Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
པདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིག
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིགnext

པདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིག


LT41_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། པདྨ་བཛྲའི་གནས་འདྲེན་གྱི་དཀྱིལ་འཁོར་ཡིག་ཆུང་ངུ་རིགས་དྲུག་ལས་མ་གསུངས་ཀྱང་འདོན་ཆར་གནས་འདྲེན་བརྒྱད་འབྱུང་བའི་གྲངས་མཚུངས་བཀོད་ཚུལ་འདྲ་མིན་སྣང་རུང་གཞུང་ཚིག་གི་དངོས་བསྟན་ལྟར་ན། ༡ །དམྱལ་བའི་དལ་ལ། །སྨད་ཆར་ཚ་དམྱལ་མཚོན་བྱེད་རི་ཐང་དམར་པོ་དམྱལ་ཟངས་ནང་དུ་སེམས་ཅན་དུ་མ་ལས་མཁན་སྟག་གཟིག་མགོ་ཅན་གྱིས་འཚོད་པ། ལྕགས་ཁང་སྒོ་མེད། ཡང་ལས་མཁན་མགོ་བརྙན་ཅན་གྱིས་དམྱལ་བའི་སེམས་ཅན་སོག་ལེས་གཏུབས་པ། དེ་དག་གི་ཕྱོགས་བཞིར་ཤ་མ་ལིའི་སྡོང་པོ་ལ་སེམས་ཅན་ཕུག་བཞིན་འཛེགས་པའི་གླད་ན་བྱ་དང་། འོག་ནས་ཁྱིས་རྨུགས་པ། ཆུ་བོ་དྲག་ཏུ་འཁྲུགས་པ་དམར་པོས་སེམས་ཅན་ཁྱེར་བ། མེ་མ་མུར་གྱིས་དོང་ལ་ཀེང་རུས་ཀྱིས་འབོགས་པ། རལ་གྲིའི་ལོ་མ་ཅན་གྱི་ནགས་བཅས་མཚོན་བྱེད་རེ་དང་། བྲག་དམར་ནག་རྭ་རྩེ་འདྲ་བས་སེམས་ཅན་བརྡུང་ཞིང་བཅིར་བ། སྟོད་ཆར་གྲང་དམྱལ་མཚོན་བྱེད་གངས་རི་ཆུ་འཁྱག་གི་དབུས་སུ་སེམས་ཅན་ཅུང་ཟད་གས་པ། །ཕྱེད་གས་པ། ཚལ་པ་མང་པོར་གས་པ་བྲི། ༢ །ཡི་དྭགས་ཀྱི་དལ་ལ། སེམས་ཅན་ལྟོ་བ་རི་ཙམ། མགྲིན་པ་རྟ་རྔ་ཙམ། ཁ་ཁབ་མིག་ཙམ། ཡན་ལག་རྩི་ཐུར་ཙམ། སྐྲ་གཟེངས་པ་མང་


LT41_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པོ། འགའ་རེ་ཁ་ནས་མེ་འབར་བ། འགའ་རེས་ཆུ་ཀླུང་རྣག་ཁྲག་ཏུ་གྱུར་པ་ལ་ལྟ་བ། འགའ་རའི་སྔོན་ཏུ་ཟས་སྐོམ་དང་། ཁང་བཟང་གཏེར་གྱི་གང་བ་ཡོད་ཀྱང་སྐྱེས་བུ་གོ་མཚོན་ཅན་གྱིས་བསྲུང་ནས་སྤྱོད་དབང་མེད་པའི་ཚུལ། འགའ་ཞིག་འགྱེལ་ཞིང་བུབ་པ་བྲི། ༣ །ཕྱོལ་སོང་གི་དལ་ལ། ནམ་མཁར་བྱ་རིགས། བར་དུ་རིའི་ངོས་སུ་ནགས་ཚལ་སྟག་གཟིག་དོམ་དྲེད། སྤང་ལྗང་ལ་ཤ་རྣ་དགོ་གསུམ། །རྟ་གཡག་ར་ལུག །སའི་ཁུང་བུར་ཕྱི་གྲུམ་སྤྲུལ། འོག་ཏུ་རྒྱ་མཚོ་ནང་ཀླུ་གཟུགས། ཆུ་སྲིན་པིར་སྦལ་ལྕོང་སོགས། རི་ཕག་ཏུ་གླིང་བར་མཚོན་བྱེད་མུན་པའི་ནང་སེམས་ཅན་གཟུགས་མངོན་མི་མངོན་ཅི་རིགས་ཏེ། འདི་རྣམས་གང་ཤོང་བྲི། ༤ །མིའི་དལ་ལ་གཞུང་དུ་མི་ཁམས་གནས་བརྒྱད་གསུངས་པ། མི་ཁམས་གནས་བརྒྱད་ནི་མཛོད་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིགས་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁམས་བརྒྱད། །ཅེས་པ་ལྟར་ཡིན་པས་སྔོན་གྱི་ཕྱག་རྒྱུན་ཏུ་དེ་དག་གི་མཚོན་བྱེད་ཚང་མ་ཚང་ཅི་རིགས་བྲིས་སྣང་། འོན་ཀྱང་མི་ཁམས་བརྒྱད་ཀའི་རྒྱུ་རྐྱེན་འཛམ་གླིང་མི་ལ་ཚང་བར་མ་ཟད། རིས་ཆད་བློའི་མི་ཁོམས་པ་བརྒྱད། འཕྲལ་བྱུང་རྐྱེན་གྱི་མི་ཁོམས་པ་བརྒྱད་སོགས་མི་ཁོ་ན་ལ་ཡོད་


LT41_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་དང་ཚེ་སྒྲུབ་གཉིས་ཀར་མིའི་སྐབས་སུ་མི་ཁོམས་གནས་བརྒྱད་གསུངས་པར་མངོན། ངན་སོང་གསུམ་གོང་དུ་སོང་། ལྷ་འོག་ཏུ་འབྱུང་བ་བཅས་བྲི་ཆའི་སྐབས་འདིར་བསྐྱར་ནས་བྲི་དགོས་མ་འདྲ་བས། མིའི་འཇིག་རྟེན་མཚོན་བྱེད། མདུན་ཤར་ལུས་འཕགས་པོའི་གླིང་དཀར་པོ་ཟླུམ་པོའི་ནང་དུ་མི་གཟུགས་རྒྱན་བཟང་བ་དང་ཁང་བཟང་གཏེར་བུམ། གཡས་ལྷོ་ཛམ་གླིང་སྔོན་པོ་སོག་ཀར་མི་དང་ཁང་པ་སོགས་ཡུལ་བཀོད། རྒྱབ་ནུབ་བ་ལོངས་སྤྱོད་གླིང་དམར་པོ་ཟླ་གམ་ནང་མི་སོགས་དང་བ་མོ། གཡོན་བྱང་སྒྲ་མི་སྙན་ལྗང་གུ་གྲུ་བཞིའི་ནང་ལྗོན་ཤིང་ལོ་ཏོག་མི་བཅས། །བར་མཚམས་སུ་ཀླ་ཀློ་མཚོན་བྱེད་མི་སྔོ་ལ་རིད་ཅིང་སྐྲ་འཛིང་པའི་གཅེར་བུ་རྩྭ་ལྷས་ཀྱི་སྨད་གཡོགས་ཅན། ལག་ན་གྲི་སྒུར་པོ་དང་མདའ་གཞུ་ཐོགས་པ། ལོག་ལྟ་ཅན་མཚོན་བྱེད་མུ་སྟེགས་གཅེར་བུ་སྐྲའི་ཝ་བ་ཅན། སངས་རྒྱས་མ་བྱོན་པའི་ཞིང་མཚོན་བྱེད་ཁང་སྟོང་ཆ་ཤས། ལྐུག་པའམ་གླེན་པ་མཚོན་བྱེད་མི་རོང་ངན་དལ་བར་སྡོད་པ་བྲི། ༥ །ལྷ་མིན་གྱི་དལ་ལ། རི་རབ་སྤྱི་མཐུན་གྱི་སྟེང་དུ་ཁང་བཟང་དཔག་བསམ་ལྗོན་ཤིང་ཤིན་ཏུ་རྒྱས་པ། བང་རིམ་བཞི་ལྡན་གྱི་མཐར་གསེར་རི་བདུན་དང་རྒྱ་མཚོས་བསྐོར་བའི་ཆུ་མཚམས་སུ་ཁང་བཟང་མང་པོའི་ནང་སྐྱེས་བུ་གོ་མཚོན་ཅན། རི་རབ་ཀྱི་


LT41_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ནས་སྤྲིན་དམར་ནག་གི་ནང་གོ་མཚོན་ཅན་མདུད། རལ་གྲི། མདའ་གཞུ། མེ་སྒྱོག །ཐོག་སོགས་མཚོན་ཆ་ཐོགས་པས་ལྷ་ལ་གཡུལ་འགྱེད་པ་ལ། ཁ་ཅིག་སྨས་ནས་ཤི་སྟེ་བར་སྣང་ནས་ལྷུང་། ཁ་ཅིག་མགོ་དང་ཡན་ལག་སོགས་ཆད་པའི་ཚུལ་བྲི། ༦ །ལྷའི་དལ་ལ། གསེར་རི་ཆུ་མཚོ་བང་རིམ་སོགས་རི་རབ་སྤྱི་མཐུན་གྱི་རྩེ་མོར་ཁང་བཟང་ནང་དབང་པོ་བརྒྱ་བྱིན། མཐའ་སྐོར་དུ་ལྷའི་ཁང་བཟང་། དཔག་བསམ་ལྗོན་ཤིང་། གླང་པོ། ལྷ་མོ་སོགས་དང་། དེའི་ནམ་མཁའ་ནས་གྱེན་དུ་ལྷ་གནས་གཞན་རྣམས་མཚོན་བྱེད་གཞི་དཀར་པོ་ཇེ་རྒྱས་སུ་སོང་བ་ལ་རིམ་པ་ཉི་ཤུ་མན་ཆད་གང་ཤོང་བྲིས་པའི་ནང་དུ་ལྷ་གནས་ཁང་བཟང་ལྗོན་ཤིང་མང་པོ། གོང་མ་བཞི་ཙམ་ཁང་བཟང་སོགས་མེད་པའི་སྟོང་པ། དེ་བཞི་དང་འོག་ལྷ་གནས་གཞན་གྱི་བར་སྟོང་པ་སྔོན་པོས་བཅད། ༧ །རིགས་དྲུག་འཁོར་ལོ་ནི། རྒྱུན་སྔ་མར། དམྱལ་བར་གྲུ་གསུམ་ནག་པོ་དུས་མཚན་པ། ཡི་དྭགས་ཟླ་གམ་དམར་པོ་པྲེསྲ་མཚན་པ། བྱོལ་སོང་ཟླུམ་པོ་སེར་པོ་ཏྲེསྲ་མཚན་པ་བཅས་ངན་སོང་གསུམ་འོག་དང་། ལྷ་མིན་ལྗང་ཀུ་སོག་ཁ་སུ། མི་ལ་གྲུ་བཞི་ཕྱི་ནང་རིམ་བཞི་ཤར་སྔོ་ལྷོ་སེར་ནུབ་དམར་བྱང་ལྗང་ནྀྲ་ལྗང་གུས་མཚན་པ་ལྷ་ལ་པདྨ་འདབ་བརྒྱད་དཀར་པོ་ཨསྲ་མཚན་པ་བྲིས་འདུག་


LT41_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཚིག་ལྟར་ན། དམྱལ་ཟངས་སམ། ཁྲག་མཆོ། ཡི་དྭགས་ཀྱི་གཟུགས། བྱོལ་སོང་ཁྱི་ཕག་ལྟ་བུ་སྟེ་གཅིག །ལྷ་མིན་གོ་མཚོན་ཅན། ནམ་མཁར་སྤྲིན་ནང་ལྷ་གཅིག་ཙམ་བྲིས་ནའང་ཆོག་འདུག་ཅིང་གཞུང་གི་གསལ་ཁ་མེད་སྟབས་འོལ་ཚོད་མི་ནུས་ཀྱང་གང་བདེ་ལས་ཁྱད་མེད་འདྲ། ༢ འཁོར་བའི་འཁོར་ལོ་ནི། སྔར་གྱི་རྒྱུན་ལ་མི་ཡུལ་གྱི་བཀོད་པ་ཙམ་ལས་མི་སྣང་བ་གཞུང་ཆིག་དང་འཛོལ་ཆེ་བས་མི་ལེགས་འདྲ། སྲིད་པ་འཁོར་ལོ་འདུལ་བ་ལས་གསུངས་པ་ལྟར་བྲིས་ན་ལེགས་པས། མུ་ཁྱུད་རིམ་པ་གསུམ་གྱི་དབུས་སུ་མ་རིག་པ་མཚོན་བྱེད་ཤིང་སྡོང་། དེའི་རྩ་བར་དུག་གསུམ་མཚོན་བྱེད་བྱ་སྦྲུལ་ཕག་གསུམ་གཅིག་གི་ཁ་ནས་གཅིག་འཁོར་བ། མུ་ཁྱུད་གཉིས་པར་གླིང་དྲུག་བཅད་པའི་མདུན་དམྱལ་བ། མདུན་གཡས་ཡི་དྭགས། །གཡོན་བྱོལ་སོང་། སྟེང་ལྷ། སྟེང་གཡས་མི། སྟེང་གཡོན་ལྷ་མིན་མཚོན་བྱེད་གཟུགས་རེ་རེ་གོང་གསལ་ལྟར། མུ་ཁྱུད་གསུམ་པར་གླིང་བཅུ་གཉིས་བཅད་པའི་མདུན་གྱི་ལིང་ཚེ་ནས་བརྩམ་རིམ་བཞིན་རྟེན་འབྲེལ་བཅུ་གཉིས་མཚོན་བྱེད། རྒན་མོ་ལོང་བ། རྫ་མཁན། ཁང་པའི་ནང་སྤྲེའུ་ཡོད་པ། ཆུ་ལ་གྲུ་འདོར་བ། མདུན་ཏུ་མདའ་བཙུགས་པ་ལ་ལྟ་བའི་མི། ཕོ་མོ་འཁྲིག་པ་སྤྱོད་


LT41_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ། མིག་ལ་མདའ་ཟུག་པ། ཆང་འཐུང་བ། ཤིང་སྡོང་ལས་སྤྲེའུས་ཤིང་ཏོག་ལེན་པ། ཕོ་མོ་ཕན་ཚུན་ལྟ་བ། བུད་མེད་བུ་བཙའ་བ། རྒས་པའི་གཟུགས་དང་མི་རོ་བཅས་བྲི། ལྟེ་བ་ཁ་དོག་ནག །དེ་རྒྱབ་དམྱལ་བའི་གཞི་དམར། ཡི་དྭགས་སེར། བྱོལ་སོང་ནག །མི་ལྗང་། ལྷ་མིན་སྔོ། ལྷ་དཀར། མུ་ཁྱུད་གསུམ་པ་མཛེས་ཚོན་ཅི་བདེ་བྱའོ། ཞེས་པའང་རྡོ་རྗེ་འཆང་པདྨ་དབང་ཆེན་གྱི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་བཅིངས་ནས། བཀའ་འབངས་མུ་ཏོ་བ་པདྨ་གར་དབང་གིས་ཤུར་མར་བྲིས་པ་མངྒ་ལཾ། །དགེ་ལེགས་འཕེལ། །


previousཔདྨ་བཛྲའི་གནས་འདྲེན་ཙཀླིའི་བཀོད་ཡིགnext