བརྒྱུད་ལ་བརྗོད་བྱའི་དབང་དུ་བྱས་ན་རིགས་ལྔ། དེ་རེ་རེ་ལ་རིགས་ཆུང་ལྔ་ལྔར་ཕྱེས་པས་ཉེར་ལྔ། དེ་རེ་རེ་ལ་སྙིང་པོ་ཕྱག་རྒྱ་གསང་སྔགས་རིགས་སྔགས་བཞི་བཞིས་ཕྱེས་པས་བརྒྱ་ཕྱག་ཏུ་འགྱུར་རོ། །རྗོད་བྱེད་ཚིག་གི་དབང་དུ་བྱས་ན་བཞིའམ་ལྔ་སྟེ། རྩ་རྒྱུད། བཤད་རྒྱུད། ཡན་


LT40_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གི་རྒྱུད། ཆ་མཐུན་གྱི་རྒྱུད་དེ་ཡོ་ག་རིགས་བཞིར་གྲགས་པ་དང་། འཕྲོས་པའི་རྒྱུད་དོ། །འོན་ཀྱང་འཕྲོས་པའི་རྒྱུད་ནི་སྒྲོལ་མགོན་ཞབས་དང་བསྟན་པའི་ཉིན་བྱེད་རྗེས་འབྲང་དང་བཅས་པས་སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་མཚམས་སྦྱོར་བ་སོར་བཞེད་ཀྱི་རྣལ་འབྱོར་རྒྱུད་དངོས་སུ་མི་བཞེད་ལ། བླ་མེད་ཀྱི་དབྱེ་བ་ནི་འདིར་སྨྲོས་མ་དགོས་སོ། །བཞི་པ་ལ་གསུམ། བྱ་སྤྱོད་རྣལ་འབྱོར་རོ། །དང་པོ་ལ། བྱ་བ་སོ་སོའི་རྒྱུད་ཀྱི་ཐོག་མ་གཤེགས་རིགས་ཀྱི་གཙོ་བོར་གྱུར་པ་སངས་རྒྱས་དཔའ་བོ་བདུན་གྱི་གཙོ་བོ་དབུས་སུ་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་རྒྱལ་བ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཨ་ཤྭཏྠའི་ཤིང་ལ་སྐུ་རྒྱབ་བརྟེན་པ། ཤར་དུ་རྣམ་གཟིགས་ས་གནོན་མཉམ་བཞག །མྱ་ངན་འཚང་གི་ཤིང་། བྱང་ཤར་དུ་གཙུག་ཏོར་ཅན་མཆོག་སྦྱིན་མཉམ་བཞག །པདྨ་དཀར་པོའི་ཤིང་། ཤར་ལྷོར་ཐམས་ཅད་སྐྱོབ་སྐྱབས་སྦྱིན་མཉམ་བཞག །སཱ་ལའི་ཤིང་། ནུབ་ཏུ་འཁོར་བ་འཇིགས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། ཤཱིརྵའི་ཤིང་། ལྷོ་ནུབ་ཏུ་གསེར་ཐུབ་ཆོས་འཆང་མཉམ་བཞག །ཨུ་དུམྦ་རའི་ཤིང་། ནུབ་བྱང་དུ་འོད་སྲུང་གཡས་མཆོག་སྦྱིན་དང་གཡོན་ཆོས་གོས་ཀྱི་གྲ་རི་དྭགས་ཀྱི་རྣ་བ་ལྟ་བུ་འཛིན་པ། ནྱ་གྲོ་དྷའི་ཤིང་དྲུང་དུ་


LT40_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ། ཐམས་ཅད་ཀྱང་གསེར་མདོག་ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་དཔེས་སྤྲས་པ། འོད་ཟེར་མུ་མེད་འཕྲོ་བ། རྡོ་རྗེ་སྐྱིལ་ཀྲུང་གིས་རིན་པོ་ཆེའི་ཁྲི་དང་པད་ཟླ་ལ་བཞུགས་པའོ། །ལྷོ་རུ་ཁྲོ་བོ་ཆེན་པོ་སྔོན་པོ་མཆན་ཁུང་གཡས་གཡོན་ན་རལ་གྲི་དང་ཞགས་པ་བཅུག་ཅིང་ཐལ་མོ་སྦྱར་བ། རོལ་པའི་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ། བྱང་དུ་ཕྱག་རྡོར་ལྗང་གུ་ཞི་ཚུལ་དར་དང་རིན་པོ་ཆེའི་རྒྱན་ལྡན། གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་གདན་ལ་བརྟེན་པ། གཉིས་ཀ་པད་ཉི་ལ་རོལ་སྟབས་ཀྱིས་བཞུགས་པ། རྣམ་གཟིགས་ཀྱི་མདུན་གཡས་སུ་ཐུབ་པ་མེ་རུ་ཤི་ཥ་གསེར་མདོག་གཡས་སྐྱབས་སྦྱིན། གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་རྣ་བ་ལྟ་བུ་ལྟེ་བའི་ཐད་ཀར་འཛིན་ཅིང་། བྱང་ཆུབ་ཤིང་དྲུང་དུ་བཞུགས་པ། མདུན་གཡོན་ཀླུ་དབང་རྒྱལ་པོ་ཞལ་རས་དཀར། སྐུ་ལུས་སྔོ། ཕྱག་གཉིས་ཐུགས་ཀར་ངན་སོང་གི་སྐྱེ་གནས་ལས་འདོན་པའི་ཕྱག་རྒྱ་ཞེས། བྲིས་ཆ་རྙིང་པ་ལ་ཆོས་འཁོར་རྒྱ་མཛད། སྤྲུལ་མགོའི་གདེངས་ཀ་བདུན་དང་མེ་ཏོག་ཁ་དོག་སྣ་ཚོགས་པའི་རྒྱབ་ཡོལ་ཅན། གཉིས་ཀ་སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས། ཞབས་རྡོར་སྐྱིལ་གྱིས་པད་ཟླ་ལ་བཞུགས་པའོ། །འཇའ་སྤྲིན་བྲག་རི་གཡའ་


LT40_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་མེ་ཏོག་ཆུ་མཚོ་ངང་པ་འབྲས་བུའི་ནགས་ཚལ་སོགས་ཡུལ་སྣང་མཛེས་ཤིང་ཡིད་དུ་འཕྲོག་པ་ཞལ་ཐང་རྣམས་ཀྱི་ས་སྟོང་སོགས་དང་མཐུན་པར་བཀོད་མཛེས་སུ་བྲི། །འདི་ནི་ཤཱཀྱ་རཀྵི་ཏའི་མན་ངག་སྒྲོལ་བའི་མགོན་པོའི་བཀའ་སྲོལ་ལས་བྱོན་པ་སྟེ་རྗེས་གནང་གི་རྒྱུན་ཕྱག་ལེན་ཁྱད་པར་ཅན་གྱིས་བརྒྱན་པ་བཞུགས་ཤིང་། དཔའ་བོ་བདུན་གྱི་སྐུ་བཞེངས་པ་ལ་དགོས་པ་དང་ཕན་ཡོན་ནན་ཏར་ཆེ་བར་གསུངས་པས་ཐོག་མར་དགེ་བའི་ཕྱིར་རུ་བཀོད་པའོ། ༡ །གཤེགས་རིགས་ཀྱི་གཙོ་བོ་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་གཙོ་བསྡུས། །དབུས་སུ་རྡོ་རྗེ་རིན་པོ་ཆེའི་ཁྲི་དང་པད་ཟླ་ལ་ཐུབ་དབང་རབ་ཏུ་བྱུང་བའི་ཆ་ལུགས་ཅན། སྐུ་མདོག་གསེར་བཙོམ་ལྟ་བུ་མཚན་དཔེས་བརྒྱན་པ། ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཆོས་གོས་རྣམ་གསུམ་གསོལ་ཞིང་འོད་ཟེར་མུ་མེད་པ་འཕྲོ་བ། ཁྲིའི་གཡས་ལོགས་སུ་འཕགས་པ་རྡོ་རྗེ་འཛིན་གསེར་མདོག་རལ་པའི་ཅོད་པན་ཅན། ནབ་བཟའ་སེར་པོ་གྱོན་པ། ཕྱག་གཡས་རྡོ་རྗེ་སེར་པོ། གཡོན་གདན་ལ་བརྟེན་པ། དེའི་མདུན་ངོས་འོག་གི་ཆར། ཁྱེའུ་མཐའ་ཡས་དམར་པོ་སྤྱན་གསུམ་མཆེ་གཙིགས་ཁྲོ་ཉམས་ནོར་བུའི་


LT40_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཕུད། སྟག་ཤམ་དང་སྦྲུལ་དཀར་པོའི་ཚངས་སྐུད་ཅན། ཕྱག་གཡས་གྲི་གུག །གཡོན་ཞགས་པ། ཁྲིའི་གཡོན་ལོགས་སུ་འཕགས་མ་རྡོ་རྗེ་འཛིན་མ་ལྗང་གུ་བླ་གོས་དམར་པོ་ཅན། ཕྱག་གཉིས་ཐལ་སྦྱར་རྡོ་རྗེ་འཛིན་པ། དབུ་སྐྲ་ཕྱེད་བཅིངས་སོགས་ལྷ་མོའི་ཉམས། པུས་མོའི་ཕྱོགས་གཅིག་གདན་ལ་བཙུགས་པ། དེའི་མདུན་ངོས་འོག་གི་ཆར་བུ་མོ་མཐའ་ཡས་མོ་སྔོ་སང་ལང་ཚོ་ལ་བབ་པ། དབུ་སྐྲ་ནག་པོ་ཟུར་ཕུད་གཅིག་པ། དར་སྔོན་པོའི་གོས་ཅན་ཕྱག་ན་མེ་ཏོག་གི་ཕྲེང་བརྒྱུད་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པ་དང་བཅས་པས་འཁོར་གྱི་དཀྱིལ་འཁོར་ལ་ལྟ་བའི་ཚུལ། ཐམས་ཅད་ཀྱང་རིན་པོ་ཆེ་དང་པདྨའི་གདན་ལ་བཞུགས་པ། འཁོར་གསུམ་གྱི་ཞབས་སེམས་སྐྱིལ་ཏེ། འདིར་སེམས་སྐྱིལ་ཞེས་པ་རྣམས་ནི་ཞབས་གཅིག་གི་བྱིན་པ་ལ་གཅིག་ཤོས་བསྣོལ་ཏེ་བཞག་པའོ། །ཐུབ་དབང་འོད་ཟེར་དྲི་མེད་ལྷ་དྲུག་གི་གཙོ་བོ་ཐུབ་པ་ཆོས་འཁོར་མ་སྔ་མས་འཐུས་པར་བྱས་ཤིང་། འཁོར་གྱི་ལྷ་འོག་གི་ཆར་གཡས་ངོས་སུ་འཕགས་པ་སྤྱན་རས་གཟིགས་དཀར་པོ། གཡས་པདྨ། གཡོན་མཆོག་སྦྱིན། གཡོན་ངོས་སུ་ཕྱག་རྡོར་སྔོན་པོ་ཁྲོ་ཉམས་ཅན། གཡས་རྔ་ཡབ། གཡོན་རྡོ་རྗེ། སེམས་དཔའ་གཉིས་ཀ་དར་དང་རིན་


LT40_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རྒྱན་ཅན། ཞབས་སེམས་སྐྱིལ་གྱིས་པད་ཟླ་དང་ཁྲི་ཟླུམ་པོ་ལ་བཞུགས་པ། སྤྱན་རས་གཟིགས་ཀྱི་མདུན་འོག་ཏུ། ཚོགས་བདག་སྔོན་པོ་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། མགོ་རྒུ་ཞིང་སྟོད་དགྱེད་པའི་ཉམས་ཅན། ཕྱག་རྡོར་མདུན་འོག་ཏུ་ཁྱབ་འཇུག་ནག་པོ་ཕྱག་བཞིའི་གཡས་གཉིས་འཁོར་ལོ་དང་དུང་། གཡོན་གཉིས་བེ་ཅོན་དང་རལ་གྲི་བསྣམས་ཤིང་མཁའ་ལྡིང་ལ་བཞུགས་པ། གཙོ་བོའི་མདུན་དུ་དྲག་པོ་དཀར་པོ། མགྲིན་པ་སྔོན་པོ། ཕྱག་གཡས་མདུད་རྩེ་གསུམ། གཡོན་རལ་གྲི་བསྣམས་པ། གླང་ཁྱུ་མཆོག་ལ་ཞོན་ཅིང་གདན་ཟླུམ་པོ་ཅན། བཀའ་ཉན་གསུམ་ཀ་དར་དང་རིན་པོ་ཆེའི་རྒྱན་སོགས་ལྷའི་ཆས་ཅན་ནོ། །སྔ་མལ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་ཡིག་ཆ་དང་། ཕྱི་མ་ལ་ཀུན་མཁྱེན་བུ་སྟོན་ཞབས་རྗེས་འབྲང་དང་བཅས་པའི་ཡིག་ཆ་རྣམས་ཀྱི་ལུང་དང་། དབང་རྒྱུན་ཚད་ལྡན་སོགས་བཞུགས་སོ། ༢ །གཤེགས་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་སྨན་གྱི་བླ་སྐུ་མདོག་སྔོན་པོ་བཻ་ཌཱུརྻའི་མདངས་ལྡན་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཡས་མཆོག་སྦྱིན་ཨ་རུ་རའི་སྡོང་པོ། གཡོན་མཉམ་བཞག་ལྷུང་བཟེད་བདུད་རྩིས་གང་བ་འཛིན་པ། ཤར་ལྷོར་མཚན་ལེགས་ཡོངས་བསྒྲགས་སེར་པོ་གཡས་


LT40_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སྦྱིན། གཡོན་མཉམ་བཞག །ལྷོར་སྒྲ་དབྱངས་རྒྱལ་པོ་སེང་པོ་ཕྱག་གཉིས་ཆོས་འཆད་ལྷོ་ནུབ་ཏུ་གསེར་བཟང་དྲི་མེད་དམར་སེར་གཡས་མཆོག་སྦྱིན། གཡོན་མཉམ་བཞག །ནུབ་ཏུ་མྱ་ངན་མེད་དཔལ་དཀར་པོ་ཕྱག་གཉིས་ཆོས་འཆད། ནུབ་བྱང་དུ་ཆོས་བསྒྲགས་རྒྱ་མཚོ་དམར་པོ་ཕྱག་གཉིས་མཉམ་བཞག །བྱང་དུ་ཆོས་བློ་མངོན་མཁྱེན་དམར་སེར་གཡས་མཆོག་སྦྱིན། གཡོན་མཉམ་བཞག །བྱང་ཤར་དུ་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་མཉམ་བཞག །གཤེགས་པ་བརྒྱད་ཀ་ཆགས་བྲལ་རབ་བྱུང་ཆས་མཚན་དཔེས་བརྒྱན་ཅིང་། སེང་ཁྲི་པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མདོ་ཆོག་ཏུ་དཀྱིལ་འཁོར་དབུས་སུ་མདོ་སྡེའི་གླེགས་བམ་བཞུགས་པར་གསུངས་པའི་མཚོན་བྱེད། ཤར་ཕྱོགས་སུ་གཤེགས་རིགས་ཀྱི་ཡུམ་ཤེས་རབ་ཕར་ཕྱིན་གསེར་མདོག་ཞལ་གཅིག་ཞི་འཛུམ། ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་དང་མཉམ་བཞག །འོག་མ་གཉིས་པུསྟི་དང་ཕྲེང་བ་བསྣམས་པ། དབུ་སྐྲ་ཐོར་ཚུགས་དར་དང་རིན་པོ་ཆེའི་རྒྱན་སོགས་ལྷ་མོའི་མཚན་ཉིད་རྫོགས་ཤིང་། སེང་ཁྲི་པད་ཟླ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་བོའི་གཡས་སུ་བྱང་སེམས་ཟླ་ལྟར་སྣང་བྱེད་དཀར་པོ་གཡས་པདྨའི་སྟེང་དུ་ཟླ་བས་མཚན་པའི་པུསྟི་བསྣམས་པ། །


LT40_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཏུ་ཉི་ལྟར་སྣང་བྱེད་སེར་པོ་ཕྱག་གཡས་ཨུཏྤལ་སྟེང་ཉི་མས་མཚན་པའི་པུསྟི་བསྣམས་པ། གཉིས་ཀའི་ཕྱག་གཡོན་དཀུར་བརྟེན་ཅིང་པད་ཟླ་ལ་བཞེངས་པ། གཙོ་འཁོར་རྣམས་ཀྱི་མདུན་ཕྱོགས་སུ་འཇམ་དཔལ་སེར་པོ་ཕྱག་གཉིས་ཆོས་འཆད་ཀྱིས་ཨུཏྤལ་བསྣམས་པའི་གཡས་གཡོན་རལ་བོད་ཀྱིས་མཚན་པ། དེའི་གཡས་སུ་སྐྱབས་གྲོལ་དཀར་པོ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། གཡོན་ཏུ་ཕྱག་རྡོར་ལྗང་གུ་ཕྱག་གཡས་རྡོ་རྗེ་གཡོན་ཕྲེང་བ་བསྣམས་པ། བྱང་སེམས་རྣམས་འཁོར་ལོས་སྒྱུར་བའི་ཆ་བྱད་དང་། སྐུ་ཅུང་ཟད་ཆུང་ཉམས། པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པའོ། །འདི་ལ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དཀྱིལ་ཆོག་སྟེང་ནས་དབང་རྒྱུན་ཚད་ལྡན་བཞུགས་ཀྱང་ལྷ་བཀོད་མདོ་ཆོག་ལྟར་བྱས་པའོ། ༢ །གཤེགས་རིགས་ཀྱི་བདག་པོ་ཨ་ར་པ་ཙ་ན་ལྷ་ལྔའི་གཙོ་བོ་ཆོས་འཆད་ཀྱི་ཕྱག་རྒྱས་ཨུཏྤལ་འཛིན་པའི་མེ་ཏོག་སྙན་ཐད་ཁ་བྱེ་བའི་ཟེའུ་འབྲུར་གཡས་སུ་རལ་གྲི། གཡོན་ཏུ་པུསྟ་ཀས་མཚན་པ། དབུ་སྐྲ་ཟུར་ཕུད་ལྔ་པ། ཤར་དུ་གཞོན་ནུ་དྲྭ་བ་ཅན་གྱི་འོད་དང་། ནུབ་ཏུ་ཟླ་འོད་གཞོན་ནུ་གཉིས་གཡས་རལ་གྲི་ཕྱར་སྟབས། གཡོན་པུསྟི་ཐུགས་ཀར་འཛིན་པ། ལྷོར་སྐྲ་ཅན་མ་དང་། བྱང་དུ་ཉེ་བའི་སྐྲ་


LT40_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་གཉིས་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་ཡུ་བ་ཐུགས་ཀར་བཟུང་བའི་མེ་ཏོག་སྙན་ཐད་ཁ་བྱེ་བར་པུསྟིས་མཚན་པ། ལྷ་མོའི་ཉམས། གཙོ་འཁོར་ལྔ་ཀ་སྐུ་མདོག་དཀར་པོ། དར་དང་རིན་པོ་ཆེའི་རྒྱན་ལྡན། རྡོར་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། འཁོར་བཞི་ཆུང་། སྟེང་གི་དབུས་སུ་འཇམ་དཔལ་ངག་གི་དབང་ཕྱུག་འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ། དར་དང་རིན་པོ་ཆེས་བརྒྱན་ཅིང་པད་ཟླ་ལ་སྐྱིལ་ཀྲུང་། སྟེང་གཡས་སུ་ཨ་ར་པ་ཙ་ན་དམར་སེར། ཕྱག་གཡས་རལ་གྲི་སྔོ་སངས་དཔུང་པའི་ཐད་ཀར་འཕྱར་བ། གཡོན་ཨུཏྤལ་སྔོན་པོའི་རྩ་བ་ཐུགས་ཀར་བཟུང་ཞིང་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་གླེགས་བམ་གྱིས་མཚན་པ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་ལྡན། དར་དང་རིན་པོ་ཆེའི་རྒྱན་ལྡན། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན། པད་ཟླ་ལ་སྐྱིལ་ཀྲུང་། སྟེང་གཡོན་ཏུ་པད་ཟླ་ལ་སེང་གེ་སྔོན་པོ་མགོ་གཡས་བསྟན། རལ་པ་དམར་སར་ཐུར་དུ་གྲོལ་ཞིང་གདོང་གྱེན་ཏུ་ཕྱོགས་པ་ཉལ་སྟབས་སུ་གནས་པའི་སྟེང་དུ་པད་ཉི་ལ་འཇམ་དཔལ་སྨྲ་བའི་སེང་གེ་དམར་སེར། ཕྱག་གཉིས་ཆོས་འཆད་ཀྱི་མཐེབ་མཛུབ་བར་ནས་བྱུང་བའི་ཨུཏྤ་ལའི་སྡོང་བུ་སྙན་གཡས་གཡོན་ཐད་ཀར་ཁ་བྱེ་བའི་སྟེང་དུ་གཡས་


LT40_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་དང་གཡོན་པུསྟིས་སྤྲས་པ། ཟུར་ཕུད་ལྔ་ལྡན་ལོངས་སྐུའི་ཆས། ཞབས་གཉིས་རྒྱལ་པོ་རོལ་སྟབས། འོག་མདུན་དབུས་སུ་འོ་མའི་རྒྱ་མཚོ་ཆུ་བྱ་དང་མེ་ཏོག་གིས་ཁེབས་ཤིང་། མཚོ་མཐར་མེ་ཏོག་དང་འབྲས་བུའི་ནགས་ཚལ་འཁྲིགས་པ་ལ་གླང་ཆེན་ཐལ་ཀར་ཁྱུ་ཚོགས་རྒྱུ་བ། མཚོ་དབུས་པད་སྡོང་གསེར་གྱི་ཡལ་འདབ་པདྨ་དཀར་པོ་ཟེའུ་འབྲུ་དམར་སེར་ཅན་གྱི་སྟེང་དུ་ཟླ་གདན་ལ་འཇམ་དཔལ་སྐུ་མདོག་དཀར་པོ་རལ་པའི་ཟུར་ཕུད་ལྔ་ལྡན། ཕྱག་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱིས་ཡུ་བ་ཐུགས་ཀར་བཟུང་བའི་ཨུཏྤལ་སྙན་ཐད་བྱེ་བའི་སྟེང་ན་ཤེར་ཕྱིན་གྱི་གླེགས་བམ་བཞུགས་པ། དར་དཀར་པོའི་སྟོད་གཡོགས། དར་སྣ་ཚོགས་པའི་སྨད་དཀྲིས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །འོག་གཡས་ཤེར་ཕྱིན་དཀར་མོ་དབུ་སྐྲ་ནག་པོ་གཡོན་ངོས་འཁྱིལ་པ། ཕྱག་གཉིས་ཆོས་འཆད་མཛད་པའི་ཕྱག་མཐིལ་གཡས་ལས་པད་དཀར་དང་གཡོན་ལས་དམར་པོའི་རྩ་བ་སྐྱེས་ཤིང་སྙན་ཐད་ཁ་བྱེ་བའི་སྟེང་ན་གླེགས་བམ་རེ་རེ་བཞུགས་པ། སྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས་པ་སོགས་ལྷ་མོའི་མཚན་ཉིད་ཅན། དར་དང་རིན་ཆེན་རྒྱན། ཞབས་རྡོར་སྐྱིལ། གདན་པད་ཟླ། གཡོན་ཏུ་དུག་སེལ་མ་དཀར་མོ་


LT40_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་སྤྱན་གསུམ་རལ་པའི་ཅོད་པན་ཅན། གོས་དཀར་པོའི་སྟོད་གཡོགས་སྨད་གཡོགས། རིན་པོ་ཆེ་དཀར་པོ་དང་སྦྲུལ་གྱིས་བརྒྱན་པ། ཕྱག་བཞིའི་དང་པོ་གཉིས་པི་ཝཾ་བསྒྲེང་བ། གཡས་འོག་མ་སྐྱབས་སྦྱིན། །གཡོན་འོག་མ་སྦྲུལ་དཀར་པོ་བསྣམས་པ། ཞབས་སེམས་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ་སྟེ་གཉིས་ཀ་གཤེགས་རིགས་ཀྱི་ཡུམ་ཞར་བྱུང་གི་ཚུལ་ལོ། ཨ་ར་པ་ཙ་ན་ལྷ་ལྔ་དང་འཇམ་དཀར་བཅས་དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལ་བརྟེན་ཅིང་རྒྱུད་འདི་སྤྱིར་རྒྱུད་སྡེ་འོག་མ་གསུམ་ཀའི་ཆ་མཐུན་གྱི་རྒྱུད་དུ་བཞེད་ལ། གཙོ་ཆེ་བའི་དབང་གིས་ལྷ་ལྔ་སྤྱོད་རྒྱུད་གཤེགས་རིགས་སུ་བཞེད་པའང་མཆིས་མོད། འདིར་རིགས་མཐུན་བསྡེབས་སླ་བའི་དབང་གིས་བཞག་ཅིང་ལྷ་ལྔར་ས་ལུགས་ཀྱི་དཀྱིལ་ཆོག་དང་དབང་རྒྱུན་ཚད་ལྡན་ཡོད། དམ་པའི་སྨྲ་སེང་སོགས་བྱ་རྒྱུད་ཁོ་ནར་མ་ངེས་ཀྱང་གྲགས་ཤིང་བྱིན་རླབས་ཆེ་བས་ཕྱོགས་སུ་འབྲི་བ་ལ་དོན་མཆིས་སོ། ༤ །གཤེགས་རིགས་ཀྱི་ཡུམ་སྲུང་བ་ལྷ་ལྔ་དབུས་སུ་སོ་སོ་འབྲང་མ། ཞལ་བཞི། སྤྱན་གསུམ་གསུམ། རྩ་ཞལ་དང་སྐུ་མདོག་དཀར་སེར། གཡས་ཞལ་ནག །རྒྱབ་སེར། གཡོན་དམར། ཕྱག་བརྒྱད་གཡས་བཞིས་འཁོར་ལོ། རྡོ་རྗེ། མདའ། རལ་གྲི། གཡོན་བཞིས་རྡོ་རྗེའི་ཞགས་པ། རྩེ་གསུམ།


LT40_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ། དགྲ་སྟྭ་འཛིན་པ། གཙུག་ཏོར་ལ་མཆོད་རྟེན་དང་དར་དང་རིན་པོ་ཆེས་བརྒྱན་པ། ཉི་མའི་རྒྱབ་ཡོལ། པད་ཟླ་ལ་ཞབས་རྡོར་སྐྱིལ། བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་པ། མདུན་ཏུ་སྟོང་ཆེན་རབ་འབྱམས་ཞལ་བཞི་སྤྱན་གསུམ་གསུམ་དང་བཅས་ཤིང་ཆེར་ཁྲོས་པ། རྩ་ཞལ་དང་སྐུ་མདོག་སྔོན་མོ། གཡས་དཀར། རྒྱབ་སེར། གཡོན་དམར། ཕྱག་གཡས་བཞིས་རྡོ་རྗེ་དང་བཅས་པའི་མཆོག་སྦྱིན། ལྕགས་ཀྱུ། མདའ། རལ་གྲི། གཡོན་བཞིས་ཞགས་པ་དང་བཅས་པའི་སྡིགས་མཛུབ། དགྲ་སྟྭ། གཞུ། པདྨའི་སྟེང་ན་རིན་པོ་ཆེ་ཟུར་དྲུག་པ་འཛིན་པ། དབུ་སྐྲ་སེར་པོ་གྱེན་བརྫེས། ཐོད་སྐམ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ། སྟག་ཤམ་རུས་པ་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། ཞབས་གཡས་བརྐྱང་རོལ་པའི་སྟབས་ཀྱིས་པད་ཉི་ལ་བཞུགས་པ། མེ་འབར་བའི་དབུས་ན་འགྱིང་བའི་ཉམས། ཏ་ལའི་སྡོང་པོ་རབ་ཏུ་རྒྱས་པ་ལ་རྒྱབ་བརྟེན་པ། གཡས་སུ་རྨ་བྱ་ཆེན་མོ་ཞལ་གསུམ་སྤྱན་གསུམ། རྩ་ཞལ་དང་སྐུ་མདོག་སེར་པོ། གཡས་ནག་གཡོན་དམར། ཕྱག་བརྒྱད་གཡས་བཞིའི་མཆོག་སྦྱིན། རིན་པོ་ཆེ་འབབ་པའི་བུམ་པ། འཁོར་ལོ། རལ་གྲི། གཡོན་བཞི་ན་དགེ་སློང་དང་བཅས་


LT40_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷུང་བཟེད། རྨ་བྱའི་མཇུག་སྒྲོ། སྣ་ཚོགས་རྡོ་རྗེས་ཁ་བརྒྱན་པའི་བུམ་པ། རིན་པོ་ཆེའི་རྒྱལ་མཚན་འཛིན་པ། དར་དང་རིན་པོ་ཆེ་རྒྱན་ལྡན་ཉི་མའི་རྒྱབ་ཡོལ་མངའ་བ། པད་ཟླ་ལ་སེམས་སྐྱིལ། མྱ་ངན་མེད་པའི་ཤིང་ལ་སྐུ་རྒྱབ་བརྟེན་པ། རྒྱབ་ཀྱི་མཚོན་བྱེད་སྟེང་གི་ཆར་གསང་སྔགས་རྗེས་འཛིན་ཞལ་གསུམ་སྤྱན་གསུམ། རྩ་ཞལ་དང་སྐུ་མདོག་དམར། གཡས་ནག་གཡོན་དཀར། ཕྱག་བཅུ་གཉིས་ཀྱིས་དང་པོ་གཉིས་ཆོས་འཁོར་རྒྱ། དེ་འོག་གཉིས་མཉམ་བཞག །ལྷག་མ་གཡས་བཞིས་མཆོག་སྦྱིན། སྐྱབས་སྦྱིན། རྡོ་རྗེ། མདའ། གཡོན་བཞིས་སྡིགས་མཛུབ་དང་བཅས་པའི་ཞགས་པ། པདྨས་བརྒྱན་པའི་བུམ་པ། རིན་པོ་ཆེའི་སྙེ་མ། གཞུ་འཛིན་པ། དར་དང་རིན་ཆེན་རྒྱན་ལྡན་ཉི་མའི་རྒྱབ་ཡོལ་ཅན། པད་ཟླ་ལ་སྐྱིལ་ཀྲུང་། ཤཱིརྵའི་ཤིང་ལ་སྐུ་རྒྱབ་བརྟེན་པ། གཡོན་ཏུ་བསིལ་བའི་ཚལ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་ལྗང་གུ། གཡས་དཀར་གཡོན་དམར། ཕྱག་དྲུག །གཡས་གསུམ་སྐྱབས་སྦྱིན། རྡོ་རྗེ། མདའ། །གཡོན་གསུམ་ཞགས་པ་དང་བཅས་པའི་སྡིགས་མཛུབ། རིན་པོ་ཆེའི་རྒྱལ་མཚན། གཞུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དང་ཉི་མའི་རྒྱབ་ཡོལ་ཅན། པད་ཟླ་ལ་ཞབས་སེམས་སྐྱིལ། ཙམྤ་


LT40_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཤིང་དྲུང་ན་བཞུགས་པའོ། །མཚམས་བཞིར་བདུད་རྩིས་གང་བའི་བུམ་པ་ཁ་རྒྱན་དང་བཅས་པ། སྟེང་གཡས་གཤེགས་རིགས་ཀྱི་ཡུམ་འོད་ཟེར་ཅན་མ་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་དཀར། གཡོན་ཕག་ཞལ་ནག་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ། ཕྱག་གཡས་གསུམ་མདའ། རྡོ་རྗེ། ཁབ། གཡོན་གསུམ། །གཞུ། སྐུད་པ། མྱ་ངན་མེད་པའི་ཤིང་། མེ་ཏོག་དང་བཅས་པའི་ཡལ་ག་བསྣམས་པ། སྟོད་གཡོགས་སྨད་གཡོགས་སྔོན་པོ། རིན་པོ་ཆེའི་ཅོད་པན་དང་དབུ་སྐྲ་ཐོར་ཚུགས་མཆོད་རྟེན་གྱིས་བརྒྱན་པ། ཕག་སེར་པོ་དང་སྣ་ཚོགས་པད་ཉི་ལ་བཞུགས་པ། མཆོད་རྟེན་གྱི་བུམ་པའི་ནང་དུ་བཞུགས་པར་བཤད་ཀྱང་མི་ཤོང་དོག་པས་མ་བྲིས་ཀྱང་ཆོག །མཚོན་བྱེད་ཙམ་སྐུ་རྒྱབ་ལ་མཆོད་རྟེན་བྲིས་ཀྱང་རུང་། སྟེང་གཡོན་གཤེགས་རིགས་ཀྱི་ལྷ་མོ་འཕགས་མ་སྐུལ་བྱེད་མ་དཀར་མོ་ཞི་ཉམས་ཅན། རལ་པའི་ཐོར་ཚུགས་ལ་རྡོར་སེམས་ཀྱིས་མཚན་པ། ཕྱག་བཞིའི་གཡས་དང་པོས་མཆོག་སྦྱིན། གཡོན་དང་པོས་པུསྟིས་མཚན་པའི་པདྨ། འོག་མ་གཉིས་ཀྱིས་ལྷུང་བཟེད་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ལྡན། པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པ། །


LT40_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་བཀའ་ཉན་གྱི་གཙོ་བོ་རྒྱལ་ཆེན་སྡེ་བཞི་གཡས་ཕྱོགས་ཡུལ་འཁོར་སྲུང་ལྗང་གུ་པི་ཝཾ་བསྒྲེང་བ་དང་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི། གཡོན་གདན་ལ་བརྟེན་པ་གཉིས། །གཡོན་ཕྱོགས་སུ་མིག་མི་བཟང་དམར་པོ་གཡས་སྦྲུལ་ཞགས་གཡོན་མཆོད་རྟེན་བསྣམས་པ་དང་རྣམ་ཐོས་སྲས་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་ཏོ་གཡོན་ནེའུ་ལེ་བསྣམས་པ། །བཞི་ཀའང་ལྷའི་ཆས་ཅན་རྒྱ་གར་ལུགས། རིན་པོ་ཆེའི་ཁྲི་ལ་འགྱིང་སྟབས་ཀྱིས་བཞུགས་པ། གཙོ་མོ་ལྔ་པོ་སྐུ་ཆེ་ཞིང་གཞན་རྣམས་ཆུང་བར་བྲི། སྲུང་བ་ལྔ་པོ་གཟུངས་ཆེན་གྲྭ་ལྔ་ལས་གསུངས་ཤིང་རྒྱུད་ཐ་དད་པ་ཡིན་པས་སོ་སོར་ཡང་རུང་ལ་དཀྱིལ་འཁོར་གཅིག་ཏུ་བྱེད་པའི་ཁུངས་ནི་སོར་འབྲང་གི་དབུས་དང་། སྟོང་ཆེན་གྱི་མཇུག་གི་ཆར་གསལ་བ་བཞིན་ཞ་ལུ་དང་ཇོ་ནང་ལུགས་སོ་སོར་དཀྱིལ་ཆོག་དང་དབང་བསྐུར་བའི་རྒྱུན་སོགས་ཡོད་དོ། ༥ གཤེགས་རིགས་ཀྱི་གཙུག་ཏོར་དྲི་མེད་གཙོ་བོ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་སྐུ་མདོག་གསེར་བཙོམ་ལྟ་བུ། །ཆགས་བྲལ་རབ་ཏུ་བྱུང་བའི་ཆས་མཚན་དཔེ་འབར་བ། ཞལ་བཞི་པ། ཕྱག་བརྒྱད་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་བཞི་སེམས་དཔའི་སྐྱིལ་ཀྲུང་། དེའི་སྨིན་མཚམས་མཛོད་སྤུ་


LT40_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲོས་པའི་ཚུལ་གྱི་གསེར་གྱི་བ་ཐག་གིས་སྦྲེལ་ཞིང་སྟེང་ཕྱོགས་སུ་རིམ་པར་ཇེ་རྒྱས་སུ་གྱུར་པའི་འཇའ་སྣམ་འོད་ཟེར་དྲྭ་བའི་དབུས་སུ་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་གཟིགས་མ་དཀར་མོ་ཞལ་གཅིག་ཕྱག་བཞི་གཡས་དང་པོས་རིན་པོ་ཆེ། གཡོན་དང་པོ་ཞགས་པ། འོག་མ་གཉིས་མདའ་གཞུ་བཀང་བ། ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་སེམས་སྐྱིལ། ཐུབ་པའི་མདུན་ཟུར་གཡས་ནས་གཡས་བསྐོར་གྱི་གྲྭ་བཞིར་ལྕགས་ཀྱུ་མ་དཀར་མོ་གཡས་ལྕགས་ཀྱུ། གཡོན་ཕྲེང་བ། ཞགས་པ་མ་སེར་མོ་གཡས་ཞགས་པ། གཡོན་རིན་པོ་ཆེའི་རྔ་ཡབ། ལྕགས་སྒྲོག་མ་དམར་མོ་གཡས་ལྕགས་སྒྲོག །གཡོན་རིལ་བ། འབེབས་བྱེད་མ་ལྗང་གུ་གཡས་དྲིལ་བུ། གཡོན་ཕྲེང་བ། སྒོ་མ་བཞི་ཀ་ཞི་མ་ཁྲོའི་ཉམས་ཅན་སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་གཡས་བརྐྱང་གཡོན་བསྐུམ། གཙོ་འཁོར་དྲུག་ཀའི་གདན་སྣ་ཚོགས་པདྨ་དང་ཟླ་བའོ། །སྟེང་གི་གྲུ་གཡས་སུ་གཤེགས་རིགས་ཀྱི་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་རྩ་ཞལ་ཁྲོ་ཞིང་སྒེག་པ། གཡས་དྲག་ཤུལ། གཡོན་འཇིགས་རུང་། རྒྱབ་དཔའ་བའི་ཉམས་ཅན་སྤྱན་གསུམ་གསུམ་པ་སྟེ་ཞལ་བཞི་དང་སྐུ་མདོག་མཐིང་ནག །ཕྱག་བརྒྱད་ཀྱི་


LT40_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོར་དྲིལ་བསྣམས་པ། ལག་པ་ཁུ་ཚུར་རྒྱབ་སྦྱར་མཐེའུ་ཆུང་སྦྲེལ་མཛུབ་མོ་བརྐྱང་བ་ནི་ཧཱུྃ་མཛད་རྒྱའོ། །ལྷག་མ་གཡས་གསུམ་རལ་གྲི། ལྕགས་ཀྱུ། མདའ། གཡོན་གསུམ་གཞུ། ཞགས་པ། རྡོ་རྗེ་བསྣམས་པ། དར་གྱི་སྟོད་གཡོགས་དང་ཤམ་ཐབས། རིན་པོ་ཆེའི་རྒྱན་ལྡན། ཞབས་གཡོན་བརྐྱང་དབང་ཕྱུག་ནག་པོའི་མགོ་བོ་དང་གཡས་བསྐུམ་གཽ་རཱིའི་ནུ་མ་ཟུར་མནན་པ། སྟེང་གི་གྲུ་གཡོན་ཏུ་གཤེགས་རིགས་ཀྱི་ཁྲོ་མོ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དྲག་མོའི་ཚུལ་ཅན། ཞལ་བཞི་དང་སྐུ་མདོག་མཐིང་ནག །ཕྱག་བརྒྱད་གཡས་བཞིས་རལ་གྲི། གཏུན་ཤིང་། འཁོར་ལོ། མདའ། གཡོན་བཞིས་རྩེ་གསུམ། ཞགས་པ། གཞུ། སྡིགས་མཛུབ་མཛད་པ། དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་བཞི་བཞེངས་ཚུལ་བདུད་བཞི་མནན་པ། དེ་གཉིས་ཀ་གདན་པད་ཉི་དང་འབར་ཕྲེང་གི་དབུས་ན་གནས་པའོ། །གཙོ་བོ་གཉིས་ཆེ་ཞིང་སྒོ་བཞི་ཆུང་། ཁྲོ་བོ་ཁྲོ་མོ་འབྲིང་ཚད་དུ་བྲི། གཙུག་ཏོར་དྲི་མེད་ལ་ཀར་ལུགས་ཞ་ལུ་ངོར་ལུགས་སོགས་ཀྱི་དཀྱིལ་ཆོག་སྲོག་ཤིང་འཛུག་ཆོག་འཆི་བསླུ་སོགས་ཡིག་ཆ་མང་པོ་དང་དབང་དང་རིག་པ་གཏད་པའི་རྒྱུན་ཕྱག་བཞེས་མ་ཉམས་པ་འབྱུང་། ༦ །གཤེགས་


LT40_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གཙུག་ཏོར་གདུགས་དཀར་གྱི་གཙོ་མོ་བཅོམ་ལྡན་འདས་མ་གདུགས་དཀར་མོ་སྐུ་མདོག་དཀར་མོ། རྩ་ཞལ་གཉིས་བརྒྱ་དཀར་མོ་ཞི་བ། གཡས་ཞལ་ཉིས་བརྒྱ་སེར་མོ་སྒེག་པ། རྒྱབ་ཞལ་གཉིས་བརྒྱ་དམར་མོ་བཞད་ཅིང་དགོད་པ། གཡོན་ཞལ་གཉིས་བརྒྱ་ལྗང་གུ་གདངས་ནས་རྔམས་པ། སྟེང་ཞལ་གཉིས་བརྒྱ་སྔོན་མོ་མཆེ་གཙིགས་དྲག་ཤུལ་གྱི་ཉམས། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མངའ་བ་སྟེ་དབུ་སྟོང་དང་ལྡན་པ། ཕྱག་སྟོང་གཡས་དང་པོའི་འཁོར་ལོ་དང་བཅས་པའི་སྐྱབས་སྦྱིན། དེ་འོག་གོ་དགུས་འཁོར་ལོ། དེ་འོག་རིམ་བཞིན་བརྒྱ་རྡོ་རྗེ། བརྒྱ་རིན་པོ་ཆེ། བརྒྱ་པདྨ། བརྒྱ་སྣ་ཚོགས་རྡོ་རྗེ་བསྣམས་པ། གཡོན་དང་པོས་མདའ་དང་བཅས་པའི་གདུགས་དཀར་པོ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེ་འོག་གོ་དགུ་མདའ། །དེ་འོག་རིམ་བཞིན་བརྒྱ་གཞུ། བརྒྱ་ལྕགས་ཀྱུ། བརྒྱ་ཞགས་པ། བརྒྱ་རལ་གྲི་འབར་བ་བསྣམས་པ། ཞབས་གཡས་ལྔ་བརྒྱ་བསྐུམ་ཞིང་གཡོན་ལྔ་བརྒྱ་བརྐྱང་བེས་འཇིགས་པ་དང་གདོན་ལྔ་བརྒྱ་ལྔ་བརྒྱ་མནན་པའི་ཚུལ། སྐུའི་ཆ་ཐམས་ཅད་ལ་ཟུར་ལྟས་དང་དྲག་ཤུལ་ལ་སོགས་གཟིགས་ཚུལ་སྣ་ཚོགས་པའི་སྤྱན་མང་པོ། དབུ་གཙུག་ཏུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་གདེངས་པས་མཚན་པ།


LT40_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྡན་ཞིང་འབར་བའི་ཕྲེང་བ་འཁྲུགས་པའི་དབུས་ན་སེར་ཁྲི་པད་ཟླའི་གདན་ལ་བཞེངས་པ། མདུན་ཏུ་གཙུག་ཏོར་འབར་བ་དམར་སེར་གནོད་སྦྱིན་ཁྲོས་པའི་ཚུལ་སྦོམ་ཐུང་བསུས་པ་འཕྱང་བ། ཕྱག་གཡས་རལ་གྲི་མེ་འབར་བ་ཕྱར་ཞིང་གཡོན་སྡིགས་མཛུབ་རྩེ་ལ་ཁྲོ་བོའི་འཁོར་ལོ་རྩིབས་བརྒྱད་མེ་འབར་བསྐོར་བ། སྤྱན་གསུམ་དབུ་སྐྲ་ཁམས་ནབ། །སྦྲུལ་དང་རིན་པོ་ཆེའི་རྒྱན་དང་སྟག་ཤམ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་ལ་བྱད་མ་བརྫིས་པ། མེ་དཔུང་འབར་བའི་དབུས་ན་ཁྲོ་བོའི་དྲག་ཤུལ་ཆེན་པོས་བཞེངས་པ། དབུ་ཀླད་དུ་ཐུགས་ཀའི་ཁྲོ་མོ་གཞན་གྱིས་མི་ཐུབ་མ་ནག་མོ་ཁྲོ་ཚུལ། གཡས་རྡོ་རྗེ། གདན་ངད་ཉི་དང་མེ་དཔུང་དབུས་སུ་བཞུགས་པ། མདུན་གཡས་ཤར་ཕྱོགས་སུ་གཏུམ་ཆེན་མ་དཀར་མོ་གཡས་རྡོ་རྗེ། གླང་ཆེན་ཁྲི། གཡས་ངོས་ལྷོ་ཕྱོགས་སུ་འབར་བ་ཆེན་མོ་སེར་མོ་གཡས་རིན་པོ་ཆེ། རྟའི་ཁྲི། སྟེང་གཡོན་ནུབ་ཕྱོགས་སུ་གོས་དཀར་ཅན་མ་དམར་སྐྱ་གཡས་པདྨ། རྨ་བྱའི་ཁྲི། གཡོན་ལོགས་བྱང་ཕྱོགས་སུ་སྒྲོལ་མ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། ནམ་མཁའ་ལྡིང་གི་ཁྲི། ཤར་ལྷོར་པདྨའི་མངོན་མཚན་ཅན་མ་སེར་མོ། གཡས་ལྕགས་


LT40_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ། སྟེང་གཡས་ལྷོ་ནུབ་ཏུ་གཞན་གྱིས་མི་ཐུབ་མ་དམར་མོ། གཡས་རྡོ་རྗེའི་ཕྲེང་བ། ནུབ་བྱང་དུ་རྡོ་རྗེ་མཆུ་ཅན་ལྗང་གུ། གཡས་རལ་གྲི། མདུན་གཡོན་བྱང་ཤར་དུ་རྒྱལ་བའི་རྡོ་རྗེ་མ་སྔོན་མོ། གཡས་དབྱུག་པ། འཁོར་གྱི་ལྷ་མོ་རྣམས་ཀྱི་ཞལ་ཁྲོ་འཛུམ། ཕྱག་གཡོན་པ་ཐམས་ཅད་སྡིགས་མཛུབ། དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སེམས་སྐྱིལ་པད་ཟླ་ལ་བཞུགས་པ། འབར་བའི་ཕྲེང་བ་འཁྲུགས་པའོ། །འདི་ལ་ལྷ་བཅུ་བདུན་མ། ཉེར་བདུན་མ། ཞེ་གཉིས་མ་སྟེ་དཀྱིལ་འཁོར་གསུམ་གྱི་དབང་རྒྱུན་བཞུགས་ཤིང་གཏོར་ཟློག་གི་ཕྱག་ལེན་སོགས་དགེ་ཕྱོགས་སུ་དར་སྲོལ་ཆེའོ། །གཙུག་ཏོར་འབར་བ་ནི་ཞར་བྱུང་ངོ་། ༦ །གཤེགས་རིགས་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ནི། བཞུགས་གནས་མཆོད་རྟེན་ལ་ས་འཛིན་དམིགས་བསལ་མ་གསུངས་ཀྱང་མཛེས་ཆའི་ཕྱིར་བྲིས་པའི་སྟེང་དུ་སེང་ཁྲི། དེ་སྟེང་པདྨ། དེ་སྟེང་ཁྲི་ཟླུམ་པོ་བང་རིམ་སུམ་བརྩེགས་ཀྱི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་པྲ་ཆོས་འཁོར་ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང་དར་གྱི་ལྡ་ལྡིས་བརྒྱན་པའི་བུམ་པའི་དབུས་སུ་པད་ཟླའི་གདན་ལ། གཙུག་ཏོར་རྣམ་རྒྱལ་དཀར་མོ་ཞལ་གསུམ་རྩ་ཞལ་


LT40_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དཀར། གཡས་སེར། གཡོན་སྔོན་པོ་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ། ཞི་ཚུལ་འཛུམ་མདངས་ཅན། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་སངས་རྒྱས་འོད་དཔག་མེད་སྤྲུལ་སྐུའི་ཆས་ཅན་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་མཛད་པ། གཡོན་དང་པོས་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པས་མཉམ་བཞག་བདུད་རྩིའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ལྡན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ་ཕྱག་གཡས་རྔ་ཡབ། གཡོན་པད་དཀར། གཡོན་ཏུ་ཕྱག་རྡོར་སྔོན་པོ་གཡས་རྔ་ཡབ། གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ་སྔོན་པོ་འཛིན་པ། གཉིས་ཀ་གཞོན་ནུ་ཞི་ཞིང་སྒེག་པ། འཁོར་ལོས་སྒྱུར་བའི་ཆས་ཅན། ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པའོ། །ཕྱོགས་བཞིའི་ཤར་དུ་ཁྲོ་བོ་མི་གཡོ་བ་གཡས་རལ་གྲི། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་ཏོ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་འཕྱར་བ། ཁྲོ་བོ་བཞི་


LT40_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྐུ་མདོག་མཐིང་ནག་རོལ་པའི་ཁྲོ་བོ། སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་ནག་པོ་ཐོར་ཚུགས་བྱས་པ། ཕྱག་གཡོན་པ་རྣམས་སྡིགས་མཛུབ་ཐུགས་ཀར་གཏད་པ། །སྟག་ཤམ་དང་སྦྲུལ་རྒྱན་ཅན། མེ་འབར་བའི་དབུས་ན་པད་ཉི་ལ་གཡོན་བརྐྱང་གི་བཞེངས་པ། འདི་བཞི་ད་ལྟའི་ཕྱག་རྒྱུན་ཏུ་སེང་ཁྲིར་ཕྲེང་གྲལ་དུ་འབྲི་བར་མཛད་འདུག །དེ་ལྟ་ན་གཡས་སུ་མི་གཡོ་བ། དེ་གཡས་འདོད་རྒྱལ། གཡོན་ངོས་དབྱུག་སྔོན། དེ་གཡོན་སྟོབས་པོ་ཆེ་འབྲི་བ་ལེགས། སྟེང་གི་ནམ་མཁར་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས་གཡས་གཡོན་ཏུ་འཇའ་སྤྲིན་ལས་འཐོན་ཏེ། གཙོ་མོ་ལ་སྐུ་ཁྲུས་གསོལ་བའི་ཚུལ་ཅན་འབྲི། སྟེང་གི་གཡས་སུ་གཤེགས་རིགས་ཀྱི་ཡུམ་རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག་གི་ཡ་གྱལ་སངས་རྒྱས་སྤྱན་མ་དཀར་མོ་ཕྱག་གཡས་འཁོར་ལོ་མིག་འབྲས་ཀྱིས་མཚན་པ་དང་། གཡོན་པདྨ་དཀར་པོ། རྒྱན་དང་ན་བཟའ་དཀར་པོ་ལྷ་མོའི་ཆ་ལུགས་སྤྱི་འགྲེ། སེམས་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། སྟེང་གཡོན་གནས་གཙང་མའི་རིགས་ཀྱི་ལྷ་རིག་པའི་རྒྱལ་མོ་གཟའ་ཡུམ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་དཀར། གཡས་སྔོ། གཡོན་དམར། ཞལ་རེ་རེ་ལ་སྤྱན་


LT40_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཆོས་འཆད། བར་པ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་མདའ་གཞུ་འཛིན་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་འཆང་བ། པད་ཟླ་ལ་རྡོར་སྐྱིལ་གྱིས་བཞུགས་པའོ། །རྣམ་རྒྱལ་ལྷ་སོ་གསུམ་མའི་དབང་རྒྱུན་རྡོར་ཕྲེང་ཁ་སྐོང་ཀྲི་ཡ་ས་མུཙྪའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་གྱི་གྲལ་དུ་བཞུགས། ལྷ་དགུ་ལ་རྗེས་གནང་མ་གཏོགས་དབང་རྒྱུན་མི་བཞུགས། ༨ །བྱ་བ་སྤྱིའི་རྒྱུད་ལས་གསུངས་པ་རིགས་གསུམ་སྤྱིའི་གཙོ་བོ་འཇམ་པའི་དབྱངས་དམར་སེར་རལ་པའི་ཟུར་ཕུད་ལྔ་གཡོན་ཏུ་འཕྱང་བ། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་ཕྱར་ཞིང་གཡོན་མཐེབ་མཛུབ་ཀྱིས་ཨུཏྤ་ལའི་སྡོང་བུ་ཐུགས་ཀར་བཟུང་བའི་མེ་ཏོག་སྙན་ཐད་བྱེ་བར་པུསྟ་ཀས་མཚན་པ་བསྣམས་པ། པད་ཟླ་ལ་རྡོར་སྐྱིལ་གྱིས་བཞུགས་པ། གཡས་སུ་འཇིག་རྟེན་དབང་ཕྱུག་དཀར་པོ་ཕྱག་གཡས་མཆོག་སྦྱིན། གཡོན་པད་དཀར། པད་ཟླ་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། གཡོན་ཏུ་གསང་བདག་སྔོན་པོ་གཡས་ཐུགས་ཀར་རྡོ་རྗེ། གཡོན་དྲིལ་བུ་དཀུར་བརྟེན་པ། སེམས་སྐྱིལ་གྱིས་པད་ཉི་ལ་བཞུགས་པ། གསུམ་ཀ་སྐུ་ཚད་ཆེ་ཆུང་མཉམ་ཞིང་ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ལྡན། ཤར་ནུབ་ཏུ་རིན་པོ་ཆེའི་ཁྲི་ལྷའི་གོས་


LT40_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀབ་པའི་སྟེང་དུ་ཤེར་ཕྱིན་གྱི་གླེགས་བམ་རེ་བཞུགས་པ། སྟེང་དབུས་སུ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པདྨའི་སྡོང་པོ་འཛིན་པ། སྙན་ཐད་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོ་སངས་ཅན། ཞབས་འཁྲིས་སུ་དབྱུག་སྔོན་ཅན་ཁྲོ་ཆུང་སྔོན་པོ་དབྱུག་པ་འཆང་བ། སྟེང་གཡས་སུ་ཀུན་ཏུ་བཟང་པོ་དམར་པོ་གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང་གཡོན་ཉི་མ་དང་པདྨ་དཀར་པོ་བསྣམས་པ། །ཞབས་འཁྲིས་སུ་ཌཱཀྐི་རཱ་ཛ་ཁྲོ་ཆུང་དམར་པོ་ལྕགས་ཀྱུ་ཐོགས་པ། སྟེང་གཡོན་སྒྲིབ་པ་རྣམ་སེལ་དཀར་པོ་གཡས་བུམ་པ་བདུད་རྩིས་གང་བ་འཛིན་ཅིང་། གཡོན་པད་དཀར་སྡོང་བུ་སྙན་ཐད་བྱེ་བར་ཟླ་བ་ཉ་གང་བས་མཚན་པ། འཁྲིས་སུ་ཕྱིར་ཟློག་ཆེན་པོ་ཁྲོ་ཆུང་ནག་པོ་རལ་གྲི་འཆང་བ། མདུན་གྱི་པུསྟིའི་གཡས་ངོས་སུ་བྱམས་པ་དམར་སེར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་ཀླུ་ཤིང་ཡལ་ག་མེ་ཏོག་སྙན་ཐད་བྱེ་བ་འཛིན་ཅིང་ཚངས་སྐུད་ཐོགས་པ། རི་དྭགས་ལྤགས་པས་ནུ་གཡོན་བཀབ་པ། རལ་པའི་ཐོར་ཚུགས་ཀྱི་ངོས་བྱང་ཆུབ་མཆོད་རྟེན་གྱིས་མཚན་ཅིང་འཁྲིས་སུ་གཞན་གྱིས་མི་ཐུབ་པ་ཁྲོ་ཆུང་སེར་པོ་གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་ཞགས་པ་དང་བཅས་


LT40_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིགས་མཛུབ་མཛད་པ། པུསྟིའི་གཡོན་ངོས་སུ་ས་སྙིང་སེར་པོ་སྟོད་གཡོགས་སེར་པོ་ཅན། ཞི་ཚུལ་སྦྱར་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཏོག་དང་གཡོན་པད་ཕྲེང་ནོར་བུ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་བ། རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། འཁྲིས་སུ་རྡོ་རྗེ་ས་འོག་ཁྲོ་ཆུང་ནག་པོ་རྡོ་རྗེ་ཐོགས་པ། སེམས་དཔའ་དྲུག་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན། པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པ། མདུན་གཡས་ཤོང་ཡངས་གར་བདེར་གཤེགས་རིགས་ཀྱི་ཕོ་ཉ་མི་གཡོ་བ་སྔོན་པོ་ཁྲོ་ཚུལ་སྤྱན་གསུམ་གྱི་གཡས་པ་སྟེང་། གཡོན་པ་འོག །དབུས་མ་ཐད་ཀར་གཟིགས་ཚུལ། ཡ་སོས་མ་མཆུ་མནན་ཅིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་ཐོར་ཚུགས་ཟུར་ཕུད་ལྔ་ལྡན་ཏུ་བཅིངས་པ། ཕྱག་གཡས་རལ་གྲི་མེ་འབར་བ་ཕྱར་ཞིང་གཡོན་རྡོ་རྗེའི་ཞགས་པ་སྡིགས་མཛུབ་ལ་ལན་གཉིས་སུ་དཀྲིས་ཤིང་ཐུགས་ཀར་གཏོད་པ། དར་གྱི་ཤམ་ཐབས། རིན་པོ་ཆེའི་རྒྱན་དང་། སྦྲུལ་དཀར་པོའི་སེ་རལ་ཁར་བྱས་པ། ཞབས་གཡོན་གྱི་པུས་མོ་དང་གཡས་པའི་མཐིལ་སྣ་ཚོགས་པད་ཉི་ལ་གཏད་དེ་མེ་འབར་བའི་དབུས་ན་བཞུགས་པ། མདུན་གཡོན་མི་གཡོ་བ་དཀར་པོ་ཆ་ལུགས་ཐམས་ཅད་སྔོན་པོ་ལྟར་


LT40_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེའི་ཞགས་པའི་སྣེ་གཉིས་ཕྲག་གོང་དུ་ལྡིང་ཞིང་སྦྲུལ་ལྗང་གུའི་སྐེ་རགས་བྱས་པ། སྦྲུལ་དཀར་དོ་ཤལ་མི་དགོས། རིགས་གསུམ་སྤྱིའི་དབང་རྒྱུན་དཀྱིལ་ཆོག་བསྙེན་རྒྱུན་ཚད་ལྡན་ས་ལུགས་ལ་བཞུགས་ཤིང་། གཤེགས་རིགས་ཀྱི་བྱང་སེམས་དྲུག་པོ་ཤཱཀྱ་རཀྵི་ཏའི་མན་ངག་གང་བའི་རྡོ་རྗེའི་གསུང་ལས་བྱུང་བ་རྗེ་སྒྲོལ་བའི་མགོན་པོའི་བཀའ་གསང་ལྟར་རོ། ༩། །བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ལ་བརྟེན་པའི་ཚེ་དཔག་མེད་ལྷ་དགུ་དང་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་ཟུང་དུ་འབྲེལ་བའི་གཙོ་བོ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ། ཞི་འཛུམ་ཆགས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་ན་ཚེ་བུམ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་འཛིན་པ། དབུ་སྐྲ་ཐོར་ཚུགས། དར་གྱི་སྟོད་གཡོགས་སྨད་ཤམ། ནོར་བུ་སྤེལ་མའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། དཔུང་རྒྱན། ཕྱག་ཞབས་གདུ་བུ། མུ་ཏིག་གི་སེ་མོ་དོ་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཟེར་དཔག་མེད་འཕྲོ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། གཡས་སུ་སྤྱན་


LT40_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་དཀར་པོ་གཡས་པདྨ། གཡོན་རྔ་ཡབ། གཡོན་ཏུ་མཐུ་ཆེན་ཐོབ་སྔོན་པོ་ཅུང་ཟད་ཁྲོ་བ་གཡས་རྡོ་རྗེ། གཡོན་རྔ་ཡབ། ཞབས་པད་ཟླ་ལ་བཞེངས་པ། རྒྱན་གཞན་གཙོ་བོ་དང་མཚུངས། མདུན་དུ་གཤིན་རྗེ་གཤེད་ནག་པོ་དབྱུག་ཐོ་བསྣམས་པ། རྒྱབ་ཏུ་རྟ་མགྲིན་དམར་པོ་དབྱུག་པ་དཀར་པོ་འཛིན་པ། གཉིས་ཀ་པད་ཉི་དང་བདུད་ཁ་བུབ་ཏུ་བསྒྱེལ་བའི་གདན་ལ་གཡོན་བརྐྱང་སྟབས་ཀྱིས་གནས་ཤིང་ཁྲོ་ཆས་སྤྱི་དང་མཚུངས་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས། བྱང་ཤར་ཀུན་གཟིགས། ཤར་ལྷོར་ཡོན་ཏན། ལྷོ་ནུབ་ཏུ་ཡེ་ཤེས། ནུབ་བྱང་དུ་མི་གཡོ་ཚེ་དཔག་མེད་རྣམས་སྐུ་མདོག་རྒྱན་ཆ་བཞུགས་སྟངས་སོགས་གཙོ་བོ་དང་མཚུངས་པ། དེ་དག་གི་བར་རམ་མདུན་ཕྱོགས་གང་བདེར་ལྷོར་ཡབ་འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོག་དང་། བྱང་དུ་ཡུམ་གཟི་བརྗིད་ཅན་གཉིས་བྱང་ཆུབ་སེམས་དཔའ་སེམས་མའི་ཆ་ལུགས་ཅན་ཡབ་འཁོར་ལོ། ཡུམ་ནོར་བུ་བསྣམས་པ། ནུབ་ཏུ་བཙུན་མོ་བཟང་སྐྱོང་མ་དགེ་སློང་མའི་ཆ་ལུགས་ལྷུང་བཟེད་བསྣམས་པ། ཤར་དུ་སྲས་ཟླ་བའི་འོད་དགེ་སློང་ཆས་ཅན་དབུའི་གཙུག་ཏོར་ཅུང་ཟད་འབུར་བ། པདྨ་བསྣམས་པ། ཤར་ལྷོར་རིམ་གྲོ་པ་སྙན་པ་དྲི་མེད་


LT40_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བ་བསྣམས་པ། ལྷོ་ནུབ་ཏུ་ཤེས་རབ་ཅན་གྱི་མཆོག་བཟང་པོའི་ཏོག་གླེགས་བམ་བསྣམས་པ། ནུབ་བྱང་དུ་རྫུ་འཕྲུལ་ཅན་གྱི་མཆོག་བཀོད་པ་ཆེན་པོ་འཁར་གསིལ་བསྣམས་པ། བྱང་ཤར་དུ་ཉན་ཐོས་འདུས་པ་སྤྱིའི་མཚོན་བྱེད་དགེ་སློང་པུས་བཙུགས་ཐལ་སྦྱར་ཏེ་ཐམས་ཅད་རབ་ཏུ་བྱུང་བའི་ཆ་ལུགས། བྱང་སེམས་གཉིས་པདྨ་དང་གཞན་གདིང་བ་ལ་བཞུགས་པ། བརྒྱད་ཀ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་བའི་ཚུལ་ཅན་ནོ། །ལྷ་དགུ་ལ་དབང་རྒྱུན་དང་ཡིག་ཆ་སྒྲུབ་མཆོད་སོགས་གྲུབ་མཐའ་ཡོངས་ལ་དར་སྲོལ་ཆེ་ཞིང་། འཆི་མེད་རྔ་སྒྲ་ལའང་བུ་ལུགས་དང་ངོར་ལུགས་ཀྱི་དབང་རྒྱུན། སྒྲུབ་མཆོད་དར་རྒྱས་ཇོ་ནང་གི་ཡིག་ཆ་དང་དབང་རྒྱུན་སོགས་བཞུགས་སོ། ༡༠ །པདྨའི་རིགས་ཀྱི་འཁོར་ལོས་སྒྱུར་བ་སྤྱན་རས་གཟིགས་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་གཙོ་བོ་ཞལ་བཅུ་གཅིག་གི་རྩ་ཞལ་དང་སྐུ་ལུས་དཀར། གཡས་ལྗང་གཡོན་དམར། དེ་སྟེང་ཞལ་གསུམ་དབུས་ལྗང་གཡས་དམར་གཡོན་དཀར། དེ་སྟེང་ཞལ་གསུམ་དབུས་དམར་གཡས་དཀར་གཡོན་ལྗང་། དེ་སྟེང་ཁྲོ་ཞལ། དེ་སྟེང་འོད་དཔག་མེད་སྤྲུལ་སྐུའི་ཞལ་དམར་པོ། རྩ་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཐལ་སྦྱར། གཡས་ལྷག་མས་ཕྲེང་བ། མཆོག་སྦྱིན་ལས་བདུད་རྩི་


LT40_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

འབབས་པ། འཁོར་ལོ། གཡོན་ལྷག་མས་པད་དཀར། སྤྱི་བླུགས། མདའ་གཞུ་བསྣམས་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་མཆོག་སྦྱིན་རྣམ་པར་བརྐྱང་བ། རྩ་ཕྱག་དང་བཅས་པའི་ཕྱག་མཐིལ་ཐམས་ཅད་ལ་སྤྱན་རེ་རེས་མཚན་པ། འོད་ཟེར་དྲྭ་བ། དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་མཚུངས་ལ། རི་དྭགས་ལྤགས་པས་ནུ་གཡོན་བཀབ་པ། པད་ཟླ་ལ་ཞབས་མཉམ་པའི་སྟབས་ཀྱིས་བཞེངས་པ། དབུ་ཐད་དུ་འོད་དཔག་མེད་དམར་པོ་ཕྱག་གཉིས་མཉམ་བཞག །མདུན་ཏུ་མི་བསྐྱོད་པ་སྔོན་པོ་ས་གནོན་དང་མཉམ་བཞག །གཡས་སུ་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག །རྒྱབ་གཡོན་ཏུ་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ། གཡོན་ཏུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་བཞག །བདེ་གཤེགས་ལྔ་པོ་གཙུག་ཏོར་དང་ཆོས་གོས་འཛིན་པ་སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས། པད་ཟླ་ལ་རྡོར་སྐྱིལ་གྱིས་བཞུགས་པ། རྒྱབ་གཡས་ཁ་སརྦ་ི་དཀར་པོ་ཕྱག་གཡོན་མཆོག་སྦྱིན་པུས་སྟེང་དུ་བརྐྱང་ཞིང་གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། རལ་པའི་ཐོར་ཚུགས་དང་རི་དྭགས་ལྤགས་པ་སོགས་སྐུ་ཆས་སྤྱི་འགྲེ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་། གཡོན་བསྐུམ་པས་པད་ཟླ་ལ་བཞུགས་


LT40_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ། མདུན་གཡས་སྤྱན་རས་གཟིགས་འཇིགས་པ་བརྒྱད་སྐྱོབ་དཀར་པོ་ཞལ་གཅིག །ཕྱག་བརྒྱད་གཡས་བཞིས་སེང་གེ། གླང་ཆེན། དུག་སྦྲུལ། གཟའ། གཡོན་བཞིས་མེ། ཆུ། ལྕགས་སྒྲོག །མི་རྣམས་འཛིན་པ། ཞབས་གཡོན་བརྐྱང་གར་སྟབས་ཀྱིས་པད་ཟླ་ལ་འགྱིང་ཞིང་དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་འགྲེ། སྟེང་གཡས་འགྲོ་འདུལ་ཕྱག་བཞི་པ་དཀར་པོ། དང་པོ་གཉིས་ཐལ་སྦྱར། གཡས་འོག་ཤེལ་ཕྲེང་། གཡོན་འོག་པད་དཀར། རྒྱན་སྤྱན་གཟིགས་སྤྱི་མཚུངས། པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ། སྟེང་གཡོན་པདྨ་གཙུག་ཏོར་དྲི་མ་མེད་པ་ཞལ་གསུམ་ཕྱག་དྲུག །རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་སྔོ། གཡོན་དམར། གཡས་གསུམ་པད་དཀར། རྩེ་གསུམ། སྟ་རེ། གཡོན་གསུམ་ཞགས་པ། སྐྱབས་སྦྱིན། དབྱུག་ཏོ་བསྣམས་པ། རི་དྭགས་ལྤགས་པ་སོགས་རྒྱན་སྤྱི་མཚུངས། ཐོར་ཚུགས་ལ་ཟླ་ཕྱེད་ཅན། པད་ཟླ་ལ་སྐྱི་ཀྲུང་ངོ་། །མདུན་གཡོན་པདྨའི་རིགས་ཀྱི་ཁྲོ་བོ་དཔལ་ཆེན་རྟ་མགྲིན་ཞལ་གསུམ་ཕྱག་བརྒྱད་རྩ་ཞལ་དང་སྐུ་མདོག་དམར་བ། ཞལ་གཡས་ནག་གཡོན་དཀར། ཞལ་སྟེང་རྟ་མགོ་ལྗང་། ཞལ་རེ་རེ་ལ་སྤྱན་གསུམ་གསུམ། མཆེ་གཙིགས་


LT40_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁྲོ་བོའི་ཉམས་ཅན། དབུ་སྐྲ་ཁམ་པ་གྱེན་བརྫེས་ཐོད་སྐམ་ལྔའི་ཕྲེང་བས་བཅིངས་པ། ཐོད་པའི་དོ་ཤལ་སྦྲུལ་རྒྱན་སྟག་ཤམ་མངའ་བ། ཕྱག་བརྒྱད་གཡས་བཞིས་ལྕགས་ཀྱུ། མདའ། །ཐོད་པ། རྡོ་རྗེ། གཡོན་བཞི་ས་ཞགས་པ། གཞུ། ཁ་ཊྭཱཾཱཾ། དྲིལ་བུ་འཛིན་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་སྟབས་ཀྱིས་པད་ཟླ་ལ་བཞེངས་པ། འབར་བའི་ཕྲེང་བ་དང་བཅས་པའོ། །བཅུ་གཅིག་ཞལ་དཔལ་མོ་ལུགས་ལ་གྲུབ་མཐའ་ཡོངས་གྲགས་སུ་རྗེས་གནང་ཙམ་བཞུགས་ལ། ཀརྨ་ཀཾ་ཚང་དང་དགེ་ཕྱོགས་སུ་མན་ངག་ལུགས་ལྟ་བུའི་དབང་གི་རྒྱུན་ཀྱང་སྣང་ཞིང་ཆོ་གའི་ཚུལ་རྒྱས་བསྡུས་སྣ་ཚོགས་དང་སྨྱུང་གནས་ཀྱི་སྒྲུབ་སྲོལ་སོགས་དར་རྒྱས་སུ་བཞུགས་བཞིན་པའོ། ༡༡ །པདྨའི་རིགས་ཀྱི་བདག་པོ་དོན་ཡོད་ཞགས་པ་ལྷ་མང་ཨེ་ར་པ་ཏིའི་ལུགས་ཀྱི་དཀྱིལ་འཁོར་ཆེན་པོའི་གཙོ་བསྡུས། །དབུས་སུ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན། གཡོན་པདྨ་འཆང་བ། རལ་པའི་ཅོད་པན་ཅན། འོད་དཔག་མེད་པས་དབུ་བརྒྱན་པ། རི་དྭགས་ལྤགས་པའི་སྨད་དཀྲིས་དང་། ཁྱུ་བདག་གི་ཆ་ལུགས་འཆང་བ། རིན་པོ་ཆེའི་རྒྱན་ཅན། པད་ཟླ་ལ་ཞབས་སེམས་སྐྱིལ་


LT40_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཞུགས་ཤིང་འོད་ཀྱི་དཀྱིལ་འཁོར་འཕྲོ་བ། དེའི་གཡས་མདུན་ཏུ་དོན་ཡོད་ཞགས་པ་དམར་པོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་། རྒྱབ་གཡས་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་དབྱུག་པ་དང་སྡིགས་མཛུབ། གཡོན་གཉིས་འཁོར་ལོ་དང་པདྨ་འཆང་བ། དབུ་གཙུག་རྟ་མགོས་མཚན་ཅིང་ཞབས་བཞེངས་སྟབས། རྒྱབ་གཡོན་རལ་གཅིག་མ་ནག་མོ། ཞལ་ཁྲོ་ཞིང་མཆེ་བ་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་བཞིས་རལ་གྲི། ཞགས་པ། པདྨ། མདའ། །གཡོན་བཞིས་འཁོར་ལོ། དབྱུག་པ། རྩེ་གསུམ། གཞུ་བསྣམས་པ། སྟག་ཤམ་དང་བཅས་པ། མདུན་གཡོན་ཁྲོ་གཉེར་ཅན་མ་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་དབྱུག་པ་དང་པདྨ། གཡོན་གཉིས་ཕྲེང་བ་དང་སྤྱི་བླུགས་བསྣམས་པ། འཁོར་བཞི་ཀ་འོད་དཔག་མེད་པ་དང་དར་དཔྱངས་ཀྱི་དབུ་རྒྱན་ཅན། དར་དང་རིན་པོ་ཆེའི་རྒྱན་ལྡན། འོད་ཀྱི་དཀྱིལ་འཁོར་དབུས་ན་པད་ཟླའི་གདན་ལ་བཞུགས་པ། རྟ་མགྲིན་མ་གཏོགས་པ་གསུམ་པོ་སེམས་སྐྱིལ་ལོ། ཤར་དུ་རྗེ་བཙུན་སེང་གེ་སྒྲ་དཀར་པོ། གཡས་མཆོག་སྦྱིན་པུས་སྟེང་བརྐྱང་ཞིང་གཡོན་རྒྱབ་ཀྱི་ཆར་གདན་ལ་བརྟེན་པ།


LT40_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་རལ་པའི་ཐོར་ཚུགས་དང་ཚངས་སྐུད་ཅན། རྒྱན་གཞན་སྤངས་པ་དཀའ་ཐུབ་ཀྱི་ཆ་ལུགས། རི་དྭགས་ནག་པོའི་པགས་པས་ནུ་གཡོན་བཀབ་ཅིང་དར་དམར་ཤམ་ཐབས་གསོལ་བ། ཞབས་གཡོན་བརྐྱང་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ། གདན་པདྨ་དམར་པོའི་སྟེང་དུ་སེང་གེ་དཀར་པོ་མགོ་གཡས་གདོང་གྱེན་རལ་པ་དམར་སེར་ཐུར་འཕྱང་རིན་པོ་ཆེའི་དྲྭ་བས་བཀབ་པའི་སྟེང་དུ་ཟླ་བའི་གདན་དང་བཅས་པ། སྐུའི་གཡས་ལོགས་སུ་ཏྲི་ཤཱུ་ལ་ལྗང་གུ་སྦྲུལ་དཀར་པོས་དཀྲིས་པ། གཡོན་ལོགས་སུ་པདྨའི་སྟེང་དུ་ཐོད་པ་མེ་ཏོག་སྣ་ཚོགས་ཀྱིས་གང་བ་དང་། པད་དཀར་གྱི་སྡོང་པོ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་དང་བཅས་པ། ལྷོར་ཡིད་བཞིན་ནོར་བུ་འཁོར་ལོས་སྒྱུར་བ་གསེར་མདོག་ཞལ་གསུམ་ཕྱག་དྲུག །རྩ་ཞལ་སེར་པོ། གཡས་སྔོ། གཡོན་དམར། །ཕྱག་དང་པོ་གཉིས་འཁོར་ལོ་དང་རྡོ་རྗེ། བར་པ་གཉིས་པདྨ་དང་རིན་པོ་ཆེ། ཐ་མ་གཉིས་སྐྱབས་སྦྱིན་དང་མཆོག་སྦྱིན་གྱི་རྒྱ་ཅན། རྟ་མཆོག་སེར་པོ་ལ་བཞུགས་པ། ནུབ་སྟེ་སྟེང་གཡོན་ཏུ་པདྨ་གར་གྱི་དབང་ཕྱུག་པདྨ་རཱ་གའི་མདོག་ཅན། ཕྱག་བཞིའི་དང་པོ་གཉིས་པདྨ་སྐྱབས་སྦྱིན། འོག་མ་གཉིས་ལྕགས་ཀྱུ་དང་སྤྱི་བླུགས་བསྣམ་པ། ལྡེམ་བག་ཅན་རྨ་བྱ་ལ་བཞུགས་པ། བྱང་དུ་


LT40_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་མི་གཤོལ་བ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་དྲུག་དང་པོ་གཉིས་རལ་གྲི་དང་པདྨ། བར་པ་གཉིས་མདའ་གཞུ། ཐ་མ་གཉིས་སྐྱབས་སྦྱིན་དང་གང་བའི་བུམ་པ་ཐོགས་ཤིང་མཁའ་ལྡིང་ལ་བཞུགས་པ། བྱང་ཤར་དུ་དོན་ཡོད་ཞགས་པ་དཀར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རིན་པོ་ཆེ་དང་ཞགས་པ། འོག་མ་གཉིས་སྐྱབས་སྦྱིན་དང་ལྕགས་ཀྱུ་བསྣམས་ཤིང་སྦྲུལ་བཞུགས་པ། ཤར་ལྷོར་རྗེ་བཙུན་ཧ་ལ་ཧ་ལ་དཀར་པོ་ཕྱག་བཞི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ། འོག་མ་གཉིས་སྐྱབས་སྦྱིན་དང་ཆོས་ཀྱི་ཟ་མ་ཏོག་བསྣམས་ཤིང་རུས་སྦལ་ལ་བཞུགས་པ། ལྷོ་ནུབ་ཏུ་པདྨ་རྒྱན་ལུང་དམར་པོ་ཕྱག་བཞིའི་དང་པོ་གཉིས་ཌ་མ་རུ་དང་བགྲང་ཕྲེང་། འོག་མ་གཉིས་སྐྱབས་སྦྱིན་དང་ལྕགས་སྒྲོག་འཛིན་ཅིང་ཆུ་སྲིན་ལ་བཞུགས་པ། ནུབ་བྱང་དུ་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དམར་སེར་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཆོས་འཆད་སྟེང་འོག་མཛད་པའི་གཡས་ཀྱིས་འཁོར་ལོ་བསྣམས་པ། འོག་མ་གཉིས་སྐྱབས་སྦྱིན་དང་པུསྟིས་མཚན་པའི་པདྨ་བསྣམས་ཤིང་གླང་པོ་ལ་བཞུགས་པ། སྟེང་གི་ཆ་ནུབ་གཡས་སུ་རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ཧ་རི་ཧ་རི་ཧ་རི་ལ་ཞོན་པ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་མཐིང་ག །ཞལ་གཡས་དཀར། གཡོན་དམར། ཕྱག་བརྒྱད་དང་པོ་གཉིས་


LT40_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དང་རྡོ་རྗེ། དེ་འོག་གཉིས་མདའ་གཞུ། དེ་འོག་གཉིས་པད་དཀར་བགྲང་ཕྲེང་། དེ་འོག་གཉིས་སྐྱབས་སྦྱིན་དང་བདུད་རྩིས་གང་བའི་བུམ་པ་ཐོགས་པ། གདན་སེང་གེའི་སྟེང་དུ་བྱ་ཁྱུང་། །དེའི་སྟེང་དུ་ཁྱབ་འཇུག་ནག་པོ་ལག་པ་བཞིའི་གཡས་གཉིས་རྔ་ཡབ་དང་མདུང་། གཡོན་གཉིས་འཁོར་ལོ་དང་དབྱུག་པ་འཛིན་པ་ལ་བཞུགས་པ། མདུན་འོག་ཏུ་མགྲིན་སྔོན་ཅན་ཞལ་གསུམ། རྩ་ཞལ་དང་སྐུ་མདོག་སྔོན་པོ། གཡས་གཡོན་སེར་པོ། ཕྱག་བཞིའི་དང་པོ་གཉིས་པདྨ་དང་པུསྟི། འོག་མ་གཉིས་སྐྱབས་སྦྱིན་དང་བགྲང་ཕྲེང་འཛིན་ཅིང་ཀླུ་དགའ་བོ་དང་ཉེར་དགའ་ནོར་བུའི་ཅོད་པན་ཅན་སྦྲུལ་མཇུག་མདུད་ཅིང་མགོ་གྱེན་ཏུ་ཕྱོགས་པ་ལ་འཁོད་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་ལྡན་རལ་པའི་ཅོད་པན་ཅན། རང་རང་གི་ཁྲི་སྟེང་པད་ཟླ་ལ་ཞབས་སེམས་སྐྱིལ་གྱིས་བཞུགས་པའོ། །དོན་ཞགས་ལྷ་ལྔའི་དབང་རྒྱུན་ཚད་ལྡན་དང་བུ་སྟོན་ཡབ་སྲས་ཀྱི་ཡིག་ཆ་སྨྱུང་གནས་ཀྱི་སྒྲུབ་རྒྱུན་བཅས་ད་ལྟའི་བར་དུ་བཞུགས་ཤིང་། པདྨ་དྲྭ་བའི་རྒྱུད་ནས་གསུངས་པའི་སྤྱན་རས་གཟིགས་བཅུ་པོའི་དབང་རྒྱུན་སོགས་མི་བཞུགས་ཀྱང་ཕལ་མོ་ཆེའི་རྗེས་གནང་སྒྲུབ་ཐབས་བརྒྱ་རྒྱམ་སོགས་ལ་བཞུགས་ཤིང་ཞལ་ཕྱག་སོགས་སློབ་དཔོན་སོ་སོའི་བཞེད་པས་ཅུང་ཟད་མི་གཅིག་ཀྱང་ལྷའི་ངོ་བོ་གཅིག་


LT40_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཙོ་བོ་འདུས་ཆེ་ཞིང་རྒྱུད་ཀྱི་ཁུངས་ཆེ་བ་ལ་བསམ་ནས་བཀོད་པའོ། ༡༨ །པདྨའི་རིགས་ཀྱི་ཡུམ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་བ་ལྟར་དཀར་བ། དབུ་ལ་སྤྱན་གསུམ་དང་ཕྱག་ཞབས་བཞིའི་མཐིལ་དུ་སྤྱན་རེ་རེ་སྟེ་འཛུམ་ཞིང་རྒྱས་པའི་སྤྱན་བདུན་མངའ་བ། ཕྱག་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོའི་སྡོང་བུའི་རྩ་བ་ཐུགས་ཀར་བསྣམས་ཤིང་སྙན་གྱི་ཐད་ཀར་ཁ་བྱེ་བ་སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པའི་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་། དར་དཀར་པོའི་སྟོད་གཡོགས་དར་སྣ་ཚོགས་པའི་སྨད་དཀྲིས་ཅན། དབུ་སྐྲ་ལི་བ་ལྟག་པར་བཅིངས་པའི་ཟུར་ཕུད་གཡོན་ངོས་སུ་འཕྱང་བ། ལྷ་རྫས་ཀྱི་མེ་ཏོག་དུ་མས་སྤྲས་པ། ཟླ་བ་ལ་རྒྱབ་བསྟེན་ཅིང་པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྟེང་དབུས་སུ་སེང་ལྡེང་ནགས་སྒྲོལ་ལྗང་གུ་གཡས་མཆོག་སྦྱིན་དང་། གཡོན་པས་ཨུཏྤལ་སྔོན་པོ་འཛིན་ཚུལ་གོང་དང་འདྲ་བ། ཞལ་འཛུམ་ཞིང་ཞི་བ། དབུ་སྐྲ་ལི་བ་གཡོན་ངོས་སུ་བཅིངས་ནས་གཡས་ཕྱོགས་སུ་འཁྱིལ་ཞིང་འཕྱང་བ། དར་གྱི་སྟོད་གཡོགས་ཀྱིས་ནུ་མ་གཉིས་བཀབ་ཅིང་དར་སྣ་ཚོགས་པའི་སྨད་གཡོགས་ཅན་ཟླ་བའི་རྒྱབ་


LT40_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་མངའ་བ། ཞབས་གཡས་ཅུང་ཟད་བརྐྱང་ཞིང་གཡོན་བསྐུམ་པའི་རོལ་སྟབས་ཀྱིས་པད་ཟླ་ལ་བཞུགས་པ། སྟེང་གཡས་སྒྲོལ་མ་བཀྲ་ཤིས་དོན་གྲུབ་མ་ཞལ་བཞིའི་རྩ་ཞལ་དང་སྐུ་མདོག་གསེར་གྱི་མདོག་ཅན། གཡས་དཀར་གཡོན་དམར། རྒྱབ་ཞལ་སྔོན་པོ་རྣམས་ཡིད་འོང་འཛུམ་པའི་མདངས་ཅན། ཕྱག་བརྒྱད་ཀྱི་གཡས་བཞིས་རྒྱལ་མཚན། འཁོར་ལོ། པདྨ། དུང་དཀར། །གཡོན་བཞིས་བུམ་པ། དཔལ་བེའུ། གདུགས། གསེར་ཉ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་རོལ་སྟབས་ཀྱི་སྣ་ཚོགས་པད་ཟླ་ལ་བཞུགས་པའོ། །སྟེང་གཡོན་ཏུ་སྒྲོལ་མ་དམར་མོ་བཞད་ཅིང་ཆགས་པའི་ཉམས་ཅན་སྤྱན་གསུམ་མངའ་བ། གཡས་ལྕགས་ཀྱུ་པུས་མོའི་སྟེང་དུ་འཛིན་ཅིང་གཡོན་པས་ཨུཏྤལ་དམར་པོའི་སྡོང་བུ་སྙན་གྱི་ཐད་ཀར་ཁ་བྱེ་བའི་རྩ་བ་ཞགས་པའི་རྣམ་པ་ཅན་ཐུགས་ཀར་འཛིན་པ། པདྨ་དང་ཟླ་བ་དམར་པོ་ལ་སེམས་སྐྱིལ་གྱིས་བཞུགས་པ། གཙོ་མོའི་གཡས་སུ་སྒྲོལ་མ་ཡིད་བཞིན་ནོར་བུ་སེར་མོ། གཡོན་ངོས་སུ་བརྟེན་པའི་དཔག་བསམ་ཤིང་གི་ཡལ་ག་ལས་ཕྱག་གཡོན་པས་ཡིད་བཞིན་ནོར་བུའི་འབྲས་བུ་འཐོགས་ཤིང་གཡས་པས་སེམས་ཅན་ལ་སྦྱིན་པའི་ཚུལ། པད་ཟླའི་གདན་ལ་སྒེག་པའི་སྟབས་ཀྱིས་བཞེངས་པ། གཡོན་


LT40_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་ལྗང་སྔོ་ཞལ་གཅིག་སྤྱན་གཉིས་དར་དཀར་ན་བཟའ་མེ་ཏོག་ཕྲེང་བའི་དོ་ཤལ་ཅན། ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་མཆོག་སྦྱིན། །གཡོན་གཉིས་ཞགས་པ་དང་ཨུཏྤལ་སྔོན་པོ་འཛིན་པ། སྣ་ཚོགས་པདྨའི་གདན་ལ་སེམས་སྐྱིལ་གྱིས་བཞུགས་པ། ཐམས་ཅད་ཀྱང་གཞོན་ནུའི་ལང་ཚོ་མཛེས་འཛུམ་ཅན། དར་དང་རིན་པོ་ཆེའི་རྒྱན་འཆང་བ། གཙོ་མོའི་མདུན་ཏུ་པདྨའི་རིགས་ཀྱི་བཀའ་ཉན་དབྱངས་ཅན་མ་དཀར་མོ་འཛུམ་མདངས་ཅན། དབུ་སྐྲ་ནག་སྣུམ་ཕྱེད་ལྟག་པར་བཅིངས་ཤིང་ཕྱེད་སིལ་བུར་གྲོལ་བས་སྐུ་སྟོང་ཁྱབ་པ། །པདྨ་དཀར་པོའི་ཕྲེང་བའི་ཐོད་བཅིངས་དང་། གཙུག་གི་ནོར་བུ་དང་། སྐྲའི་ཟར་བུ་ལ་སོགས་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྱག་གཡོན་པས་བཻ་ཌཱུརྻའི་རྒྱུད་མངས་བསྣམས་ཤིང་གཡས་པའི་ཕྱག་སོར་གྱིས་བསྐུལ་བའི་ཚུལ། སྐེད་སྐབས་ཕྲ་ཞིང་ནུ་འབུར་མཐོ་བ། སྐྱིལ་ཀྲུང་ཕྱེད་པ་ཙོག་པུའི་འདུག་སྟངས་ཅན། འོ་མའི་རྒྱ་མཚོ་ལས་སྐྱེས་པའི་པད་དཀར་སྡོང་པོ་རབ་ཏུ་རྒྱས་པ་དང་ཟླ་བའི་གདན་ལ་བཞུགས་པ། དེའི་གཡས་ཕྱོགས་སུ་རྟོག་པ་ལས་གསུངས་པའི་རིག་བྱེད་མ་དམར་སྐྱ་ཞལ་གཅིག་སྤྱན་གསུམ། ཕྱག་བཞིའི་གཡས་གཉིས་མདའ་དང་སྐྱབས་སྦྱིན། གཡོན་


LT40_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཞུ་དང་ཨུཏྤལ་དམར་པོ་བསྣམས་པ། དར་དམར་གྱི་སྟོད་གཡོགས་སྨད་གཡོགས། རིན་པོ་ཆེ་དམར་པོའི་རྣ་ཆ་གཡོ་བ། འོད་ཟེར་དམར་པོ་འབར་བ། པདྨ་དམར་པོ་ལ་འདོད་ལྷ་ཆུང་མར་བཅས་པ་བསྒྱེལ་བའི་སྟེང་དུ་ཉི་མའི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ། གཡན་ཕྱོགས་སུ་པདྨའི་རིགས་ཀྱི་ཁྲོ་མོ་རི་ཁྲོད་ལོ་གྱོན་མ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་དཀར་གཡོན་དམར། སྤྱན་གསུམ་གསུམ་ཁྲོ་མོའི་རྣམ་པ་ཅན། ཕྱག་དྲུག་གཡས་གསུམ་རྡོ་རྗེ་དགྲ་སྟྭ་མདའ། གཡོན་གསུམ་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཤིང་ལོའི་ཆུན་པོ། །གཞུ་འཛིན་པ། རལ་པའི་ཅོད་པན་མེ་ཏོག་གིས་བཅིངས་ཤིང་། རིན་པོ་ཆེའི་རྒྱན་དང་ཤིང་ལོའི་ན་བཟའ་ཅན། གདན་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་ནད་བདག་མོ་བསྒྱེལ་བའི་སྟེང་ཟླ་བ་ལ་སེམས་སྐྱིལ་གྱིས་བཞུགས་པའོ། ༡༣ །བྱ་རྒྱུད་རྡོ་རྗེ་རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུ་ཇོ་བོ་ལུགས་ནི། དབུས་སུ་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ་མགོན་པོ་མི་འཁྲུགས་པ་སྐུ་མདོག་མཐིང་སྔོན། ཕྱག་གཡས་ས་གནོན། གཡོན་མཉམ་བཞག་རྡོ་རྗེ་རྩེ་ལྔ་བསྣམས་པ། དབུ་ལ་གཙུག་ཏོར། སྨིན་མཚམས་མཛོད་སྤུ། ཕྱག་


LT40_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་འཁོར་ལོའི་རི་མོ་སོགས་མཚན་དཔེས་བརྒྱན་ཅིང་སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་འོད་ཟེར་མཐའ་ཡས་པ་འཕྲོ་བའི་ཚུལ། ཤར་དུ་པདྨ་ཅན་དཀར་མོ་དཔལ་བེའུ། ལྷོར་འོད་ཟེར་ཅན་མ་སྔོན་མོ་པདྨ། ནུབ་ཏུ་མདངས་ལྡན་མ་དམར་སྐྱ་གདུགས་དཀར། བྱང་དུ་དྲི་མེད་མ་ལྗང་གུ་དུང་། ཤར་ལྷོར་འཇིགས་བྱེད་མ་དཀར་མོ་འཁོར་ལོ། ལྷོ་ནུབ་ཏུ་རྣམ་རྒྱལ་མ་སྔོ་སྐྱ་རྒྱལ་མཚན། ནུབ་བྱང་དུ་དཀར་ཤམ་མ་དམར་སྐྱ་བུམ་པ། བྱང་ཤར་དུ་ཡིད་གཞུངས་མ་ལྗང་གུ་གསེར་ཉ་བསྣམས་པ། བརྒྱད་ཀ་ཕྱག་གཡོན་པ་ཐམས་ཅད་དཀུར་བརྟེན་ཅིང་ཟླ་བའི་རྒྱབ་ཡོལ་ཅན། དར་དང་རིན་པོ་ཆེའི་རྒྱན་ལྡན། པད་ཟླ་ལ་སེམས་སྐྱིལ་གྱིས་བཞུགས་པ། མདུན་འོག་གཡས་སུ་རིགས་ཀྱི་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་སྐུའི་རྣམ་འགྱུར་བགེགས་མཐར་བྱེད་དུ་གྲགས་པ་ནི། མཐིང་ནག་ཤིན་ཏུ་ཁྲོས་པ། སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་དམར་སེར་གྱེན་བརྫེས། ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་ཐུགས་ཀར་སྡིགས་མཛུབ་ཀྱིས་ཞགས་པ་བསྣམས་པ། སྟག་ཤམ་དང་སྦྲུལ་རྒྱན་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་པད་ཉི་ལ་མེ་འབར་བའི་དབུས་ན་བཞེངས་པ། མདུན་གཡོན་རིགས་ཀྱི་


LT40_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ཉན་སྨེ་བ་བརྩེགས་པ་ཞལ་གསུམ་རྩ་ཞལ་དང་སྐུ་མདོག་དུད་ཁ། གཡས་དཀར། གཡོན་དམར་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་བརྫེས་ལ་སྦྲུལ་སྔོན་ལྟོ་སེར་གྱིས་དཀྲིས་པ། སྨར་སྨིན་དམར་སེར། ཐོད་སྐམ་ལྔ་ཡི་དབུ་བརྒྱན། ཕྱག་དྲུག་གཡས་གསུམ་རྡོ་རྗེ་རྒྱ་གྲམ། རྡོ་རྗེ་རྩེ་ལྔ། རྡོ་རྗེ་ལྕགས་ཀྱུ། །གཡོན་གསུམ་རྡོ་རྗེའི་དབྱུག་པ། རྡོ་རྗེའི་ཞགས་པ་བསྣམས་ཤིང་ཐ་མས་སྡིགས་མཛུབ་མཛད་པ། ཕྱག་ཐམས་ཅད་བརྐྱང་ཞིང་ཐོད་སྐམ་གྱི་སེ་རལ་ཁ་དང་ཡན་ལག་སྦྲུལ་གྱིས་བརྒྱན་པ། སྟག་ཤམ་ཅན། ཞབས་གཉིས་བགྲང་སྟབས་ཀྱིས་པད་ཉི་ལ་བཞེངས་ཤིང་། མེ་འབར་བའི་དབུས་ན་འགྱིང་བའོ། །མི་འཁྲུགས་པ་ལྷ་དགུ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོག་པ་ལ་བརྟེན་པར་བཞེད་ཅིང་། དབང་གི་རྒྱུན་དང་སྒྲུབ་མཆོད་སཱཙྪ་སོགས་ལས་སྒྲིབ་རྣམ་སྦྱོང་གི་ཆོ་གའི་ཡན་ལག་དར་སྲོལ་ཆེའོ། ༡༤ །རྡོ་རྗེའི་རིགས་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་སྐུ་མདོག་སྔོན་པོ་ཤིན་ཏུ་ཁྲོ་ཞིང་བཞད་པ། སྤྱན་གསུམ་མངའ་བ། ཕྱག་གཡས་རྡོ་རྗེ་སྔོན་པོ་རྩེ་ལྔ་རྭ་གདེངས་པ་ཕྱར་བ། །གཡོན་པས་སྡིགས་མཛུབ་ཐུགས་ཀར་གཏད་པ། དབུ་སྐྲ་ཁམ་པ་གྱེན་བརྫེས་རྡོ་


LT40_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཅོད་པན་ཅན། སྨར་སྨིན་དམར་སེར་འབར་བ། དར་སྔོན་པོའི་སྟོད་གཡོགས་དང་སྟག་ཤམ་འཆང་བ། སྦྲུལ་དང་རིན་པོ་ཆེའི་རྒྱན་ཆ་དང་ཅོད་པན་ཅན་མེ་འབར་བའི་ཀློང་ན་ཞབས་གཡས་བསྐུམ་གཡོན་བརྐྱང་པས་པད་ཟླ་ལ་བཞེངས་པ། མདུན་ཏུ་རྣམ་འཇོམས་ལྗང་སྔོན་ཞི་མཁྲོ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ། དབུ་སྐྲ་ཐོར་ཚུགས་དར་དང་རིན་པོ་ཆེའི་རྒྱན་ལྡན། པད་ཉི་ལ་རྡོར་སྐྱིལ་གྱིས་བཞུགས་པ། སྟེང་དུ་རྣམ་འཇོམས་དཀར་པོ་ཞལ་ཁྲོ་འཛུམ། ཕྱག་གཡས་རྡོ་རྗེ་རྩེ་དགུ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། པད་ཟླ་ལ་རྡོར་སྐྱིལ་གྱིས་བཞུགས་པ། རྒྱན་སོགས་རྡོར་སེམས་དང་མཚུངས། གཙོ་བོ་སྐུ་ཚད་ཆེ་ཞིང་འདི་གཉིས་ཀྱང་འཁོར་རྣམས་ལས་ཆེ་ཁྱད་ཐོན་ངེས་བྲི། མདུན་གཡོན་ཧཱུྃ་མཛད་མཐིང་ག་གཡས་རལ་གྲི། མདུན་གཡས་རྣམ་རྒྱལ་དཀར་པོ་རྡོ་རྗེ། ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་དབྱུག་ཏོ། ལྷོར་གཤིན་རྗེ་གཤེད་དམར་ནག་བེ་ཅོན། ལྷོ་ནུབ་ཏུ་དོན་ཡོད་ཞགས་པ་མཐིང་ག་ཞགས་པ། སྟེང་གཡས་སྟོབས་པོ་ཆེ་མཐིང་ནག་རྩེ་གསུམ། སྟེང་


LT40_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྟ་མགྲིན་དམར་པོ་པདྨ་བསྣམས་ཤིང་སྤྱི་གཙུག་རྟ་མགོ་ལྗང་གུས་མཚན་པ། ནུབ་བྱང་དུ་ཁྲོ་གཉེར་ཅན་དམར་ནག་གྲི་གུག །བྱང་དུ་བདུད་རྩི་འཁྱིལ་བ་དང་། བྱང་ཤར་དུ་རྡོ་རྗེ་འཁོར་ལོ་གཉིས་ཀ་ལྗང་གུ་འཁོར་ལོ། ཁྲོ་བོ་བཅུ་པོ་ཐམས་ཅད་ཕྱག་གཡོན་སྡིགས་མཛུབ་མཛད་ཅིང་། སྤྱན་གསུམ་མཆེ་གཙིགས་དབུ་སྐྲ་སྨར་སྨིན་དམར་སེར་གྱེན་བརྫེས། གསུས་ཁྱིམ་ཆེ་བ། སྟག་ཤམ་སྦྲུལ་རྒྱན་ཅན། ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་པད་ཉི་ལ་མེ་འབར་བའི་དབུས་ན་བཞེངས་པའོ། །ཕྱག་རྡོར་གོས་སྔོན་ཅན་འགྲོ་བཟང་ལུགས་དང་། རྣམ་འཇོམས་དཀར་པོ་སཱ་བ་རི་པའི་ལུགས་ཀྱི་དབང་གི་རྒྱུན་ཚད་ལྡན་དང་སྒྲུབ་རྒྱུན་མ་ཆད་པ་ཡོད་དོ། ༡༥ །རིགས་ཀྱི་འཁོར་ལོས་སྒྱུར་བ་རྣམ་འཇོམས་མཐིང་ནག་ཛ་ཡ་བ་རྨའི་ལུགས་ལྷ་བཅོ་ལྔ་པའི་གཙོ་བསྡུས་ནི། དབུས་སུ་གཙོ་བོ་རྣམ་འཇོམས་མཐིང་ནག་ཤིན་ཏུ་ཁྲོས་པའི་ཚུལ་ཅན། སྤྱན་གསུམ་མཆེ་བཞི་གཙིགས་ཤིང་ལྗགས་འདྲིལ་བ། གསུས་ཁྱིམ་ཆེ་ཞིང་ཉྭ་སུལ་རགས་པ། ཨག་ཚོམ་སྨིན་མ་རལ་པ་དམར་སེར་གྱེན་ཏུ་གཟེངས་པ་ལ་རྡོ་རྗེའི་ཐོད་ཉིས་རིམ་དུ་བཅིངས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་གསོར་ཞིང་གཡོན་འགྱིང་བག་དང་བཅས་པས་དྲིལ་བུ་དཀུར་བརྟེན་པ། སྦྲུལ་དཀར་


LT40_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྣ་ཆ། སེར་པོའི་མགུལ་རྒྱན། དམར་པོའི་སེ་རལ་ཁ། ལྗང་གུའི་དོ་ཤལ། ནག་པོའི་གདུ་བུ་བྱས་པ། དར་སྔོན་པོའི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་རྡོ་རྗེ་རྒྱ་གྲམ་ལ་གནས་པའི་ཆོས་འབྱུང་གི་དབུས་སུ་ཟླ་བ་དང་ཉི་མ་བརྩེགས་པ་ལ་བཞེངས་པ། མེ་རབ་ཏུ་འབར་བའོ། །ཤར་དུ་རྡོ་རྗེ་གཏུམ་པོ་དཀར་པོ། ལྷོར་རྡོ་རྗེ་བེ་ཅོན་སེར་པོ། ནུབ་ཏུ་རྡོ་རྗེ་ཐོ་བ་དམར་པོ། བྱང་དུ་རྡོ་རྗེ་ཕུར་པ་ལྗང་གུ། ཁྲོ་བོ་བཞི་ཀ་རྒྱན་ཆ་ལུགས་ཕྱག་མཚན་བསྣམས་ཚུལ་སོགས་གཙོ་བོ་དང་མཚུངས་པ། གཡས་བརྐྱང་གིས་པད་ཉི་ལ་བཞེངས་པ། མདུན་གཡས་ཕྱག་རྡོར་འབྱུང་པོ་འདུལ་བྱེད་སྤྱན་གསུམ་ལྗགས་འདྲིལ་མཆེ་གཙིགས་སྨར་སྨིན་དབུ་སྐྲ་དམར་སེར་གྱེན་བརྫེས་སོགས་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྐུ་མདོག་ནག་པོ། ཕྱག་བཞིའི་དང་པོ་གཉིས་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་ཐུགས་ཀར་འཆིང་བ། གཡས་འོག་མས་རྡོ་རྗེ། གཡོན་འོག་མས་སྡིགས་མཛུབ་དང་བཅས་པའི་ཞགས་པ་བསྣམས་པ། ཐོད་སྐམ་དབུ་རྒྱན། ཐོད་རློན་དོ་ཤལ། སྟག་ཤམ་སྦྲུལ་རྒྱན་མེ་དཔུང་འབར་བ། པད་ཉི་ལ་ཚོགས་བདག་གླང་པོ་ཆེའི་གདོང་ཅན་གྱི་སྟེང་དུ་ཞབས་གཡས་


LT40_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་གཡོན་བརྐྱང་བས་བཞེངས་པ། མདུན་གཡོན་རིགས་ཀྱི་བཀའ་ཉན་ཁྲོ་བོ་སྟོབས་པོ་ཆེ་དམར་པོ་ཁྲོས་པའི་ཉམས། སྤྱན་གསུམ་མཆེ་གཙིགས། དབུ་སྐྲ་དམར་སེར་གྱེན་འཁྱིལ་སྦྲུལ་གྱིས་བཅིངས་པ། ཕྱག་བཞིའི་གཡས་དང་པོས་དབྱུག་པ་དཀར་པོ། གཉིས་པས་རྔ་ཡབ། གཡོན་དང་པོས་ཕྱག་འཚལ་བའི་ཚུལ་གྱི་ཐལ་མོ་བརྐྱང་བ། གཉིས་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྟག་ཤམ་ཅན། ཉི་མའི་དཀྱིལ་འཁོར་འོད་འབར་བའི་དབུས་སུ་བཞུགས་པའི་ཚུལ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་པད་དཀར་དང་ཉི་གདན་ལ་བཞེངས་པ། སྟེང་གི་གཡས་ངོས་སུ་རྡོ་རྗེ་གནྡྷ་རི་རྩ་ཞལ་དང་སྐུ་མདོག་ནག་མོ། གཡས་བསྐོར་གྱིས་དཀར་སེར་དམར་ལྗང་སྔོ་བའི་ཞལ་དྲུག་པོ་མཆེ་གཙིགས་སྤྱན་གསུམ་མངའ་བ། དབུ་སྐྲ་ཁམས་པ་གྱེན་བརྫེས། ཕྱག་བཅུ་གཉིས་ཀྱི་གཡས་དྲུག་གིས་རྡོ་རྗེ། དྲིལ་བུ། རལ་གྲི། ཏྲི་ཤཱུ་ལ། མདའ། རྫ་མཁན་གྱི་འཁོར་ལོ། གཡོན་དྲུག་གིས་ཁ་ཊྭཱཾཱཾ། ལྕགས་ཀྱུ། དགྲ་སྟ། །ཞགས་པ། གཞུ། སྡིགས་མཛུབ་ཐུགས་ཀར་མཛད་པ། རུས་པ་དང་སྦྲུལ་གྱི་རྒྱན་དང་སྟག་ཤམ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཉི་ལ་བཞེངས་པ། གཡོན་ངོས་སུ་


LT40_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྕགས་སྒྲོག་མ་སྐུ་མདོག་དང་རྩ་ཞལ་ལྗང་སེར་ཅུང་ཟད་བཞད་པ། གཡས་སེར་སྐྱ་སྤྱན་སེར་སྐྱ་དང་ལྡན་པ། གཡོན་དམར་ཞིང་ཁྲོ་གཉེར་དང་མཆེ་བ་གཙིགས་པ། །གསུམ་ཀའང་སྤྱན་གསུམ་གསུམ་མངའ་བ། དབུ་སྐྲ་སེར་སྐྱ་གྱེན་འཁྱིལ། ཕྱག་བརྒྱད་ཀྱི་གཡས་བཞིའི་དང་པོས་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ། རྡོ་རྗེ། རྡོ་རྗེས་མཚན་པའི་ལྕགས་སྒྲོགས། །མདའ། གཡོན་བཞིས་ཐོད་པ་ཁྲག་གིས་གང་བ། སྡིགས་མཛུབ། ཞགས་པ། གཞུ་འཛིན་པ། བྱི་ལའི་པགས་པས་སྟོད་གཡོགས་དང་སྨད་དཀྲིས་ཅན། ཞབས་རོལ་སྟབས་ཀྱིས་པད་ཉི་ལ་བཞུགས་པའོ། །ཛ་བ་རི་པ་དང་ཛ་ཡ་བ་རྨའི་ལུགས་ཀྱི་རྣམ་འཇོམས་ལྷ་བཅོ་ལྔ་པ་དང་། མ་ི་ཀ་བཛྲའི་ལུགས་ཀྱི་ལྷ་བཅུ་དགུ་མ་གཉིས་ལས་སྔ་མའི་དབང་རྒྱུན་འབྲུག་ལུགས་ལ་བཞུགས་སོ། ༡༦ །གཉིས་པ་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་པའི་རྒྱུད་ལས། ཕྱོགས་འདིར་ཆོ་ག་དང་དབང་གི་རྒྱུན་རང་རྐང་ཚུགས་པ་རྣམ་སྣང་མངོན་བྱང་ཙམ་ལས་ཆེར་མ་འབྱོན་པར་མངོན་ལ། རྣམ་སྣང་མངོན་བྱང་ལྷ་བརྒྱ་དང་ཉི་ཤུ་རྩ་གཉིས་མཚན་མ་གཉིས་དང་བཅས་པའི་དཀྱིལ་འཁོར་ཆེན་པོའི་གཙོ་བོ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཐོར་ཚུགས་དབུ་


LT40_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དར་ལའི་སྟོད་གཡོགས་སྨད་གཡོགས་སོགས་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། ཕྱག་གཉིས་མཉམ་བཞག། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་གདན་པད་སྡོང་འདབ་རྒྱས་འདབ་མའི་བར་མཚམས་ཐམས་ཅད་རྡོ་རྗེས་གཏམས་པ་ལ་བཞུགས་ཤིང་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་འཁྲིག་པ། མདུན་ཏུ་པདྨ་དཀར་པོའི་སྟེང་དུ་ཆོས་འབྱུང་ཐལ་ཀར་རྡོ་རྗེ་རྩེ་ལྔས་མཚན་ཅིང་གྲྭ་གཉིས་ནས་འོད་འབྱུང་བ། །ཁོར་ཡུག་འོད་ཟེར་དཀར་པོ་འབར་བ། དེའི་གཡས་སུ་ཡུམ་ནམ་མཁའི་སྤྱན་མ་སེར་མོ། ན་བཟའ་དཀར་པོ། ཕྱག་གཡས་ན་གཙུག་ཏོར་བསྣམས་ཤིང་ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ། ཆོས་འབྱུང་གི་གཡོན་ཏུ་པད་དཀར་མ་ཡིད་བཞིན་ནོར་བུ། གཙོ་བོའི་གཡོན་ཕྱོགས་སུ་སྤྱན་རས་གཟིགས་དཀར་པོ་འོད་དཔག་མེད་པའི་དབུ་རྒྱན་ཅན། ཅུང་ཟད་འཛུམ་པ། ཕྱག་གཡོན་པས་པདྨའི་རྩ་བ་དཀུར་བརྟེན་ཅིང་གཡས་པས་ཐུགས་ཀར་ཁ་འབྱེད་པ། གཡས་སུ་ཕྱག་རྡོར་ལྗང་སེར་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་འཛིན་པ། འོད་ཕྲེང་ཅན། གཙོ་བོའི་མདུན་འོག་གཡོན་ཏུ་མི་གཡོ་བ་ནག་པོ། གཡས་རལ་གྲི། གཡོན་ཞགས་པ། ཟུར་ཕུར་སྤྱི་བོ་གཡོན་ཏུ་འཕྱང་བ། མིག་གཅིག་ཡོ་བ། རྒྱན་དང་རང་འོད་བཅས། བྲག་གི་སྟེང་ན་ཁྲོ་བ་དང་བཅས་པས་འདུག་


LT40_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཞིན་ཁྲོ་གཉེར་བསྡུས་ཤིང་བྱིས་པའི་གཟུགས་ཅན་མཁྲང་བག་དང་ལྡན་པ། མདུན་འོག་གཡས་སུ་འཇིག་རྟེན་གསུམ་རྒྱལ་ནག་པོ་རྡོ་རྗེ་འཛིན་པ། རྩེ་བྲན་གྱི་རྒྱན་དང་འབར་ཕྲེང་ཅན། བཀའ་ལུང་ཉན་པ་ལྟར་འདུག་པ། ནུབ་ངོས་བརྩི་བའི་སྟེང་གཡོན་སྒོ་སྲུང་གདུལ་དཀའ་མདོག་ནག་པོ་དང་། སྟེང་གཡས་སྒོ་སྲུང་མངོན་ཕྱོགས་མདོག་དམར་པོ། གཉིས་ཀ་མིག་དམར་ཞིང་ཁྲོ་བའི་ཚུལ་ཅན། ཕྱག་ན་བེ་ཅོན་འཛིན་པ། ཆོས་འབྱུང་གི་མདུན་ཙམ་དུ་དཀྱིལ་འཁོར་གཉིས་པའི་གཙོ་བོ་ཤཱཀྱ་ཐུབ་པ་གསེར་མདོག་སྤྲུལ་སྐུ་རབ་བྱུང་གི་ཆ་ལུགས། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། དེའི་གཡས་སུ་རྡོ་རྗེ་དམ་པ་སྦྱིན་དམར་སེར་ཟུར་ཕུད་ལྔ་ལྡན་གཞོན་ནུའི་གཟུགས་ཅན། གཡོན་པས་ཨུཏྤལ་སྔོན་པོ་རྡོ་རྗེས་མཚན་པ་བསྣམས་པ། གཡས་མཆོག་སྦྱིན། །བཞིན་འཛུམ་བག །འོད་ཟེར་ཀུན་ཏུ་འཁོར་བ། ཤཱཀ་ཐུབ་གཡོན་ཏུ་བྱམས་པ་དམར་མོ་གུནྡྷེ་སྟེ་རིལ་བ་སྤྱི་བླུགས་འཛིན་པ། ལྷོ་ཕྱོགས་སུ་སྒྲིབ་པ་རྣམ་སེར་གསེར་མདོག་ཐོར་ཚུགས་དང་ཅོད་པན་ཅན། ཕྱག་ན་ཡིད་བཞིན་ནོར་བུ་འཛིན་པ། བྱང་ཕྱོགས་སུ་སའི་སྙིང་པོ་ལྗང་གུ་བ་དན་རྩེ་མོ་རིན་པོ་ཆེས་མཚན་པ་འཛིན་པ། ནུབ་སྟེ་སྟེང་དབུས་སུ་ནམ་མཁའི་སྙིང་པོ་ལྗང་སེར་ནབ་བཟའ་དཀར་པོ་ཅན་


LT40_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་འཛིན་པ། དེ་གཡས་ཀུན་ཏུ་བཟང་པོ་སེར་པོ་ཡིད་བཞིན་ནོར་བུ་འཛིན་པ། གཡོན་ཏུ་ངན་སོང་ཐམས་ཅད་སྤོང་བ་དཀར་པོ་ཕྱག་གཉིས་ངན་སོང་ནས་འདྲེན་པའི་ཚུལ་མཛད་པ། ལྷ་ཐམས་ཅད་ཐོར་ཚུགས་ཅོད་པན་ཅན། དར་གྱི་ནབ་བཟའ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་གཙོ་བོ་ལ་ཞལ་ཕྱོགས་པ། ཕྱག་མཚན་མེད་པ་ཐམས་ཅད་གཙོ་བོ་ལ་འདུད་པའི་ཚུལ་མཛད་པ། ཁྲོ་བོ་རྣམས་གཡོན་བརྐྱང་རོལ་པའི་ཁྲོ་བོའི་ཆས་སྤྱི་འགྲེ། ཐམས་ཅད་ཀྱང་པདྨ་དཀར་པོ་ཤ་སྟག་གི་གདན་ལ་འཁོད་པའོ། །འདི་ལ་བུ་སྟོན་ཞབས་ཀྱི་རྗེས་འབྲང་ཞ་ལུབ་ཡེ་ཤེས་རྒྱ་མཚོའི་དཀྱིལ་ཆོག་གི་སྟེང་ནས་དབང་བསྐུར་བ་དང་བསྙེན་སྒྲུབ་ཀྱི་རྒྱུན་ཚད་ལྡན་མཆིས་སོ། ༡༧། །གསུམ་པ་ནང་གི་ཏིང་ངེ་འཛིན་གཙོ་བོར་བཏོན་པ་རྣལ་འབྱོར་གྱི་རྒྱུད་ལ། ཐོག་མར་ཡོ་ག་རྩ་བའི་རྒྱུད་དེ་ཉིད་འདུས་པའི་དུམ་བུ་དང་པོ་ལས་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་གཙོ་བསྡུས་ནི། དབུས་སུ་རྣམ་སྣང་དཀར་པོ་ཞལ་བཞི་པ་ཞི་བས་གཟིགས་པ། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་གཡས་པའི་མཛུབ་མོ་ལ་རྡོ་རྗེ་དམར་པོ་རྩེ་ལྔ་བརྟེན་པའི་ཚུལ་གྱིས་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སོགས་འཁོར་ལོས་སྒྱུར་བའི་ཆ་བྱད་ཡོངས་སུ་


LT40_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང་ཉི་མའི་རྒྱབ་ཡོལ་ཅན་སེང་གེའི་ཁྲི་ལ་བཞུགས་པ། དེའི་མདུན་ཏུ་སེམས་མ་རྡོ་རྗེ་མའི་ངོ་བོ་རྡོ་རྗེ་དམར་པོ་རྩེ་ལྔ་པ། གཡས་སུ་རིན་ཆེན་རྡོ་རྗེ་མའི་ངོ་བོ་ཡིད་བཞིན་ནོར་བུའི་རྩེ་མོར་དང་པོའི་རྡོ་རྗེ་རྩེ་ལྔས་མཚན་པ། རྒྱབ་ཏུ་རྡོ་རྗེ་ཆོས་མའི་ངོ་བོ་པདྨ་དཀར་དམར་འདབ་མ་བཅུ་དྲུག་པ་འདབ་བརྒྱད་ཐུར་དུ་ཁ་གྱེས་ཤིང་བྱེ་བ། འདབ་བརྒྱད་ཁ་མ་བྱེ་བ་གྱེན་བསྟན་ནང་དང་པོའི་རྡོ་རྗེ་རྩེ་ལྔ་པ་ཆུད་པ། གཡོན་དུ་རྡོ་རྗེ་ལས་མའི་ངོ་བོ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ལྟེ་བ་དཀར། མདུན་གྱི་རྭ་གསུམ་སྔོ། གཡས་སེར། གཡོན་ལྗང་། རྒྱབ་དམར་བ། ཤར་དུ་གླང་པོ་ཆེའི་ཁྲི་ལ་མི་བསྐྱོད་པ་སྔོན་པོ་ས་གནོན་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་བསྣམས་པ། གཡས་སུ་རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་མོ་དབུས་མའི་རྩེ་མོ་ལ་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱི་འཛིན་ཅིང་། གཡོན་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་བསྟན་བསྙེམས་པའི་ཚུལ་གྱིས་དཀུར་བརྟེན་པ། གཡོན་ཏུ་སྐལ་བཟང་སེམས་དཔའི་མཚོན་བྱེད་རྡོར་སེམས་དང་འདྲ་བ་གཅིག །ལྷོར་རྟ་མཆོག་གི་ཁྲི་ལ་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་ཕྱག་རྒྱས་རིན་པོ་ཆེ་བསྣམས་པ། གཡས་སུ་རྡོ་རྗེ་རིན་ཆེན་སེར་པོ་ཕྱག་གཡས་རིན་པོ་ཆེ་སྤྱི་བོར་འཇོག་ཅིང་། གཡོན་དྲིལ་བུ་བསྣམས་ཚུལ་


LT40_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་དང་འདྲ་བ། གཡོན་ཏུ་དེ་དང་མཚུངས་པ་གཅིག །ནུབ་ཏུ་རྨ་བྱའི་ཁྲི་ལ་འོད་དཔག་མེད་དམར་པོ་མཉམ་བཞག་ཕྱག་རྒྱས་པདྨ་བསྣམས་པ། གཡས་སུ་རྡོ་རྗེ་ཆོས་དཀར་དམར་ཕྱག་གཡོན་བསྙེམས་པ་དང་བཅས་པས་པདྨའི་སྡོང་བུ་དཀུར་བརྟེན་ཅིང་གཡས་པའི་ཁུ་ཚུར་གྱི་མཐེབ་མཛུབ་གཉིས་ཀྱིས་ཐུགས་ཀར་ཁ་འབྱེད་པ། གཡོན་ཏུ་དེ་མཚུངས་གཅིག །བྱང་དུ་མཁའ་ལྡིང་གི་གདན་ལ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་པ། གཡས་སུ་རྡོ་རྗེ་ལས་ཞལ་དང་། བྱིན་པ་ནས་ཞབས་ཀྱི་བར་དཀར། ཞལ་གྱི་འོག་ནས་སྐེད་པའི་བར་དམར་སྐྱ། ཕྱག་གཉིས་དང་སྐེད་པའི་བར་སྔོ་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་སྔོན་པོ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་ཅིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། གཡོན་ཏུ་དེ་མཚུངས་བཅས། གཤེགས་པ་རྣམས་གཡོན་མཉམ་བཞག །ཞབས་རྡོར་སྐྱིལ། ཞི་བའི་གཟིགས་སྟངས་ཉི་མའི་རྒྱབ་ཡོལ་སོགས་རྣམ་སྣང་དང་འདྲ། རྡོར་སེམས་ལ་སོགས་པ་ཐམས་ཅད་རབ་ཏུ་དགྱེས་པས་སྤྱན་གདངས་པ། སྒེག་པའི་ཉམས་ཅན་འཛུམ་པ་དང་བཅས་པ། རིགས་ལྔའི་ཅོད་པན་དར་དཔྱངས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་དཀར་པོའི་


LT40_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་གཡོགས་སྨད་གཡོགས། གཡོན་དུ་བཞུགས་པ་རྣམས་རྡོ་རྗེ་རིན་པོ་ཆེའི་ཅོད་པན་ཅན། སེམས་དཔའ་ཐམས་ཅད་ཞབས་སེམས་སྐྱིལ། ཟླ་བའི་རྒྱབ་ཡོལ་མངའ་བ། །གཙོ་འཁོར་ཐམས་ཅད་པད་ཟླའི་གདན་དང་བཅས་པའོ། །འདི་ལ་རྩ་ལུགས་དང་འགལ་ལུགས་ཀྱི་དབང་བསྐུར་བ། བསྙེན་སྒྲུབ་ཀྱི་རྒྱུན་དང་བཅས་པ་མཆིས་ཤིང་། འཇམ་དཔལ་གསང་ལྡན་ཙམ་ལས་གཞན་པའི་རྣལ་འབྱོར་རྒྱུད་ཀྱི་སྒྲུབ་དཀྱིལ་རྣམས་ནི་བུ་སྟོན་ཐམས་ཅད་མཁྱེན་པའི་བཀའ་སྲོལ་ཁོ་ན་ལས་འབྱོན་པ་ཤེས་པར་བྱའོ། ༡༨ །ཡོ་ག་བཤད་པའི་རྒྱུད་ལས་གསུངས་པའི་རྡོ་རྗེ་རྩེ་མོ་གསང་བ་མཆོད་ཆེན་རིགས་པ་སྡུས་པའི་དཀྱིལ་འཁོར་ཆེན་པོ་དགུའི་གཙོ་བོ་བསྡུས་པ་ལ་དབུས་སུ་གཙོ་བོ་རྣམ་པར་སྣང་མཛད། དེའི་གཡས་མདུན་མི་བསྐྱོད་པ། གཡོན་མདུན་དོན་གྲུབ། རྒྱབ་གཡས་རིན་འབྱུང་། རྒྱབ་གཡོན་འོད་དཔག་མེད་བཅས་རྡོར་དབྱིངས་དང་མཚུངས་པ། ཤར་དུ་སངས་རྒྱས་གཟུགས་ཅན་སྔོན་པོ་ཁྲོ་འཛུམ་མཆེ་གཙིགས་དར་དང་རིན་པོ་ཆེའི་རྒྱན་ཅན། ཕྱག་གཉིས་ཏི་ར་ནི་རིའི་ཕྱག་རྒྱ་ཞེས་རྡོ་རྗེ་ནང་བསྡམས་མཐེ་བོང་གཤིབ་པས་རྡོ་རྗེ་འཛིན་པ། འབར་བའི་ཕྲེང་བའི་དབུས་ན་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་པད་ཟླ་དང་གླང་པོའི་


LT40_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལ་བཞུགས་པ། ལྷོར་སངས་རྒྱས་ཉི་མ་གསེར་མདོག་བཞད་པའི་ཞལ་ཅན། ཕྱག་གཉིས་ཀྱིས་སོའི་ཕྲེང་བ་དང་མཐེ་བོའི་རྩེ་མོར་རྒྱལ་མཚན་རིན་པོ་ཆེའི་ཏོག་གིས་སྤྲས་པ་འཛིན་པ། རྡོར་སྐྱིལ་གྱིས་པད་ཟླ་རྟ་མཆོག་གི་ཁྲི་ལ་བཞུགས་པ། ནུབ་ཏུ་སྣ་ཚོགས་གཟུགས་ཅན་དམར་པོ། ཕྱག་གཉིས་ཆོས་འཆད། སྐྱིལ་ཀྲུང་པད་ཟླ་རྨ་བྱའི་ཁྲི་ལ་བཞུགས་པ། བྱང་དུ་ཆོས་འཛིན་རྒྱལ་པོ་ལྗང་གུ་སྐྱབས་སྦྱིན་སྣ་ཚོགས་རྡོ་རྗེ་འཛིན་པ། སྐྱིལ་ཀྲུང་པད་ཟླ་མཁའ་ལྡིང་གི་ཁྲི་ལ་བཞུགས་པ། དེ་གསུམ་ཀ་ཉི་མའི་རྒྱབ་ཡོལ་ཅན། ཤར་ལྷོར་སྣ་ཚོགས་པད་ཟླ་ལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་པ་སྤྱི་མཚུངས་ལ་འོད་དམར་པོ་འཕྲོ་བ། ལྷོ་ནུབ་ཏུ་པདྨ་དམར་པོའི་གདན་ལ་པདྨའི་སེམས་དཔའ་ཞལ་བཞི་དང་སྐུ་མདོག་དམར་པོ། ཕྱག་བརྒྱད་གཡོན་བཞིས་པདྨའི་སྡོང་བུ་པདྨའི་ཁུ་ཚུར་གྱིས་བསྙེམས་ཚུལ་དུ་འཛིན་ཅིང་། གཡས་བཞིས་ཐུགས་ཀར་ཁ་འབྱེད་པ། དབུ་ལ་དར་དང་པད་ཕྲེང་བཅིང་བ། ནུབ་བྱང་དུ་ཉི་མའི་སྟེང་དུ་པདྨ་ལ་རིན་ཆེན་སེམས་དཔའ་སེར་པོ་ཕྱག་གཉིས་རིན་ཆེན་ཁུ་ཚུར་གྱིས་རིན་པོ་ཆེ་བསྣམས་ཤིང་འོད་དམར་པོ་འཕྲོ་བ། བྱང་ཤར་དུ་པདྨ་ལ་རྡོ་རྗེ་ལས་ལྗང་གུ་རྡོ་རྗེ་རྒྱ་གྲམ་གྱི་ཅོད་པན་དར་དཔྱངས་ལྡན་པ། ཕྱག་གཉིས་རྒྱ་གྲམ་


LT40_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། སེམས་དཔའ་བཞི་ལ་ཟླ་བའི་རྒྱབ་ཡོལ། ཞབས་སེམས་སྐྱིལ། གཙོ་འཁོར་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་སོགས་སྤྱི་ལྟར་རོ། ༡༩ །ཡོ་ག་ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་རིགས་བསྡུས་པའི་དཀྱིལ་འཁོར་དགུ་དང་། འཇིག་རྟེན་པའི་དཀྱིལ་འཁོར་བཞིའི་གཙོ་བསྡུས་ནི། དབུས་སུ་གཙོ་བོ་རྡོ་རྗེ་སེམས་དཔའ་དཀར་པོ་བཞད་ཅིང་འཛུམ་པ། ཕྱག་གཡས་གུང་མཐེབ་ཀྱིས་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་བསྙེམས་ཚུལ་གྱིས་དྲིལ་བུའི་ཁ་ནང་ཕྱོགས་དཀུར་བརྟེན་པ། དབུ་རྒྱན་དང་པོ་སྣ་ཚོགས་རྡོ་རྗེའི་ཕྲེང་བ། དེ་སྟེང་པད་ཕྲེང་། དེ་སྟེང་རིན་པོ་ཆེའི་ཕྲེང་བ་དང་རིགས་ལྔའི་དབུ་རྒྱན་རྣམས་བརྩེགས་པ། གཡོན་ཕྱོགས་སུ་འགྱིང་ཞིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ། ཞབས་སེམས་སྐྱིལ་གྱིས་སྡོང་བུ་དང་བཅས་པའི་པདྨ་ལ་བཞུགས་པའོ། །དེའི་གཡས་མདུན་ཏུ་མི་བསྐྱོད་པ་དཀར་པོ་ས་གནོན་རྡོ་རྗེ། རྒྱབ་གཡས་རིན་ཆེན་འབྱུང་ལྡན་སྔོན་པོ་མཆོག་སྦྱིན་རིན་ཆེན། རྒྱབ་གཡོན་འོད་དཔག་མེད་གསེར་མདོག་ཆོས་འཁོར་ཕྱག་རྒྱས་པདྨ། མདུན་གཡོན་དོན་ཡོད་གྲུབ་པ་སྣ་ཚོགས་མདོག་སྐྱབས་སྦྱིན་སྣ་ཚོགས་རྡོ་རྗེ་བསྣམས་པ། གཡོན་རྣམས་མཉམ་བཞག །


LT40_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་བཞི་ཀ་དབུ་ལ་རིན་པོ་ཆེའི་སྟེང་རྡོ་རྗེ་ཕྱེད་པས་མཚན་པ། དར་རྒྱན་གཉིས་རིན་པོ་ཆེའི་རྒྱན་བརྒྱད་སོགས་སྤྱི་མཚུངས། པདྨ་ལ་སྐྱིལ་ཀྲུང་གིས་བཞུགས་པ། སྣ་ཚོགས་མདོག་ནི་རྡོར་དབྱིངས་ཀྱི་རྡོ་རྗེ་ལས་ལྟར་རོ། །ཤར་དུ་ཧཱུྃ་མཛད་སྔོན་པོ་ཁྲོས་པའི་ཚུལ་ཅན། རིན་པོ་ཆེ་པདྨ་རྡོ་རྗེས་དབུ་བརྒྱན་པ། ཕྱག་གཉིས་ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱས་རྡོར་དྲིལ་བསྣམས་པ། །འབར་བའི་ཕྲེང་བའི་དབུས་ན་ཞབས་གཡོན་བརྐྱང་དབང་ཕྱུག་གི་རྣ་བ་གཡོན་པ་དང་། གཡས་བསྐུམ་ཨུ་མའི་ནུ་མ་ལ་བརྫིས་པ། པདྨའི་གདན་ཅན། ལྷོར་ནམ་མཁའི་སྙིང་པོ་ལྗང་གུ། །ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔའི་ཕྲེང་བ་རང་གི་དབུ་ལ་འཆིང་བའི་ཚུལ། རྟ་བདུན་གྱིས་དྲངས་པའི་ཤིང་རྟ་དང་སྣ་ཚོགས་པདྨ་ལ་སེམས་སྐྱིལ་གྱིས་བཞུགས་པ། ནུབ་ཏུ་འཇིག་རྟེན་དབང་ཕྱུག་དམར་སྐྱ། གཡོན་པདྨའི་ཁུ་ཚུར་གྱིས་པདྨ་དམར་པོ་བསྙེམས་པའི་ཚུལ་གྱིས་འཛིན་ཅིང་། གཡས་པའི་མཐེབ་མཛུབ་ཀྱིས་ཐུགས་ཀར་ཁ་འབྱེད་པ་ལ་གཟིགས་པའི་ཚུལ། འོད་དཀར་པོ་འཕྲོ་ཞིང་སྣ་ཚོགས་པདྨ་ལ་སེམས་སྐྱིལ། བྱང་དུ་རྡོ་རྗེ་ཁུ་ཚུར་སེར་པོ། ཕྱག་གཉིས་ཐུགས་ཀར་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་འཚིར་བ། པདྨ་ལ་སེམས་སྐྱིལ། ཤར་ལྷོར་འཇམ་དཔལ་སྔོན་པོ་ཞལ་


LT40_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འཛུམ་པ། ཕྱག་བཞི་ཡིས་རལ་གྲི་རེ་རེ་བསྣམས་པ། འཁོར་ལོའི་ལྟེ་བར་སྣ་ཚོགས་པདྨ་ལ་སེམས་སྐྱིལ་གྱིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་མདུན་ནང་ཟུར་དུ་ཞི་བ་མདུང་གི་དབང་ཕྱུག་སྔོ་ནག །རྩ་བའི་ཞལ་ཞི་བ། ལྷག་མའི་ཞལ་གསུམ་ཁྲོས་པ། མདུན་གྱི་ཕྱག་བཞིས་རྩེ་གསུམ། ཁ་ཊྭཱཱཾ། ཕྲེང་བ། གཡུང་དྲུང་དང་། རྒྱབ་ཀྱི་ཕྱག་བཞིས་ཀྱང་ཕྱག་མཚན་དེ་མཚུངས་འཛིན་པའི་སྤྱི་བོར་ཁྲོ་བོ་འཇིགས་བྱེད་ནག་པོ་སྐུ་ཆུང་ངུ། །ལག་པ་བཞིས་རྩེ་གསུམ་ཐོད་པ་དང་གླང་པགས་རློན་པ་བརྒྱངས་ནས་འཛིན་པ། དར་དང་རིན་ཆེན་སྟག་ཤམ་རྒྱན་ལྡན། སྤྲིན་ཕུང་འཁྲིགས་པའི་དབུས་ན་འགྱིང་པ་ལྟ་བུ་བཀོད་ཕུལ་གང་མཛེས་བྱ། འདི་རིགས་ཟུར་གྱི་ཕོ་ཉ་རྣམས་སྐུ་ཚད་ཆུང་ངུར་བྲི། ལྷོ་ནུབ་ཏུ་ནམ་མཁའ་མཛོད་ཞལ་དཀར། མགྲིན་པ་ནས་སྐེད་པའི་བར་དམར་སྐྱ། བརླ་གཉིས་སེར་སྐྱ། པུས་མོ་ཕྱག་ངར་ཕྲག་པ་སོགས་སྔོན་པོ། ཕྱག་མགོ་གཉིས་དང་རྐང་པ་གཉིས་ལྗང་གུ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་གཏོད་པ། དེས་མཚན་པའི་དྲིལ་བུ་གཡོན་པའི་ཁུ་ཚུར་གྱིས་དཀུར་བརྟེན་པ། སྣ་ཚོགས་རྡོ་རྗེའི་ཕྲེང་བས་དབུ་བརྒྱན་པ། པདྨ་ལ་སེམས་སྐྱིལ་གྱིས་བཞུགས་པ། དེའི་ཟུར་དུ་


LT40_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོ་མཐིང་ནག་ཁྲོས་པ་ཐོད་སྐམ་གྱི་དབུ་རྒྱན་ཅན། ལག་པ་བཅུས་ཁ་ཏྭཱཾཱ་དང་ཐོད་པ་ཐོགས་པ། དར་དང་རིན་ཆེན་སྟག་ཤམ་རྒྱན་ལྡན། གར་སྟབས་ཀྱིས་སྤྲིན་དབུས་ལ་རོལ་བ། ནུབ་བྱང་དུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་གསེར་མདོག །གཡས་གུང་མོའི་རྩེར་རྡོ་རྗེ་རྩེ་གཅིག་དབྱིབ་ཅན་གྱི་འཁོར་ལོ་རྩིབས་བརྒྱད་ཐུགས་ཀར་བསྐོར་ཞིང་གཡོན་གདན་ལ་བརྟེན་པ། སྤྱན་བགྲང་པ། པདྨ་ལ་སེམས་སྐྱིལ། དེའི་ཟུར་དུ་མིང་པོ་གསུམ་ནི་སེང་གེའི་གདན་གྱི་སྟེང་དུ་དབུས་སུ་རྒྱལ་བར་བྱེད་པ་དཀར་པོ། གཡས་སུ་སྦྲང་རྩིར་བྱེད་པ་སེར་པོ། གཡོན་ཏུ་དོན་ཐམས་ཅད་གྲུབ་བྱེད་ལྗང་གུ། གསུམ་ཀ་གོ་ཆ་དང་ཡ་ལད་བགོས་ཤིང་། གཡས་ཐོད་པ་དང་གཡོན་མདའ་གཞུ་ཐོགས་པ། ལྷའི་གོས་དང་ཕྲེང་བས་བརྒྱན་ཅིང་ཁྲོ་འཛུམ་ཅན་འོད་ཕྲེང་གི་དབུས་ན་གནས་པ། བྱང་ཤར་དུ་རྡོ་རྗེ་གནོད་སྦྱིན་མཐིང་ནག་ཁྲོ་འཛུམ་ཅན། ཕྱག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེས་མཚན་པའི་མཆེ་བ་ཁ་འགྲམ་གཉིས་སུ་འཛིན་པ། ཅོད་པན་དང་རྡོ་རྗེའི་ཕྲེང་བ་དར་དཔྱང་གིས་དབུ་བརྒྱན་པ། འབར་ཕྲེང་གི་དབུས་ན་སེམས་སྐྱིལ་གྱིས་པད་ཉི་ལ་བཞུགས་པའོ། །དེའི་མདུན་ཟུར་དུ་སྲིང་མོ་བཞི་ནི། ཕག་མོ་གསེར་མདོག་གསེར་བུམ་ཐོགས་པ། གསོད་མ་ནག་མོ་རལ་གྲི་དང་ཕུབ་


LT40_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པ། གྲུབ་པ་མོ་དཀར་མོ་གྲི་རིང་ཐོགས་པ། དགའ་བ་མོ་དམར་མོ་མདའ་གཞུ་འཛིན་པ། བཞི་ཀ་རིན་པོ་ཆེ་དང་དར་དབྱང་གིས་དབུ་བརྒྱན་ཅིང་སྤྲིན་ཕུང་ལ་གནས་པ། །ཆ་ལུགས་དམིགས་ཀྱིས་མ་བསལ་བའི་གཙོ་འཁོར་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་ཤ་སྟག་དང་ལྡན་པའོ། ༢༠ །ཡོ་ག་ཡན་ལག་གི་རྒྱུད་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་བཀའ་ཉན་རྡོ་རྗེའི་རིགས་བཅས་ཀྱི་གཙོ་བསྡུས་ནི། དབུས་སུ་སེང་ཁྲི་པད་ཟླ་ལ་རྣམ་པར་སྣང་མཛད་རྡོར་དབྱིངས་ལྟར་ལ། འདིར་ཉི་མའི་རྒྱབ་ཡོལ་མ་གསུངས་པས་འོད་ཟེར་འཕྲོ་བ་བྱ། དེའི་མདུན་ཏུ་རྡོ་རྗེ་རྩེ་ལྔ་པ། གཡས་སུ་རིན་པོ་ཆེ་འོད་འབར་བ། རྒྱབ་ཏུ་པདྨ་དམར་པོ། གཡོན་ཏུ་སྣ་ཚོགས་རྡོ་རྗེ། ཕྱག་རྒྱ་བཞི་ཀ་ཟླ་བའི་སྟེང་དུ་འོད་ཕྲེང་གི་དབུས་ན་གནས་པ། ཁ་དོག་ངེས་ཅན་མི་གསལ་རུང་། ཕྱོགས་མདོག་བྱ་ཆོག །ཤར་དུ་གླང་ཆེན་ཁྲི་ལ་རྡོ་རྗེ་ཧཱུྃ་མཛད་སྔོན་པོ་རྡོར་དྲིལ་བསྣམས་པ། ལྷོར་རྟ་མཆོག་གི་ཁྲི་ལ་རིན་ཆེན་ཧཱུྃ་མཛད་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་རྨ་བྱའི་ཁྲི་ལ་པདྨ་ཧཱུྃ་མཛད་དམར་པོ་གཡས་པདྨ། བྱང་དུ་མཁའ་ལྡིང་གི་ཁྲི་ལ་ལས་ཀྱི་ཧཱུྃ་མཛད་ཞལ་དང་བྱིན་པ་མན་ཆད་དཀར་པོ། ཞལ་འོག་ནས་སྐེད་པའི་བར་དམར་སྐྱ། སྐེད་པ་དང་ཕྱག་གཉིས་སྔོ་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་སྔོན་པོ། གཡས་སྣ་


LT40_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྡོ་རྗེ་བསྣམས་པ། ཧཱུྃ་མཛད་བཞི་ཀ་ཕྱག་གཉིས་ཐུགས་ཀར་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་མཛད་པ། ཞལ་རས་ཁྲོ་འཛུམ་རིན་པོ་ཆེ་དང་རྡོ་རྗེའི་ཕྲེང་བ་དར་དཔྱངས་བཅས་པས་དབུ་བརྒྱན་པ། རང་རང་གི་ཁྲི་སྟེང་པད་ཟླའི་གདན་ལ་ཞབས་གཡོན་བརྐྱང་བས་དབང་ཕྱུག་དཀར་པོ་མགྲིན་པ་སྔོན་པོ་གཡས་རྡོ་རྗེ་རྩེ་གསུམ་དང་གཡོན་མདུང་རྩེ་གསུམ་བསྣམས་པ། སྦྲུལ་གྱི་སེ་རལ་ཁ་དང་རིན་པོ་ཆེའི་རྒྱན་ཅན་གྱི་རྣ་བ་གཡོོན་པར་བརྫིས་པ། གཡས་བསྐུམ་པས་ཨུམ་སེར་མོ་ཕྱག་མཚན་དབང་ཕྱུག་དང་འདྲ་བ་གན་རྐྱལ་གྱི་ནུ་མར་བརྫིས་ཤིང་འབར་ཕྲེང་གི་དབུས་ན་བཞེངས་པ། ཤར་ལྷོར་དྲག་པོ་དཀར་པོ་སྤྱན་གསུམ་ཕྱག་བཞི་པ། གཡས་དང་པོས་ཡུམ་ལ་འཁྱུད་པ། འོག་མ་མཆོག་སྦྱིན་དང་བཅས་རྡོ་རྗེ་རྩེ་གསུམ། གཡོན་དང་པོས་མདུང་རྩེ་གསུམ། འོག་མས་ཁ་ཊྭཱཱཾ་ག་བསྣམས་པ། སྦྲུལ་གྱིས་སེ་རལ་ཁར་བྱས་ཤིང་རིན་པོ་ཆེ་དང་ཟླ་བ་ཕྱེད་པས་དབུ་བརྒྱན་པ། ཁྱུ་མཆོག་ལ་ཞོན་ཅིང་ཡུམ་ཨུ་མ་སེར་མོ་གཡས་རྡོ་རྗེ་རྩེ་གསུམ། གཡོན་མདུང་རྩེ་གསུམ་བསྣམས་པས་གཡོན་ངོས་ནས་འཁྱུད་པ། ལྷོ་ནུབ་ཏུ་རྡོ་རྗེ་འཁྱིལ་པ་དམར་པོ་གཡས་པདྨ་ལ་གནས་པའི་རྡོ་རྗེ་དང་། གཡོན་པདྨ་ལ་གནས་པའི་ཉི་མ་འཛིན་པ། ཡུམ་རྡོ་རྗེ་བདུད་རྩི་མ་དེ་དང་མཚུངས་པས་གཡོན་


LT40_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ནས་འཁྱུད་པ། རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་གནས་པ་ནུབ་བྱང་དུ་རྡོ་རྗེ་གླང་སྣ་དཀར་པོ། གཡས་རྡོ་རྗེ་རྩེ་གསུམ། གཡོན་ཐང་གཤོལ་ཐོགས་ནས་གླང་ལ་ཞོན་པ། ཡུམ་རྡོ་རྗེ་འཛུབ་མོ་དཀར་མོ་རལ་གྲི་འཛིན་པས་གཡོན་ནས་རོལ་པ། བྱང་ཤར་དུ་བྲན་རྡོ་རྗེ་ལྕགས་ཀྱུ་སྔོན་པོ་ཕག་གི་གདོང་པ་ཅན། གཡས་རྡོ་རྗེ་རྩེ་གསུམ། གཡོན་ལྕགས་ཀྱུ་བསྣམས་ཤིང་ཀླུའི་རྒྱལ་པོ་ཤེ་ཥ་ལ་ཞོན་པ། བྲན་མོ་རྡོ་རྗེ་ཁ་སྔོན་པོ་གཡས་རྡོ་རྗེ་རྩེ་གསུམ། གཡོན་རལ་གྲི་འཛིན་ནས་མི་ལ་ཞོན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་འབར་ཕྲེང་གི་དབུས་ན་གནས་པའོ། ༢༡ །ཡོ་ག་འཕྲོས་པའི་རྒྱུད་དུ་གྲགས་པ་ངན་སོང་སྦྱོང་རྒྱུད་བརྟགས་པ་ལས་གསུངས་པའི་སྦྱོང་དཀྱིལ་བཅུ་གཉིས་ཀྱི་གཙོ་བོ་བསྡུས་པ། དབུས་སུ་སེང་གེའི་ཁྲི་ལ་བཅོམ་ལྡན་རྣམ་པར་སྣང་མཛད་དཀར་པོ་ཞལ་བཞི་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་པ། ཤར་དུ་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་བཞག །ལྷོར་རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་བཞག །ནུབ་ཏུ་ཤཱཀྱ་རིག་དབང་དམར་སེར་ཕྱག་གཉིས་མཉམ་བཞག །བྱང་དུ་མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་མཉམ་


LT40_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་མཛད་པ་སྟེ། གདན་གླང་པོ་རྟ་མཆོག་རྨ་བྱ་མཁའ་ལྡིང་གི་ཁྲི་དང་། གཤེགས་པ་ལྔ་ཀ་ཞི་བའི་གཟིགས་སྟངས་ཅན། འཁོར་ལོས་སྒྱུར་བའི་ཆ་བྱད་མངའ་བ། ཉི་མའི་རྒྱབ་ཡོལ་ཅན། །པད་ཟླ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་ལྷོར་སྤྱན་མ་དཀར་མོ་གཡས་འཁོར་ལོ། ལྷོ་ནུབ་ཏུ་མཱ་ཀི་སྔོན་མོ་གཡས་རིན་པོ་ཆེ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་གཡས་པདྨ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་པ་རྣམས་གདན་ལ་བརྟེན་པ། སེམས་སྐྱིལ་གྱིས་པད་ཟླ་ལ་བཞུགས་པ། དར་རྒྱན་སོགས་སྤྱི་འགྲེ། ཤར་གཡས་སུ་སྐུ་དཀྱིལ་གཙོ་བོ་ཤཱཀ་ཐུབ་གསེར་མ་འོག་སྡིག་པ་སྲོག་པའི་ཕྱག་རྒྱ་ཅན། འདི་རྡོ་རྗེ་མེ་དང་ས་གནོན་མཉམ་བཞག་ཏུའང་ཟེར། དར་དམར་པོའི་སྟོད་གཡོགས་སྨད་གཡོགས་ཅན། ནུབ་གཡས་སུ་གསུང་དཀྱིལ་གཙོ་བོ་ཚེ་དཔག་མེད་ལོངས་སྤྱོད་རྫོགས་པའི་ཆས་ཅན་སྤྱི་དང་མཚུངས་པ། ནུབ་གཡོན་ཏུ་ཐུགས་དཀྱིལ་གྱི་གཙོ་བོ་ཕྱག་རྡོར་འཆི་བདག་འཇོམས་པ་དཀར་པོ་རྡོར་སེམས་ལྟ་བུ། ལྷོར་ཡོན་ཏན་དཀྱིལ་འཁོར་གྱི་གཙོ་བོ་ཀུན་བཟང་སེར་པོ། ཕྱག་གཡས་མཆོག་སྦྱིན་དང་གཡོན་རིན་པོ་ཆེའི་སྙེ་མ་འཛིན་པ། བྱང་དུ་ཕྲིན་ལས་དཀྱིལ་འཁོར་གྱི་གཙོ་བོ་པད་ཉི་དང་གདུག་པ་ཅན་སྒྱེལ་བའི་སྟེང་དུ་འཇིག་རྟེན་གསུམ་


LT40_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་ཐོད་ཕྲེང་སོགས་མི་སྡུག་པའི་རྒྱན་དང་སྟག་ཤམ་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མ་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་ན་མགོ་ཐོད་ཤས་གང་བ་ཁོ་ན་བསྣམས་པ། མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བའི། གཡས་བསྐུམ་གཡོན་བརྐྱང་གིས་མེ་འབར་བའི་དབུས་ན་བཞེངས་པ། །མདུན་གཡོན་འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་མཚོན་བྱེད་ཕྱག་རྡོར་དཀར་པོ་རྡོར་སེམས་སྤྱི་དང་འདྲ་བ། འཇིག་རྟེན་གསུམ་རྒྱལ་མ་གཏོགས་པ་གཙོ་བོ་ལྔ་ཀ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། །འོད་ཀྱི་དཀྱིལ་འཁོར་འཁྲིགས་པ། པད་ཟླ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། ༢༢ །སྦྱོང་རྒྱུད་ཤཱཀ་ཐུབ་གཙུག་ཏོར་དགུ་པའི་དཀྱིལ་འཁོར་གྱི་གཙོ་བོ་ཤཱཀྱ་ཐུབ་པ་གསེར་མདོག་དར་དང་རིན་པོ་ཆེའི་རྒྱན་སོགས་འཁོར་ལོས་སྒྱུར་བའི་ཆ་ལུགས་རྫོགས་པ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་ཅིང་སེང་གེའི་ཁྲི་དང་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་དུ་རྡོ་རྗེ་གཙུག་ཏོར་དཀར་པོ་ས་གནོན་གྱི་ཕྱག་རྒྱ། ལྷོར་རིན་ཆེན་གཙུག་ཏོར་སྔོན་པོ་མཆོག་སྦྱིན། ནུབ་ཏུ་པདྨ་གཙུག་ཏོར་དམར་པོ་མཉམ་བཞག །བྱང་དུ་སྣ་ཚོགས་གཙུག་ཏོར་ལྗང་གུ་སྐྱབས་སྦྱིན་མཛད་པ། ཤར་ལྷོར་


LT40_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་གཟི་བརྗིད་དཀར་དམར་ཕྱག་གཡས་ཉི་མའི་དཀྱིལ་འཁོར། གཡོན་ཁུ་ཚུར་དཀུར་བརྟེན་པ། ལྷོ་ནུབ་ཏུ་གཙུག་ཏོར་རྒྱལ་མཚན་དམར་ནག །གཡས་ཡིད་བཞིན་ནོར་བུའི་རྒྱལ་མཚན། །གཡོན་ཁུ་ཚུར་དཀུར་བརྟེན་པ། ནུབ་བྱང་དུ་གཙུག་ཏོར་རྣོན་པོ་སྔོ་སངས་གཡས་རལ་གྲི། གཡོན་གླེགས་བམ་ཐུགས་ཀར་འཛིན་པ། བྱང་ཤར་དུ་གཙུག་ཏོར་གདུགས་དཀར་དཀར་པོ་ཕྱག་གཉིས་ཀྱིས་གདུགས་དཀར་པོ་མདུན་ཏུ་བསྣམས་པ། ཐམས་ཅད་ཀྱང་རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པའོ། ༢༣ །རྒྱུད་ཐམས་ཅད་ཀྱི་བདག་པོ་མཚན་ཡང་དག་པར་བརྗོད་པའི་མན་ངག་འཇམ་དཔལ་ཆེ་བ་ནམ་མཁའ་དྲི་མེད་ཆོས་དབྱིངས་གསུང་གི་དབང་ཕྱུག་དང་འབྲིང་པོ་འཇམ་དཔལ་གསང་ལྡན་གྱི་གཙོ་བོ་བསྡུས་པ། སྨད་ཀྱི་དབུས་སུ་གཙོ་བོ་འཇམ་དཔལ་དབྱངས་དཀར་པོ་ཞལ་བཞི། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་འཆད། གཡས་གསུམ་རལ་གྲི་མདའ། རྡོ་རྗེ། གཡོན་གསུམ་གླེགས་བམ། གཞུ། དྲིལ་བུ་བསྣམས་པ། དབུ་རྒྱན་རིམ་བཞིན་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱི་ཕྲེང་བའི་སྟེང་དུ་རྩེ་བྲན་གྱིས་མཛེས་པ། སེང་གེས་བཏེགས་པའི་ཁྲི་དང་པད་ཟླ་ལ་བཞུགས་པ། མདུན་གཡས་སུ་གླང་པོ་ཆེའི་ཁྲི་ལ་མི་བསྐྱོད་པ་


LT40_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་ཞལ་བཞི་ལས་གསུམ་ཁྲོ་ཉམས། གཡོན་པ་ཚེམས་ཀྱི་མ་མཆུ་མནན་པ། ཕྱག་བརྒྱད་གཡས་བཞིས་རལ་གྲི། རྡོ་རྗེ། མདའ། ལྕགས་ཀྱུ། གཡོན་བཞི་སྡིགས་མཛུབ། དྲིལ་བུ། གཞུ། ཞགས་པ་བསྣམས་པ། རྒྱབ་གཡས་རྟ་མཆོག་གི་ཁྲི་ལ་རིན་ཆེན་འབྱུང་ལྡན་ཞལ་བཞིའི་རྩ་ཞལ་དང་སྐུ་མདོག་གསེར་མདོག །གཡས་ནག །རྒྱབ་དཀར། །གཡོན་དམར། ཕྱག་བརྒྱད་གཡས་བཞིས་རྡོ་རྗེ་རལ་གྲི། མདའ། ལྕགས་ཀྱུ། གཡོན་བཞིས་ནོར་བུའི་རྒྱལ་མཚན། དྲིལ་བུ། གཞུ། ཞགས་པ་བསྣམས་པ། རྒྱབ་གཡོན་རྨ་བྱའི་ཁྲི་ལ་འོད་དཔག་མེད་ཞལ་བཞིའི་རྩ་ཞལ་དང་སྐུ་མདོག་དམར་གཡས་ནག །རྒྱབ་དཀར། གཡོན་སེར། ཕྱག་བརྒྱད་གཡས་བཞིས་རྡོ་རྗེ། མདའ། རལ་གྲི། ལྕགས་ཀྱུ། གཡོན་བཞིས་པདྨ། གཞུ། ཞགས་པ། དྲིལ་བུ་བསྣམས་པ། མདུན་གཡོན་མཁའ་ལྡིང་ཁྲི་ལ་དོན་ཡོང་གྲུབ་པ་ནག་པོ། ཞལ་བཞིའི་དབུས་ཞལ་ནག་པོ་མཆེ་བ་གཙིགས་པ། གཡས་གཡོན་གཉིས་དཀར་པོ་ཞི་བ། རྒྱལ་ཞལ་དམར་པོ་སྒེག་ཉམས། ཕྱག་བརྒྱད་གཡས་བཞིས་རལ་གྲི། རྡོ་རྗེ། མདའ། །ལྕགས་ཀྱུ། གཡོན་བཞིས་དྲིལ་བུ། གཞུ། སྡིགས་མཛུབ། ཞགས་པ་


LT40_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། རིགས་བཞི་ཀ་ལ་པདྨ་དང་ཉི་མའི་གདན་ནོ། །སྟེང་དབུས་སུ་གཙོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དཀར་པོ་ཞལ་དྲུག་གི་རྩ་ཞལ་སྔོ། སྟེང་ཞལ་གཉིས་བརྩེགས་དཀར། གཡས་སེར། རྒྱབ་དམར། གཡོན་ལྗང་། ཕྱག་གཉིས་མཉམ་བཞག་མཛད་པའི་གཡས་པས་ཨུཏྤལ་དམར་པོ་དང་། གཡོན་པས་སྔོན་པོའི་སྡོང་བུ་འཛིན་ཅིང་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་གླེགས་བམ་རེ་རེས་མཚན་པ། ཨིནྡྲ་ནཱི་ལའི་གཙུག་ཕུད་དང་ཉི་མའི་འོད་མངའ་བ། སེང་གེའི་ཁྲི་ལ་བཞུགས་པ། གཙོ་བོ་གཉིས་ཀྱི་འོག་མ་ལས་སྟེང་མ་ཅུང་ཟད་ཆུང་ཞིང་། འཁོར་རྣམས་ཀྱང་རིགས་བཞི་སྔ་མ་བཞི་ཅུང་ཟད་ཆེ་ཞིང་། ཕྱི་མ་འདི་རྣམས་ཆུང་བར་བྲིས་ན་མཛེས་ཆ་ཐོན་པར་འོང་། གཙོ་འཁོར་དེ་དག་གི་ཤར་མདུན་ཏུ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག །ལྷོར་རིན་འབྱུང་སེར་པོ་མཆོག་སྦྱིན་མཉམ་བཞག །ནུབ་ཏུ་འོད་དཔག་མེད་དམར་པོ་མཉམ་བཞག །བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་མཉམ་བཞག །གླང་ཆེན་རྟ་མཆོག་རྨ་བྱ་མཁའ་ལྡིང་གི་ཁྲི་ཅན། རིགས་ལྔ་ཕྱི་མའི་ཁྲི་རྣམས་དར་གྱི་འགེབས་དང་ལྡན་ཅིང་། གཙོ་འཁོར་དེ་དག་ཐམས་ཅད་རྡོར་སྐྱིལ་ཁོ་ནས་བཞུགས་པ། རིགས་བཞི་ཕྱི་མ་རྣམས་ཀྱི་གཡས་གཡོན་ཏུ་ཨུཏྤལ་ལ་གནས་པའི་རལ་གྲི་དང་པུསྟི་རེ་རེ་བྲི། །


LT40_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལྷོར་སེམས་མ་རྡོ་རྗེ་མ་དཀར་མོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ། ལྷོ་ནུབ་ཏུ་རིན་ཆེན་རྡོ་རྗེ་མ་སྔོན་མོ་གཡས་རིན་པོ་ཆེ། ནུབ་བྱང་དུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་གཡས་པདྨ། །བྱང་ཤར་དུ་ལས་ཀྱི་རྡོ་རྗེ་མ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་འཛིན་ཅིང་། ཕྱག་གཡོན་པ་ཐམས་ཅད་ཁུ་ཚུར་དཀུར་བརྟེན་པས་ཨུཏྤལ་པུསྟིས་མཚན་པ་བསྣམས་པ། ཞབས་སེམས་སྐྱིལ། གཙོ་འཁོར་ཐམས་ཅད་དར་དང་རིན་པོ་ཆེའི་རྒྱན་ལྡན་པད་ཟླའི་གདན་ལ་བཞུགས་པའོ། ༢༤ །ཐ་མར་དགེ་བ་བྱ་རྒྱུད་ནོར་ཅན་དང་རྒྱས་པའི་རིགས་ཀྱི་གཙོ་བོ་རྒྱལ་ཆེན་རྣམ་ཐོས་སྲས་གསེར་བཙོ་མའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་གཡས་པས་ཡིད་བཞིན་གྱི་ནོར་བུས་མཚན་པའི་རྒྱལ་མཚན། གཡོན་པས་གཏེར་གྱི་ནེའུ་ལེ་ནོར་བུའི་ཆར་འབེབས་པ་བསྣམས་པ། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་དར་སྣ་ཚོགས་པའི་ནབ་བཟའ་ལྷབ་ལྷུབ་ཏུ་གསོལ་བ། ཕྲག་པ་གཡས་ནས་ཉི་མ། གཡོན་ནས་ཟླ་བ་འཆར་བ། པད་ཟླའི་གདན་ལ་སེང་གེ་དཀར་མོ་ལུས་ཉམས་རྩལ་དང་ལྡན་ཞིང་ཉལ་སྟབས་སུ་གནས་པས་ནེའུ་ལེ་ལ་མིག་མངོན་ཏུ་ཕྱོགས་པའི་སྟེང་ན་རོལ་སྟབས་ཀྱིས་བཞུགས་པའི་དབུ་གཙུག་གི་ཆར་རྒྱལ་བ་རིན་ཆེན་མང་གསེར་མདོག་སྤྲུལ་སྐུ་


LT40_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་གི་ཚུལ་མཆོག་སྦྱིན་མཉམ་བཞག་མཛད་པ། གཡོན་ཟུར་གྱི་རྒྱབ་གྲིབ་ཏུ་གཏེར་བདག་གཞན་གྱིས་མི་ཐུབ་པ་དཀར་པོ་གཞོན་ནུའི་ལུས་ལ་སྡང་མིག་དམར་བ། ཕྱག་གཡས་ལྕགས་ཀྱུ། གཡོན་གཏེར་བུམ། དར་དཀར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་འདོར་ཐབས། ཤར་དུ་ཛམྦྷ་ལ་སེར་པོ་རིན་པོ་ཆེ་བསྣམས་པ། ལྷོར་གང་བ་བཟང་པོ་སེར་པོ་རིན་པོ་ཆེའི་བུམ་པ་གང་བ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ། བྱང་དུ་ཀུ་བེ་ར་ནག་པོ་རལ་གྲི། ཤར་ལྷོར་ཡང་དག་ཤེས་སེར་པོ་རལ་གྲི། ལྷོ་ནུབ་ཏུ་འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་དམར། གཡས་ཟུར་གྱི་རྒྱབ་གྲིབ་ཏུ་མངོན་པ་བདེ། མཆན། ནུབ་བྱང་དུ་ལྔ་རྩེ་ན་སེར་སྐྱ་ཁང་བརྩེགས། བྱང་ཤར་དུ་འཇམ་པོ་འཁྱིལ་པ་དཀར་པོ་གཡས་གྲི་དང་གཡོན་ཕུབ། ཐམས་ཅད་ཀྱང་གཡས་རང་རང་གི་ཕྱག་མཚན། གཡོན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་མཆོག་རྒྱན་ལྡན་ལ་ཆིབས་པ། དཔའ་ཞིང་བརྗིད་པའི་ཉམས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པའོ། །སྟེང་གི་གྲུ་གཡས་སུ་གཏེར་གྱི་བུམ་པའི་ཁར་པད་ཟླ་ལ་གནས་པའི་སེང་གེའི་སྟེང་དུ་ལྷ་མོ་དཔལ་ཆེན་མོ་ལྗང་གུ། སྒེག་ཅིང་བཞད་ལ་སྤྱན་གདངས་པ། ཕྱག་གཡས་ནོར་བུས་མཚན་པའི་པདྨ་དང་། གཡོན་སྐྱབས་སྦྱིན་མཛད་པ། སྟེང་གྲུ་གཡོན་ཏུ་གསེར་


LT40_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བུམ་པ་ནོར་བུས་གང་བའི་ཁྲི་ལ་པད་ཟླའི་སྟེང་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ། ཕྱག་གཡས་མཆོག་སྦྱིན་མཐིལ་ནས་ནོར་བུའི་ཆར་འབེབས་པ། གཡོན་འབྲས་ཀྱི་སྙེ་མ་རབ་ཏུ་རྒྱས་པ་དང་རིན་པོ་ཆེའི་ཕྲེང་བ་འཛིན་པ། སྒེག་ཅིང་ལང་ཚོ་ལ་བབ་པ། གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་ལྡན་སེམས་སྐྱིལ་གྱིས་བཞུགས་པ། འོག་གི་གྲུ་གཡས་སུ་ཛམྦྷ་ལ་སེར་པོ་གསེར་མདོག་ཅན། །ཕྱག་གཡས་མཆོག་སྦྱིན་གྱིས་ཤིང་ཐོག་བཱི་ཛ་པཱུ་ར་ཀ་དང་གཡོན་ནེའུ་ལེར་ནོར་སྐྱུགས་བསྣམས་པ། ཞི་ཞིང་སྒེག་ལ་ཤ་ཉམས་རྒྱས་ཤིང་ཧུར་བག་ཆགས་པ། དབུ་སྐྲ་ནག་པོ་ཐོར་ཅོག་ནོར་བུའི་དབུ་རྒྱན་དང་བཅས་པ། ཞབས་གཡས་བརྐྱང་རོལ་པའི་སྟབས་ཀྱིས་གཏེར་གྱི་བུམ་པ་མནན་པ། ཨུཏྤལ་སྔོན་པོའི་དོ་ཤལ། དར་དང་རིན་ཆེན་རྒྱན་ལྡན་ནོ། །གྲུ་གཡོན་ཏུ་རྨུགས་འཛིན་ནག་པོ་གཅེར་བུ་རིགས་ངན་གྱི་ཆ་ལུགས་རྣ་བ་མ་ཕུག་པ། བྱིས་པའི་གཟུགས་ལ་མིའུ་ཐུང་གི་རྣམ་པ་ཅན། མཚན་མ་གྱེན་ཏུ་བསྒྲེང་བ། སྐྲ་ཁམས་པ་གྱེན་ཏུ་བརྫེས་ཤིང་། དམར་ཟླུམ་སྤྱན་གསུམ་ཁྲོ་གཉེར་མཆེ་བ་གཙིགས་པ། ཕྱག་གཡས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་གཡོན་པས་ནོར་སྐྱུག་ནེའུ་ལེ་བརླ་གཡོན་པ་ལ་བརྟེན་པའི་ཚུལ་གྱིས་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་པད་ཟླའི་གདན་ལ་ནོར་བདག་


LT40_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་བུའི་གཟུགས་ཅན་ནོར་བུ་སྐྱུགས་པ་མནན་པ། སྦྲུལ་གྱི་རྒྱན་ཅན། མེ་འབར་བའི་དབུས་ན་བཞེངས་པ། མདུན་གྱི་ཤོང་ཡངས་གར་བདེར་འཇིག་རྟེན་པའི་རིགས་ལྷ་མོ་འཕྲོག་མ་སྐུ་མདོག་དམར་སེར་མཛེས་ཤིང་སྒེག་པ། གཡས་ལྕགས་ཀྱུ། གཡོན་ཞགས་ལ་དང་བཅས་པའི་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་བཞེངས་ཐབས་སུ་གནས་པའོ། །གཙོ་འཁོར་ཐམས་ཅད་འཇའ་སྤྲིན་གྱི་དབུས་ན་བཞུགས་ཤིང་བར་མཚམས་རྣམས་སུ། རིན་པོ་ཆེའི་རི་བོ། གཏེར་གྱི་བུམ་པ། ནོར་བུ་དང་འབྲུའི་ཕུང་པོ་དཔག་བསམ་ལྗོན་ཤིང་། འདོད་འཇོའི་བ་སོགས་བཀོད་པའི་ཁྱད་པར་མཛེས་ཤིང་བག་དྲོ་བ་བྱའོ། །རྣམ་སྲས་སེར་ཆེན་གཙོ་བོར་གྱུར་པའི་རིགས་ཆེན་རྣམས་ཀྱི་དབང་དང་སྲོག་གཏད་རྗེས་སུ་གནང་བ་སྒྲུབ་ཐབས་ལས་ཚོགས་ཀྱི་མཐའ་རྒྱས་ཅན་ཚར་པའི་ཕྱོགས་ལ་རྒྱས་པར་བཞུགས་ཤིང་། རིན་འབྱུང་དུའང་རིགས་བརྒྱད་རྗེས་གནང་ཚང་བ་དང་། སེར་ཆེན་ནི་གྲུབ་མཐའ་ཐམས་ཅད་ལ་ཡོངས་སུ་གྲགས་སོ། ༢༥། །གལ་ཏེ་འབྱོར་པས་ལྕོགས་ན་འདི་སྟེང་ཀྲི་ཡས་མུཙྪའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་ལས་རྣམ་རྒྱལ་མ་ལྷ་དགུ་སྔོན་ཏུ་སོང་བས་གོ་བཅད་ནས། གཟའ་ཡུམ་དང་། ནོར་རྒྱུན་མ་གཙོ་བསྡུས་རེ་བསྣན་ནས་ཐང་གྲངས་ཉེར་བདུན་བྱེད་ན་ཤིན་ཏུ་ལེགས་པར་


LT40_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས། འགོད་པར་སྤྲོ་ན་ཨ་བྷ་ཡའི་རྡོར་ཕྲེང་གི་ནང་དུ་བལྟའོ། །འདི་དག་གི་དཀྱིལ་འཁོར་གྱི་གཙོ་བོ་ཕལ་མོ་ཆེའི་དབང་གི་རྒྱུན་བཞུགས་ཤིང་། ཞར་བྱུང་བཀོད་པ་དག་ཀྱང་པདྨ་དྲ་བའི་སྤྱན་རས་གཟིགས་ཀྱི་རིགས་ཁ་ཤས་ཙམ་མ་གཏོགས་རྗེས་གནང་གི་རྒྱུན་དང་ལྡན་པ་ཁོ་ན་སྟེ། སྒྲུབ་ཐབས་བརྒྱ་རྩ་རྒྱ་མཚོ་གཉིས་དང་རིན་འབྱུང་སོགས་ལས་འོངས་པ་དག་གོ། །གོང་སྨོས་ལྟར་ཨ་ར་པ་ཙ་ན་ལྷ་ལྔ་སྤྱོད་རྒྱུད་གཤེགས་རིགས་སུ་གཙོ་ཆེ་བའི་དབང་གིས་བཞག་ཀྱང་བཀོད་པ་སྟབས་བདེ་ཁྱད་བྱ་རྒྱུད་གཤེགས་རིགས་ཀྱི་བདག་པོར་བཞུགས་པ་དང་། འབྱུང་འདུལ་སྤྱོད་རྒྱུད་དུ་བཞེད་པའང་ཡོད་ཀྱང་། རྒྱུད་ཀྱི་བསྟན་ཁུངས་དང་བཀོད་པ་འཐུས་ཁྱད་བྱ་རྒྱུད་དུ་དྲངས་ཤིང་། སྤྱིར་རྒྱུད་སྡེ་སྔ་མ་གཉིས་ལ་བཤད་སྒྲུབ་རྐང་ཚུགས་མ་བྱུང་བའི་དབང་གིས་དཀྱིལ་འཁོར་གྱི་གྲངས་ངེས་ཏིག་ཏུ་འདྲེན་པ་མི་སྣང་ལ། རྣལ་འབྱོར་རྒྱུད་ལ་བུ་སྟོན་ཆེན་པོའི་ལུགས་ཀྱི་དཀྱིལ་འཁོར་བཅུ་གསུམ་སྟེ། རྡོར་དབྱིངས་རྩ་ལུགས། འགྲེལ་པ་ལུགས། དཔལ་མཆོག་རྩེ་མོ། དཔལ་མཆོག་རིགས་བསྡུས། དཔལ་མཆོག་རྡོར་སེམས། ཁམས་གསུམ་རྣམ་རྒྱལ། ཀུན་རིག །ཕྱག་རྡོར་འཆི་འཇོམས། གཙུག་དགུ། མི་འཁྲུགས་ལོངས་སྐུ་ལྷ་བཅུ་གསུམ་མ། འཇམ་


LT40_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེ་བ་ཆོས་དབྱིངས་གསུང་དབང་། འབྲིང་པོ་གསང་ལྡན། ཆུང་བ་རིགས་བསྡུས་རྣམས་བཞུགས་པ་ལས། རིགས་བསྡུས་མ་གཏོགས་པ་གཞན་ཐམས་ཅད་ཀྱི་དབང་བཀའི་རྒྱུན་དང་། ཐམས་ཅད་ཀྱི་སྦུབ་མཆོད། ཁྱད་པར་དཔལ་རྩེ་དབྱིངས་གསུམ་ཕྱག་ལེན་ཁུངས་དག་བཅས་དཔལ་ཞ་ལུའི་ཆོས་སྡེ་དང་གངས་དཀར་རྡོ་རྗེ་གདན་སོགས་སུ་བཞུགས་ཤིང་། གསང་ལྡན་ལ་རྫོགས་ལུགས་ཀྱི་དབང་ལུང་རྒྱུན་དང་། བུ་ལུགས་ཀྱིས་རྡོར་དབྱིངས་དང་བསྟུན་པའི་ཡིག་ཆ་རྒྱས་པར་ཡོད་ལ། དེ་དག་ལས་དཔལ་མཆོག་རྡོར་སེམས་ནི་རིགས་བསྡུས་ཀྱི་དབུས་དཀྱིལ་ལོགས་སུ་ཕྱུང་བ་ཡིན་པས་ཟུར་དུ་མ་བཀོད་ལ། མི་འཁྲུགས་པའང་ཇོ་ལུགས་བྱ་རྒྱུད་སྐབས་སུ་སོང་བས་འཐུས་པར་བྱས་ཤིང་། སྦྱོང་དཀྱིལ་བཅུ་གཉིས་སུ་གྲགས་པ་ལས་ཀུན་རིག་ནི་རྩ་དཀྱིལ་ཡིན་པས་སྨོས་མ་དགོས། ཕྱག་རྡོར་འཆི་འཇོམས་ཐུགས་ཀྱི་དཀྱིལ་འཁོར་དམིགས་སུ་ཕྱེ་བའི་རྒྱུ་མཚན། སྦྱོང་དཀྱིལ་བཅུ་གཉིས་པོ་ཐམས་ཅད་ལ་དབང་བཀའ་བྱེད་པ་རྩ་སྐྱབ་སོགས་ཀྱི་ལུགས་ཡིན་ཀྱང་། བུ་རིན་པོ་ཆེས་འདི་གཉིས་ལས་གཞན་པའི་དབང་རྒྱུན་ཡོད་མེད་དཔྱད་གཞིར་མཛད་ཅིང་། ཁྱད་པར་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གི་དབང་ལ་ཐེ་ཚོམ་ཆེ་བས་རེ་ཞིག་རྩོད་མེད་ཀྱི་སྦྱོང་དཀྱིལ་གཉིས་པོ་བཀོད་པ་མ་ཟད། འཆི་འཇོམས་འདི་


LT40_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ལ་མཆོག་ཏུ་བསྔགས་ཤིང་། འདི་ལ་བརྟེན་ནས་གྲུབ་པའི་མཚན་མ་བརྙེས་པ་མང་བུ་བྱོན་པས་བྱིན་རླབས་ཀྱི་གཟི་བརྗིད་ལྷག་པར་འབར་བ་ཡིན་ཅེས་ཀུན་གཟིགས་བརྩེ་བ་ཆེན་པོའི་གསུང་གི་བདུད་རྩིའི་ཟེགས་མའོ། །ལྔ་པ་ཚུལ་ཇི་ལྟར་དུ་བསྒྲུབས་ན། དེ་ལྟ་བུའི་བྲིས་སྐུ་འདི་དག་ཀྱང་སྦྱིན་བདག་དད་པ་དང་གཏོང་ཕོད་ཆེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་ཅིང་། མ་གུས་པ་དང་སེར་སྣ་ལ་སོགས་སྐྱོན་ཐམས་ཅད་དང་བྲལ་ལ་བསླབ་པ་གསུམ་པོར་གཅེས་སྤྲས་སུ་མཛད་པའི་ཆོས་རྗེ་བླ་མ་དམ་པ་གང་ནས། ཐོག་མ་ཉིད་དུ་རི་མོ་མཁན་བཤེས་གཉེན་བསྟེན་པའི་ཚུལ་གྱིས་བཀུར་བསྟི་སྔོན་ཏུ་འགྲོ་བས། བཟོ་བོ་རང་གིས་ཇི་ལྟར་གཞལ་པའི་ཡོན་སྦྱོར་བས་མཉེས་པར་བྱས་པའི་རྗེས་སུ། འདྲི་མཁན་མི་མཁས་ང་རྒྱལ་ཆེ་བ་སོགས་སྐྱོན་སྤངས་ཤིང་། དུལ་ཞིང་དང་བློ་ལྡན་པ་སོགས་རང་བཞིན་གྱི་ཡོན་ཏན་དང་། ཚད་དང་རྣམ་འགྱུར་སོགས་བཟོའི་མཚན་ཉིད་མཐའ་དག་ལ་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་ལ། གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་རྗེས་སུ་གནང་བ་ཐོབ་པ་རྣམས་ཀྱིས་རྒྱལ་བས་བྱིན་གྱིས་བརླབས་པའི་དུས་ཚེས་ཁྱད་པར་ཅན་ལ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས། བཟོ་བོ་ལག་ཆ་ཐིག་ཚོན་བྱིན་རླབས་


LT40_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བགྱིས་ཏེ། ཚངས་པའི་རི་མོ་གཟུགས་ཀྱི་སྔར། ཞེས་གསུངས་པ་ལྟར་ཚངས་པའི་ཐིག་གདབ་པ་ནས་བརྩམས། དུས་འཁོར་དང་སྡོམ་འབྱུང་གི་ལུང་དོན་སྨན་མཁྱེན་ཡབ་སྲས་ཀྱི་བཞེད་པ་དང་། ཁྱད་པར་རྗེ་བརྒྱད་པ་མི་བསྐྱོད་དགའ་བའི་དབྱངས་ཅན་གྱི་ལེགས་པར་གསུངས་པའི་ཚུལ། རྗེ་ཉིད་ཀྱི་སྤྲུལ་པ་སྤྲུལ་སྐུ་བ་ནམ་མཁའ་བཀྲ་ཤིས་བརྒྱུད་སྲོལ་དང་བཅས་པས་རྒྱ་ཆེར་སྤེལ་བའི་ལུགས་བཟང་ལས་ཇི་ལྟར་བྱོན་པ་བཞིན། མཆོག་གི་སྤྲུལ་སྐུ་སོར་མོ་བརྒྱ་ཉེར་ལྔ་པ་དང་། ལོངས་སྤྱོད་རྫོགས་པ་སྐུ་དེ་ལས་རལ་པའི་ཐོར་ཚུགས་བརྒྱད་དམ་བཅུ་གཉིས་ཀྱིས་ལྷག་པ་དང་། བྱང་ཆུབ་སེམས་དཔའ་སོར་མོ་བརྒྱ་ཉི་ཤུ་པ་དང་། དྲང་སྲོང་ཁྲོས་པ་ཐལ་མོ་བཅུ་གཉིས་པའི་ཚད་ཅན་དང་། ལྷ་མོའི་གཟུགས་ཅན་ཐལ་མོ་དགུའི་བྱེ་བྲག་དང་། གཤིན་རྗེ་དང་གནོད་སྦྱིན་ཁྲོས་པའི་གཟུགས་ཅན་ཐལ་མོ་བརྒྱད་པ་དང་། སྲིན་པོ་ཁྲོས་པ་ཐལ་མོ་དྲུག་དང་ལྔ་དང་གསུམ་གྱི་ཚད་ཅན་དང་། ཉན་རང་དང་མིའི་ལུས་རྟེན་སྲིད་དུ་མཐོ་བདུན་ཞེང་ལ་མཐོ་བརྒྱད་པ་དང་། འཇིག་རྟེན་སྐྱོང་བ་ཐལ་མོ་དགུ་ལ་སོགས་པའི་ཚད་སོ་སོར་ཇི་ལྟར་བཤད་པ་ཐམས་ཅད་འཆུག་མེད་མངོན་པར་གཞལ་ནས། སྡོམ་འབྱུང་ནས་བཤད་པའི་རིང་ཐུང་ཡོན་པོ་ལ་སོགས་པའི་སྐྱོན་ཐམས་ཅད་སྤངས་ཏེ། ཞི་ལ་ཞི་བའི་


LT40_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་སྐུ། །དྲག་ལ་དྲག་ཅིང་འཇིགས་བྱེད་པ། །དཔའ་ལ་དཔའ་ཞིང་ང་རྒྱལ་སྐུ། །སྒེག་པ་ལ་ནི་བཞད་པའི་ཞལ། །མཚན་ཉིད་འདི་ལྟར་མཚོན་ནས་ནི། །སྔགས་པ་རྣམས་ཀྱིས་བྲིས་སྐུ་འབྲི། །ཞེས་གསུངས་པ་ལྟ་བུའི་ཉམས་དང་འགྱུར་བ་དང་། བཞུགས་སྟངས་ཕྱག་མཚན་གདན་ཁྲིའི་བྱེ་བྲག །རབ་བྱུང་གི་གོས་གསུམ། ལོངས་སྐུའི་རྩ་བའི་རྒྱན་བརྒྱད་ཉེ་བའི་རྒྱན་དང་བཅས་པ། ལྷ་དང་དྲང་སྲོང་ལ་སོགས་སོ་སོ་ལ་འོས་པའི་རྒྱན་གྱི་ཁྱད་པར་རྣམས་ཀྱང་རྒྱུད་དང་གཙུག་ལག་གི་གཞུང་ལུགས་རྣམས་ནས་ཇི་སྐད་བཤད་པ་དང་མཁས་པའི་ཕྱག་རྒྱུན་མ་ཉམས་པས་བརྒྱན་ཏེ། རྣལ་འབྱོར་པ་རྣམས་ལ་ནོར་བུའི་མཛོད་ཁང་། གཟུར་གནས་ཀྱི་ཡིད་ལ་ལྷའི་དགའ་ཚལ། དད་ལྡན་ཡོངས་ཀྱི་མིག་གི་བདུད་རྩི་དཔེ་དང་བྲལ་བ་འདི་ཉིད་ལེགས་པར་གྲུབ་ཅིང་། རྒྱུད་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་སྒོ་ནས་རབ་ཏུ་གནས་པས་བྱིན་རླབས་ཀྱི་གཟི་འོད་དང་ལྡན་པར་བསྒྲུབས་ཏེ་མཆོད་པའི་སྤྲིན་དང་བཅས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་རྒྱུད་སྡེ་ལྷ་ཁང་མཛེས་པའི་རྒྱན་ཏུ་བཞུགས་སོ། །དྲུག་པ་བཀྲམ་པའི་གྲལ་རིམ་ནི། ཁྱད་པར་དུ་འཕགས་པའི་རྒྱུད་སྡེའི་ཞལ་ཐང་གྲ་ཚར་འོག་མིན་རྡོ་རྗེ་དབྱིངས་ཀྱི་གཞལ་མེད་ཁང་པ་ལ་མངོན་སུམ་འཕོས་


LT40_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་འདི་དག་ཆབ་གཅིག་ཏུ་བཀྲམ་པའི་ཆོ་གོ་རིམ་ཇི་ལྟ་བུ་ཞེ་ན། དབུས་སུ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གཙོར་གྱུར་པའི་སངས་རྒྱས་དཔའ་བོ་བདུན་གྱི་ཞལ་ཐང་གཙོ་བོར་བཞུགས་པའི་གཡས་ནས་གཡས་སུ། རྣལ་འབྱོར་རྒྱུད་ཀྱི་ཐོག་མ་རྡོ་རྗེ་དབྱིངས། རྩེ་མོ་རིགས་བསྡུས། དཔལ་མཆོག་རིགས་བསྡུས། ཁམས་གསུམ་རྣམ་རྒྱལ། སྦྱོང་དཀྱིལ་བཅུ་གཉིས། །སྦྱོང་རྒྱུད་གཙུག་དགུ། འཇམ་དཔལ་ཆེ་འབྲིང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་། བྱ་རྒྱུད་རྡོ་རྗེའི་རིགས་ལས་མི་འཁྲུགས་པ། ཕྱག་རྡོར་འགྲོ་བཟང་། རྣམ་འཇོམས་ཁྲོ་ནག །ནོར་གྱི་ལྷ་རྣམ་སྲས་སེར་ཆེན་གཙོ་འཁོར་བཅས། གཙོ་བོའི་གཡོན་ནས་གཡོན་ཏུ་བྱ་རྒྱུད་གཤེགས་རིགས། དམ་ཚིག་གསུམ་བཀོད་དང་འོད་ཟེར་དྲི་མེད། སྨན་བླ། འཇམ་དཔལ་ཨ་ར་པ་ཙ། སྲུང་བ་ལྷ་ལྔ། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར། གཙུག་ཏོར་རྣམ་རྒྱལ། རིགས་གསུམ་སྤྱི་དང་ཉེ་སྲས། པདྨའི་རིགས་ཚེ་དཔག་ལྷ་དགུ། །བཅུ་གཅིག་ཞལ། དོན་ཡོད་ཞགས་པ། འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བའི་ལྷ་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་བཅས་ཚར་དུ་དངར་བར་བཀྲམ་སྟེ་དང་བ་འདྲེན་པར་བྱའོ། །


LT40_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་ཕན་ཡོན་ལ་སྤྱི་དང་ཁྱད་པར་རོ། །དང་པོ་ནི། སྤྱིར་རྣམ་པ་ཐམས་ཅད་དང་ལྡན་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཡུངས་འབྲུ་ཙམ་བཞེངས་པའི་ཕན་ཡོན་ཀྱང་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སའམ། རྡོའམ། ཐལ་བའམ། ཤིང་ངམ། རུས་དཀར་རམ། ལྕགས་སམ། གསེར་རམ། དངུལ་ལམ། བཻ་ཌཱུརྱའམ། ཤེལ་ལམ། མུ་ཏིག་དམར་པོའམ། རྡོའི་སྙིང་པོའམ། སྤུག་གམ། དུང་ངམ། མན་ཤེལ་ལམ། །སྤོས་སམ། རས་སམ། ཤིང་ལེབ་བམ། རྩེག་ངོས་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞེངས་པར་བྱས། རལ་བ་གསོ་བ་དང་བཅོས་པར་བྱས་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། རིགས་དམའ་བ་རྣམས་དང་སྡིག་པའི་རིགས་རྣམས་དང་ལོག་པར་ལྟ་བའི་རིགས་སུ་མི་སྐྱེ་སྟེ། ཡན་ལག་གང་ཡང་མ་ཚང་བར་མི་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུ་བྱས་ན་ལས་དེས་སེམས་ཅན་དམྱལ་བ་མྱོང་བ་ཡང་ཆུང་ངུ་མྱོང་སྟེ། ཐེག་པ་གསུམ་གྱི་ཐེག་པ་གང་ཡང་རུང་བས་ངེས་པར་འབྱུང་


LT40_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །དཔེར་ན་མི་ཞིག་མི་གཙང་བས་རེག་པ་ལ་རབ་ཏུ་དག་པར་བཀྲུས་ཏེ། སྤོས་ཀྱིས་བྱུག་ན་མི་དེའི་དྲི་མི་ཞིམ་པ་དེ་མེད་པར་འགྱུར་རོ། །དེ་བཞིན་ཏུ་མཚམས་མེད་པ་བྱས་པ་དེའི་སྡིག་པ་ཡང་མེད་པར་འགྱུར་རོ། །གང་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཡང་དེ་བཞིན་གཤེགས་པ་ལ་དད་པ་རྙེད་དེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན། དེའི་སྡིག་པ་དེ་ཇི་ལྟར་མེའི་ཕུང་པོས་མར་མེ་ཚིག་སྟེ་དུ་བ་ཡང་མི་འོང་བ་བཞིན་ཏུ་དེའི་སྡིག་པ་དེ་ཡང་མི་སྣང་བར་འགྱུར་རོ། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །གང་གིས་བྲིས་སམ་འབྲི་རུ་བཅུགས་ཀྱང་རུང་། དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་རུང་། གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དག་དང་གསང་བ་བྱེད་པའི་ཚེ། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་ཏུ་འགྱུར། །ཐམས་ཅད་ཀྱང་ནི་སྲོག་ཆགས་བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ཡོད་


LT40_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་འདྲའི་གྲངས་དེ་སྙེད་ཀྱི་རྒྱལ་སྲིད་དང་། །ལྷ་ཡུལ་ས་སྟེང་མི་ཡིས་ངེས་པར་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་ནི། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་བ་ལ་སོགས་པའི། །སྡུག་བསྔལ་དང་བྲལ་སངས་རྒྱས་གོ་འཕང་ཐོབ། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །བཟོད་དང་སྐལ་བཟང་ཡོན་ཏན་ཉེ་བར་ལྡན། །དེ་ཉིད་དབང་པོ་སྦས་དང་ཉི་མའི་འོད། །འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བཞེངས་པ་གང་། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །ནད་དང་འཇིགས་དང་མྱ་ངན་སྡུག་བསྔལ་བྲལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང་། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པ་མིན། །དབང་པོ་མ་ཚང་མིན་ཏེ་སྐྱེ་མཆོག་འགྱུར། །ཞེས་དང་། བསླབ་བཏུས་ལས། མི་མཇེད་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་འདོད་ཡོན་ལྔའི་སྦྱིན་པ་བྱིན་པས་དགེ་བསྙེན་རྣམ་དག་གཅིག་ལ་བསྙེན་བཀུར་བ་བསོད་ནམས་ཆེས་ཁྱད་པར་འཕགས་སོ། །དེ་ཐམས་ཅད་ལས་དགེ་ཚུལ་གཅིག་ལའོ། །དེ་ཐམས་ཅད་ལས་ནི་དགེ་སློང་གཅིག་ལའོ། །དེ་ཐམས་ཅད་ལས་ནི་རྡོ་རྗེ་འཛིན་པ་གཅིག་ལའོ། །དེ་ཐམས་ཅད་ལ་བསྙེན་བཀུར་བ་ལས་ནི་སྐུ་གཟུགས་མཚན་ཉིད་དང་ལྡན་


LT40_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཚོན་གང་བ་ཅིག་བཞེངས་པ་ཆེས་ཁྱད་པར་འཕགས་སོ། །ཞེས་སོ། །གཞན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་དང་། བུ་མོ་རིན་ཆེན་གྱིས་ཞུས་པ། ལས་རྣམ་འབྱེད་ལ་སོགས་པ་ལས་སྐུ་གཟུགས་བཞེངས་པ་དང་། དེ་ལ་ལྟ་བ་དང་དད་པ་དང་མཆོད་པ་འབུལ་བ་དང་ཕྱག་བསྐོར་བྱེད་པ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡང་དང་ཡང་དུ་གསུངས་སོ། །གཉིས་པ་ནི། མདོ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་དུ་མས་འཕགས་ཤིང་ལམ་མྱུར་བ་དང་། འཇུག་པ་བདེ་བ་དང་། ཐབས་མང་བའི་ཕྱིར་སྔགས་ཀྱི་སྐུ་གཟུགས་བཞེངས་པ་ནི། མདོ་ལས་གསུངས་པའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་བཞེངས་པ་ལས་བསོད་ནམས་བརྒྱ་འགྱུར་གྱིས་ཆེ་བ་ཐམས་ཅད་མཁྱེན་པ་སྒྲོལ་མགོན་ཞབས་སོགས་ཀྱིས་གསུངས་ཤིང་། འཇམ་དཔལ་རྩ་རྒྱུད་ཀྱི་རས་བྲིས་ཆེན་པོའི་སྐབས་སུ། མཁས་པ་གང་ཞིག་འདྲི་བྱེད་པ། །དེ་ཡི་བསོད་ནམས་མཐའ་ཡས་འགྱུར། །བསྐལ་པ་བྱེ་བར་བྱས་པ་ཡི། །སྡིག་པ་ཤིན་ཏུ་མི་བཟད་པ། །ས་སྟེང་རས་རིས་མཐོང་བ་ཙམ། །དེ་ཡི་མོད་ལ་བྱང་བར་བྱེད། །ཅེས་སོགས་དང་། བསྐལ་པ་བྱེ་བར་སངས་རྒྱས་ལ། །མཆོད་པའི་བསོད་ནམས་གང་ཡིན་པ། །ས་སྟེང་རས་བྲིས་འདྲི་བ་ཡི། །སྔགས་པས་བསོད་ནམས་དེ་འཐོབ་འགྱུར། །ཅེས་སྐུ་གཟུགས་འབྲི་བའི་ཕན་ཡོན་དང་། གངྒཱ་ཡི་ནི་བྱེ་མ་དག །ཚད་དུ་བསྟན་པ་གང་ཡིན་པ། །དེ་དང་མཉམ་པའི་སངས་རྒྱས་དང་། །


LT40_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱལ་དང་ནི་བྱང་ཆུབ་སེམས། །བསེ་རུ་ཉན་ཐོས་འཇིག་རྟེན་ན། །ལན་མང་ངག་ཏུ་མཆོད་སྟོན་བྱས། །རས་རིས་མཐོང་བ་ཙམ་གྱིས་ནི། །མི་ཡིས་བསོད་ནམས་དེ་བཞིན་འཐོབ། །ཅེས་རས་བྲིས་མཐོང་བའི་ཕན་ཡོན་དང་། གང་དག་རྒྱལ་བ་སྐྱེས་མཆོག་དང་། །དེའི་སློབ་བསེ་རུ་བྱང་ཆུབ་སེམས། །བདག་ཉིད་ཆེན་པོས་གང་གསུངས་པ། །རི་མོ་འདི་ནི་མདུན་བཞག་ན། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར། །ཅེས་རས་བྲིས་ཀྱི་མདུན་ཏུ་སྔགས་མྱུར་དུ་འགྲུབ་པའི་ཁྱད་པར་སོགས་དུ་མ་གསུངས་ཤིང་། །དེ་བཞིན་ཏུ་རས་བྲིས་འབྲིང་པོའི་སྐབས་སུ། །འཁོར་བར་སྔོན་ཆད་འཁོར་བ་ན། །སྡིག་པ་ཅུང་ཟད་གང་བྱས་པ། །འདིར་ནི་རས་རིས་མཐོང་ཙམ་གྱིས། །དེ་ཡི་མོད་ལ་རྣམ་པར་འཇིག །མཚམས་མེད་ལྔ་པོ་བྱེད་པ་དང་། །སྡིག་པའི་རྙོག་པ་བྱེད་གྱུར་པ། །སྔགས་རྣམས་སྣ་ཚོགས་གསུངས་གྱུར་པས། །ཚུལ་ཁྲིམས་ཉམས་པའང་འགྲུབ་པར་འགྱུར། །རས་རིས་འབྲིང་པོ་མཐོང་བས་ནི། །ནད་པ་དག་ཀྱང་ནད་ལས་ཐར། །དབུལ་པོ་དག་ཀྱང་ནོར་འཐོབ་བྱེད། །བུད་མེད་རྣམས་ཀྱང་བུ་འཐོབ་འགྱུར། །དེ་ཚེ་མཐོང་བ་ཙམ་གྱིས་ནི། །བསོད་ནམས་རྒྱ་ཆེན་འཐོབ་པར་འགྱུར། །ངེས་པར་ལྷ་དང་མི་རྣམས་ཀྱི། །བདེ་བ་མི་ཡིས་བསྟེན་པར་འགྱུར། །སྐྱེ་བ་གཞན་ཏུ་ངེས་པར་ནི། །སངས་རྒྱས་ཉིད་ནི་ངེས་འཐོབ་འགྱུར། །ཅེས་དང་། དེ་བཞིན་མཆོད་དང་ཕྱག་འཚལ་དང་། །མཐོང་དང་རེག་པ་ཙམ་གྱིས་ནི། །སྡིག་པའི་རྙོག་པ་ཀུན་ལས་


LT40_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །རས་རིས་འདི་ནི་མཐུ་ཆེན་ལ། །དོན་ཏུ་གཉེར་བ་བསྐུལ་བས་ནི། །མྱུར་དུ་སྐྱེ་བ་དོན་ཡོད་འཐོབ། །རྗེས་སུ་ཡི་རང་དེ་བཞིན་ནོ། །རས་བྲིས་མཐོང་བའི་སྐྱེ་བོ་ཡི། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མ་ནུས་སོ། །ཞེས་དང་། རས་བྲིས་ཆུང་ངུའི་སྐབས་སུ་ཡང་དེ་དང་མཚུངས་པར་གསུངས་ལ། འདི་ནི་དངོས་སུ་བྲིས་སྐུ་མཐོང་བ་དོན་ལྡན་གྱི་ཡོན་ཏན་གསུངས་པ་ཡིན་ཀྱང་དོན་གྱིས་སྔགས་ལུགས་ཀྱི་བྲིས་སྐུ་གང་ལའང་ཕན་ཡོན་ཆེན་པོ་འདི་བཞིན་ཏུ་འབྱུང་བར་སྟོན་པ་ཡིན་པས་རྒྱལ་བ་གཉིས་སུ་མི་གསུངས་པས་ལེགས་པར་གསུངས་པའི་བཀའ་ནི་ཡིད་ཆེས་པའི་གནས་ཁོ་ན་ཡིན་པས་འབྱོར་པ་དང་ལྡན་པ་དག་གིས་བསྐལ་པ་བྱེ་བ་མཚན་ཙམ་ཡང་ཐོས་པར་དཀའ་བའི་ཟབ་མོའི་དཀྱིལ་འཁོར་ཡོངས་སུ་བསྡུས་པའི་བྲིས་སྐུ་འདི་དག་བཞེངས་སུ་གསོལ་ནས་ཕྲིན་ལས་ཀྱི་རྒྱུན་ཆུ་བོ་ལྟར་སྤེལ་བ་རིགས་སོ། །སངས་རྒྱས་ཀུན་གྱི་ཐུགས་གསང་གི། ཡེ་ཤེས་ལས་བྱུང་སྔགས་དང་ནི། །དེ་ཡི་ཆོ་ག་གཙོར་སྟོན་པ། །རྡོ་རྗེ་ལྟ་བུའི་ཐེག་པ་སྟེ། །ཁྱད་པར་ཆེན་པོ་གསུམ་སོགས་ཀྱིས། །ཐུན་མོང་ཐེག་ལས་ཁྱད་འཕགས་པས། །དེ་ཡི་བྲིས་སྐུ་བཞེངས་པ་ཡང་། །བསོད་ནམས་གཞན་ལས་ཤིན་ཏུ་འཕགས། །དགེ་རྩ་ཟླ་ཟེར་ཀུནྡ་ལྟར། །རབ་དཀར་མཐུ་ལས་རྒྱལ་བའི་བསྟན། །སྤྱི་དང་བྱེ་བྲག་རྡོ་རྗེ་ཐེག །སྲིད་པ་གསུམ་དུ་རབ་གསལ་ཤོག །


LT40_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་ཁྱབ་བདག་པདྨའི་མཚན། །དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས། །མྱུར་དུ་སྤྲུལ་པའི་རོལ་རྩེད་ཀྱིས། །བསྟན་འགྲོའི་དོན་ཆེན་མཛད་གྱུར་ཅིག །སྦྱིན་བདག་རི་མོ་མཁན་ལ་སོགས། །འབྲེལ་བཅས་ཀུན་གྱི་མ་རིག་གཉིད། །སངས་ནས་ཤེས་བྱར་བློ་རྒྱས་ཏེ། །མྱུར་དུ་ཐམས་ཅད་གཟིགས་པར་ཤོག །དཔལ་ལྡན་བླ་མ་རྣམས་ཀྱི་ཞབས་པད་བརྟན། །གཞན་ཕན་བཞེད་པའི་དོན་ཀུན་ལྷག་མེད་འགྲུབ། །འཇིག་རྟེན་ཁམས་སུ་བསྟན་པའི་རྫོགས་ལྡན་གྱི། །གསེར་གྱི་ཉི་མ་རྟག་པར་འཆར་གྱུར་ཅིག །ཅེས་པ་འདིའང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བླ་མ་དམ་པ་རྣམས་ཀྱི་འབངས་སུ་སྐྱེས་ཤིང་། ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོའི་ཞབས་ཀྱི་བཀའ་དྲིན་ཆེན་པོས་རྒྱུད་སྡེ་འོག་མ་གསུམ་གྱི་ཆོས་ཚུལ་ལའང་སྐལ་ཆད་དུ་མ་གྱུར་པ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་གདན་ས་ཆེན་པོ་དཔལ་སྤུངས་ཀྱི་ཡང་དབེན་བྱང་ཆུབ་ཤིང་གི་ནགས་ཁྲོད་དུ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་བཟང་པོར་གྲུབ་པར་བགྱིས་པ་རྡོ་རྗེ་ཐེག་པའི་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousབྱ་སྤྱོད་རྣལ་འབྱོར་གསུམ་གྱི་རྒྱུད་སྡེའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རགས་བསྡུས་ཞལ་ཐང་བཀོད་ཡིག་ནོར་བུ་ཆ་ཤེལ་གྱི་ཕྲེང་བ།next