Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
ངོ་མཚར་སྒོ་བརྒྱད་ཀྱི་རྩིས།
   
   
   
   
   
   
   
   
   
   


 
previousངོ་མཚར་སྒོ་བརྒྱད་ཀྱི་རྩིས།next

ངོ་མཚར་སྒོ་བརྒྱད་ཀྱི་རྩིས།


LT41_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་སྒོ་བརྒྱད་ཀྱི་རྩིས་ལ། རྣམ་པར་རྒྱལ་བའི་ངོ་མཚར་སྒོ་བརྒྱད་ནི། །དགེ་བའི་སྒོ་དང་སྐྱེ་སྒོ་གནོད་པའི་སྒོ། །དགག་དང་གསལ་འཆི་འཇིགས་དང་འབྱེད་སྒོ་ཞེས། །རིམ་བཞིན་སྤར་ཁ་རེ་དང་སྒོ་རེ་སྟེ། །དགུན་འབྲིང་ཉི་ལྡོག་འོག་གི་ཤིང་བྱི་ནས། །བརྩམས་ཏེ་ཁཾ་ཆུ་ནས་བཟུང་གཡས་སྐོར་དུ། །ཞག་ལྔ་རེ་ལ་སྒོ་རེ་འཕོ་བར་བཞེད། །དེ་ནི་ཉིན་ཞག་དབང་གི་འཕོ་ལུགས་ཏེ། །དུས་ཚོད་དབང་གིས་འཕོ་ལུགས་ཉི་མ་དེའི། །བྱི་བའི་དུས་ནས་བཟུང་སྟེ་དུས་བཅུ་རེའོ། །དེ་དག་གང་ལ་གང་འོས་མཚམས་སྒོ་ནི། །དགེ་བའི་སྒོ་ནས་ཡ་རབས་གོང་མ་མཇལ། །མིང་དང་གྲོགས་ནོར་འཚོལ་ལ་ཤིན་ཏུ་བཟང་། །སྐྱེ་བའི་སྒོ་ནས་ཉོ་ཚོང་རྟག་ཏུ་རྒྱལ། །བུ་ལོན་བདའ་ལ་གནོད་པའི་སྒོ་རབ་བསྔགས། །འཇིགས་པས་ཉེན་ཏེ་བྲོས་ཡིབ་དགག་སྒོ་གནད། །ནད་དང་སྡུག་བསྔལ་ལས་བྱོལ་སྐྱེ་བའི་སྒོ། །རྔོན་པ་ཉ་པའི་ལས་བྱེད་འཆི་སྒོ་བཟང་། །གྲོགས་བཟང་འཚོལ་ལ་གསལ་བའི་སྒོར་ཐོན་རབ། །ཇག་རྐུན་བཟུང་དང་སྡོམ་ལ་འཇིགས་པའི་སྒོ། །རྒྱུ་འགྲུལ་ལ་སོགས་ལས་ཀུན་འབྱེད་སྒོ་གཙོ། །འོན་ཀྱང་སྒོ་ཀུན་འབྱུང་ལྔས་བསྡུས་པ་སྟེ། །རང་འབྱུང་དར་དུས་བབ་བསྟུན་དོན་འགྲུབ་ལ། །རྒུད་ཚེ་སྒོ་དེར་བགྲོད་ཀྱང་དོན་རེ་ཆུང་། །དང་པོ་འབྱུང་བ་ལྔ་ཡི་འདུ་ཚུལ་ནི། །དགེ་སྒོ་ཆུ་ཁམས་སྐྱེ་སྒོ་ས་ཁམས་ཡིན། །གསུམ་པ་གནོད་པའི་སྒོ་ནི་ཤིང་ཁམས་ལ། །དེ་བཞིན་དགག་པའི་སྒོ་ཡང་ཤིང་གི་ཁམས། །


LT41_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྒོ་མེ་ཁམས་འཆི་སྒོ་དེ་ཡང་ས། །འཇིགས་དང་འབྱེད་སྒོ་གཉིས་ཀ་ལྕགས་ཁམས་ཏེ། །དཔྱིད་ཟླ་གཉིས་ལ་ཤིང་ཁམས་རབ་ཏུ་དར། །མེ་ནི་ཤིང་གིས་བསྐྱེད་ཕྱིར་བཟང་བ་སྟེ། །ལྷག་མ་སྤང་བྱ་ཁྱད་པར་ས་ཁམས་སྤངས། །དབྱར་ཟླ་གཉིས་ལ་མེ་ཁམས་རབ་ཏུ་དར། །ས་ཁམས་མེ་ལས་བསྐྱེད་ཕྱིར་དེ་ཡང་བཟང་། །ལྷག་མ་སྤང་བྱ་ཁྱད་པར་ལྕགས་ཁམས་ངན། །སྟོན་ཟླ་གཉིས་ལ་ལྕགས་ནི་རབ་ཏུ་དར། །ཆུ་ཁམས་ལྕགས་ལས་འབྱུང་ཕྱིར་བཟང་བ་ཡིན། །ལྷག་མ་སྤང་བྱ་ཁྱད་པར་ཤིང་ཁམས་སོ། །དགུན་གྱི་ཟླ་གཉིས་ཆུ་ཁམས་རབ་ཏུ་དར། །ཤིང་ཁམས་ཆུ་ཡིས་བསྐྱེད་ཕྱིར་བཟང་ཞིང་དགེ། །ལྷག་མ་སྤང་བྱ་ཁྱད་པར་མི་སྤང་ངོ་། །ཐ་ཆུང་བཞི་གའི་ཟླ་བར་ས་ཁམས་དེར། །ལྕགས་ཀྱི་ཁམས་ཀྱང་ས་ལས་འབྱུང་ཕྱིར་བཟང་། །ལྷག་མ་སྤང་བྱ་ཁྱད་པར་ཆུ་ཁམས་སྤངས། །དེ་ནི་དུས་བཞིའི་དབང་གིས་སྤང་བླང་སྟེ། །ད་ནི་ཕྱོགས་ཀྱི་སྒོ་ནས་བཟང་ངན་བསྟན། །ཆུ་ཁམས་སྒོ་ནི་མེ་ཡི་ཕྱོགས་སུ་ངན། །ཤིང་ཁམས་སྒོ་དག་ས་གཉིས་ཕྱོགས་སུ་སྤངས། །མེ་སྒོ་ལྕགས་ཁམས་ཟུང་དང་ས་གཉིས་ཆུ། །ལྕགས་ཁམས་སྒོ་དག་ཤིང་གི་ཕྱོགས་སུ་སྤངས། །ལི་མེ་ཁོན་གིན་ས་དང་ད་ཁེན་ལྕགས། ཁམ་ཆུ་ཟོན་ཟིན་གཉིས་ཀ་ཤིང་གི་ཁམས། །དེ་ལ་ཕྱོགས་ཁམས་བཟང་ངན་སྒོ་དེ་ཡི། །རང་དང་སུ་ཡི་ཕྱོགས་སུ་བཟང་བར་བཤད། །གཞན་དག་སྤང་བྱ་ཁྱད་པར་གྲོགས་ཕྱོགས་སྤངས། །སོས་དལ་དུས་སུ་ལྷ་དགུ་བརྩི་དགོས་ལ། །རིངས་ན་སྒོ་བརྒྱད་ཁོ་ན་བརྩི་བས་འཐུས།། །།


LT41_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད།


previousངོ་མཚར་སྒོ་བརྒྱད་ཀྱི་རྩིས།next