Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
   
   
   
   
   
   
   


 
previousགཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།next

གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།


LT41_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །


LT41_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྒྱལ་བ་ཀུན་གྱི་མཁྱེན་རབ་ནི། །གཅིག་བསྡུས་རྒྱལ་སྲས་གཞོན་ནུའི་ཚུལ། །འཇམ་དབྱངས་སྨྲ་བའི་སེང་གེ་ལ། །ཀུན་ནས་གུས་པས་ཕྱག་བགྱིས་ནས། །བློ་གསལ་རྩིས་ལ་འཇུག་འདོད་ཀྱི། །རྣམ་རྟོག་སྤྲོ་བའི་ས་བོན་དུ། །གཙུག་ལག་སྒོ་འབྱེད་སྔོན་འགྲོ་ནི། །རབ་གསལ་མེ་ལོང་ལྟ་བུ་བྲི། །དེ་ཡང་བརྩི་བྱ་རྩི་བྱེད་དང་། །བརྩི་ཐབས་གསུམ་ལས་དང་པོ་ལ། །རང་བཞིན་གཞི་ཡི་གཙུག་ལག་དང་། །མ་རིག་འཁྲུལ་སྣང་གཙུག་ལག་གཉིས། །དང་པོ་གནས་ལུགས་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །སྤྲོས་པའི་དྲ་བ་རྣམ་སྤངས་པའོ། །དེ་ལྟར་རྟོགས་ན་རྩིས་ལས་འདས། །གཉིས་པ་སེམས་ཀྱི་རང་སྣང་ལ། །ཆོས་ཅན་རྟེན་འབྲེལ་མ་འགགས་


LT41_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྣ་ཚོགས་སྣང་སྲིད་ཆོས་སུ་ཤར། །བན་གནོད་བླང་དོར་བྱེད་པའོ། །དེ་ཉིད་རྩི་བར་བྱེད་པ་ལ། །རུས་སྦལ་གསུམ་གྱིས་མཚོན་པར་བལྟ། །གནས་པའི་རུས་སྦལ་ཆོས་ཀྱི་དབྱིངས། །ཡན་ལག་མེད་པའི་རྩིས་ལས་འདས། །དེ་ཉིད་ཇི་བཞིན་རྟོགས་པ་ན། །སོ་སོ་རང་རིག་མི་གཡོ་བའོ། །ཆགས་པའི་རུས་སྦལ་ཞེས་བྱ་བ། །མཁའ་ལས་འབྱུང་བཞི་རིམ་པར་ཆགས། །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སེམས་ཅན་ལས་ཀྱི་བཀོད་པར་སྣང་། །དེ་ནས་སྲིད་པའི་རུས་སྦལ་ཞེས། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མ་ཧཱ་གསེར་སྦལ་སེར་པོ་ལས། །སྤར་ཁའི་ལྷ་ཆེན་བརྒྱད་ལ་སོགས། །སྲིད་པའི་ཁམས་རྣམས་རིམ་པར་གྲོལ། །སྣོད་བཅུད་ཕྱོགས་དུས་


LT41_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་བྱུང་། །གསུམ་པ་སྲིད་པའི་ཆོས་ཚུལ་རྣམས། །མ་འདྲེས་བླང་དོར་བརྩི་ཐབས་གཞུང་། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །སྟོན་ཕྱིར་རྒྱ་ནག་རྩེ་ལྔའི་རིར། །ཏྲི་ཤའི་ཤིང་གི་ལྦ་བ་ལས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་བ་པོ། །རྒྱལ་སྲས་འཇམ་དབྱངས་བརྫུས་ཏེ་འཁྲུངས། །སྲིད་པའི་རུས་སྦལ་ཇི་བཞིན་དུ། །སྤྲུལ་པའི་རུས་སྦལ་བརྡས་མཚོན་ནས། །ལྷ་ཀླུ་ལྷ་མིན་སྡེ་བརྒྱད་མིའི། །འཁོར་ལྔར་གཙུག་ལག་སྒོ་མོ་གསུངས། །བཟང་ངན་ཤེས་ཤིང་དུས་ཤེས་པས། །དོན་ཀུན་གསལ་ཡང་དགོས་དབང་གིས། །སླར་ཡང་གཏེར་དུ་སྦས་པའི་ཚེ། །གྲུ་འཛིན་བདག་པོས་བསྐུལ་བ་ཡིས། །ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེས། །ཚངས་པ་གདོང་བཞིར་སྤྲུལ་ནས་སུ། །ལྷ་མོ་རྣམ་རྒྱལ་ཀླུ་འཇོག་པོ། །ལ་སོགས་འཁོར་དང་བཅས་པས་ཞུས། །སྐོར་འགོ་གབ་ཙེ་མཐའ་ཡས་པ། །བོད་འདིར་འགྱུར་འགོ་གསུམ་དུ་བྱུང་། །རྩ་བ་དེ་ལས་འཕྲོས་པ་ཡི། །སྣ་ཚོགས་མན་ངག་བརྗོད་ལས་འདས། །ཆོས་ཀུན་རང་བཞིན་སྟོང་ན་ཡང་། །མཚན་མའི་བློ་ཅན་འགྲོ་བ་ལ། །ཚད་མར་གྱུར་པ་ཀུན་རྫོབ་རྩིས། །རྟེན་འབྱུང་བསླུ་མེད་ཚུལ་གསལ་བ། །ཀུན་ཀྱང་རྩིས་ཀྱི་ལམ་ལ་ཐུག །དེས་ན་ཐབས་འདི་རྒྱལ་བས་བསྟན། །རྩིས་ཀུན་རུས་སྦལ་ལུས་ལས་བརྩི། །མགོ་བོ་ལྷོར་བསྟན་མཇུག་མ་བྱང་། །གློ་གཡས་ཤར་ལ་གློ་གཡོན་ནུབ། །ཡན་ལག་མཚམས་


LT41_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གན་རྐྱལ་དུའོ། །དབུས་ནས་གནམ་ལྕགས་རི་བོ་ལ། །མེ་ཆུ་ས་ཤིང་རླུང་ནས་དབུས། །ཕྱི་ནང་བར་པའི་རྩིས་ཞེས་པའི། །ལོ་སྤར་སྨེ་བ་འདི་ལྟ་སྟེ། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ། །ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག །ནུབ་སྟོད་སྤྲེལ་ལ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ་བྱང་ཤར་གླང་། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་པོ། །དེ་ལྷག་དྲུག་པོ་མོ་ལོ་ཡིན། །ལོ་ཡི་ཐོག་མ་བྱི་བ་སྟེ། །ཟླ་བའི་ཐོག་མ་དཔྱིད་ར་སྟག །དུས་ཚོད་ཐོག་མ་ན་མ་ལངས་ཡོས། །དེ་རྣམས་འབྱུང་བ་ལྔ་དང་ལྡན། །སྤར་ཁ་ཕྱོགས་སུ་གནས་ཚུལ་ནི། །ལི་མེ་ཁོ་ནས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིང་རི་བོ། །ཟིན་ཤིང་ཟོན་རླུང་ཞེས་སུའོ། །ཕྱོགས་བཞི་རང་རང་ཁམས་དང་ནི། །མཚམས་བཞི་ས་ཡི་ཁམས་སུ་འདོད། །སྨེ་བ་གང་བརྩི་དབུས་སུའམ། །ལྔ་སར་ལྟ་བུ་ལ་མཚོན་ན། །དབུས་ལྔ་གནམ་དྲུག་ལྕགས་བདུན་སོགས། །སྔར་གྱི་དེ་གའི་འགྲོས་སུ་བཀོད། །བྱི་བ་ལ་སོགས་བཅུ་གཉིས་པོ། །རིམ་པར་འཁོར་བ་གནམ་ལོ་སྟེ། །དེ་བཞིན་ཟླ་ཞག་དུས་ལའང་འཁོར། །དེ་རྣམས་འབྱུང་ལྔའི་དབང་ཁམས་གྱིས། །དབྱེ་བའི་ལོ་ཚོགས་དྲུག་ཅུར་གྲགས། །དེ་རྣམས་དབང་ཐང་ངོས་འཛིན་ནི། །ལོ་དང་ཟླ་བ་སྤྲགས་མ་སྟེ། །ཞག་དང་ཟ་མ་རྐྱང་དེད་བརྩི། །ལོ་ཟླ་


LT41_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དུས་བཞི་པོ་ནི། །རིམ་པར་མ་ལ་བུ་ཆོས་ཉིད། །དེ་ཕྱིར་གནམ་ལོ་ཕོ་མོ་གཉིས། ཁམས་གཅིག་རིམ་པར་བུ་དེད་ཡིན། །བགྲང་བྱ་དྲུག་ཅུ་དེ་དག་གི། །སྲོག་ལུས་ཀླུང་རྟ་ངོས་འཛིན་ནི། །སྲོག་ནི་འབྱུང་བ་གནས་ཕྱོགས་ཏེ། །སྟག་ཡོས་ཤིང་ལ་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །ཁྱི་འབྲུག་གླང་ལུག་བཞི་པོ་ས། །ལུས་ཀྱི་ལྡེའུ་མིག་བསྟན་པ་ནི། །གླང་ལུག་རྟ་བྱི་ཟིན་ནས་བརྩི། །ཁྱི་འབྲུག་ཕག་སྦྲུལ་ད་ནས་བརྩི། །སྟག་ཡོས་བྱ་སྤྲེལ་ཁམ་ནས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་ལུས་གཉིས་བབས་ས་བསྟུན། །ཀླུང་རྟའི་ལྡེའུ་མིག་བསྟན་པ་ནི། བཞི་པོ། འདི་ཁོ་ན་དྭ་ཁམ་ཟིན་ལྡར་ཟིན་སོགས་ནས་ལྕགས་ཆུ་མ་ས་ཤིང་སོགས་བཟང་བས་བརྩི་བྱའི་དབང་ཐང་ཁམས་སྟེང་ཕྱིན་ཚེ་འབྱུང་བ་གང་བབ་དེ་ལུས་སོ། སྟག་རྟ་ཁྱེ་གསུམ་ཀླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱི་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །མཐུན་གསུམ་ཀླུང་རྟའི་སྐྱེས་སྨེ་སྦྱོར། །བླ་ནི་སྲོག་གི་མ་རུ་བཞེད། །ཟླ་བའི་དབང་ཐང་ངོས་འཛིན་ནི། །དཔྱིད་ར་སྟག་དང་དཔྱིད་འབྲིང་ཡོས། །གནམ་ལོའི་དབང་གི་བུ་རུ་བརྩི། །དེ་ནས་རིམ་པར་བུ་འདེད་དམ། །ཡང་ན་མགྱོགས་རྩིས་བྱ་འདོད་ན། །སྟག་ཡོས་བྱི་གླང་གནམ་ལོའི་བུ། །འབྲུག་སྦྲུལ་གྲོགས་ལ་རྟ་ལུག་དག །སྤྲེལ་བྱ་མ་ལ་ཁྱི་ཕག་དང་། །ཞག་གི་དབང་ཐང་ངོས་འཛིན་ནི། །ཚེས་གཅིག་ཟླ་བའི་


LT41_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་བུ། །དེ་ནས་རིམ་པར་དེད་པའམ། །གཅིག་གཅིག་དྲུག་སྟེ་ཟླ་བའི་བུ། །གཉིས་བདུན་གྲོགས་ལ་གསུམ་བརྒྱད་དགྲ། །བཞི་དགུ་མ་ལ་ལྔ་བཅུ་རང་། །ཕོ་དྲུག་སྟག་དང་མོ་དྲུག་གི། །ཟླ་བའི་ཚེས་གཅིག་སྤྲེའུའི་ཉི། །དེ་ནས་རིམ་པར་བརྩི་བར་བྱ། །དུས་ཀྱི་དབང་ཐང་ངོམ་འཛིན་ནི། །ཡོས་ཉིད་ཞག་ཁམས་བུ་ནས་བརྩི། །ཡོས་སྤྲེལ་གླང་གསུམ་ཉི་མའི་བུ། །འབྲུག་བྱ་སྟག་གསུམ་ཉི་མའི་གྲོགས། །ཁྱི་སྦྲུལ་དགྲ་ལ་རྟ་ཕག་མ། །ལུག་དང་བྱི་བ་རང་དུ་འདོད། །གནམ་སྨེ་གང་ཡིན་དེ་ནས་བཟུང་། །དགུ་བརྒྱད་བདུན་དྲུག་ལྟ་བུར་འཁོར། །གཅིག་དཀར་བཞི་ལྗང་བདུན་དམར་གསུམ། །བྱི་རྟ་བྱ་ཡོས་བཞི་ལ་དབང་། །གསུམ་མཐིང་དྲུག་དཀར་དགུ་སྨུག་གསུམ། །ཁྱི་འབྲུག་གླང་ལུག་བཞི་ལ་དབང་། །གཉིས་ནག་ལྔ་སེར་བརྒྱད་དཀར་གསུམ། །སྟག་སྤྲེལ་ཕག་སྦྲུལ་བཞི་ལ་དབང་། །ཤིང་ཕོ་བྱི་བའི་གཅིག་དཀར་ནས། །ཆུ་མོ་ཕག་གི་གཉིས་ནག་བར། །དྲུག་ཅུ་སྐོར་གསུམ་བརྒྱ་བརྒྱད་ཅུས། །སྨེ་ཕྲེང་གསུམ་རྫོགས་དེ་བཞིན་དུ། །ལོ་ལ་ཆད་ལྷག་མེད་པར་འཁོར། །ཡར་བཞི་སྲོག་ལ་མར་བཞི་དབང་། །གང་སྐྱེས་ལུས་སྨེ་མཐུན་གསུམ་ཀླུང་། །དཀར་གསུམ་ལྕགས་ལ་ནག་མཐིང་ཆུ། །ལྔ་ས་བཞི་ཤིང་དམར་གཉིས་མེ། །ཚེས་ལ་གཟའ་སྐར་འཆར་བ་ནི། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །ཕག་ལུག་ཡོས་


LT41_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཟླ་བས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །གང་གིས་ཚེས་པ་དེ་ཡིས་ཉ། །ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་ཝ་སངས། །སྤེན་པ་བདུན་པོ་རེས་ཀྱི་གཟའ། །གདོང་མཇུག་དང་བཅས་གཟའ་དགུའོ། །ཁམས་ནི་ཉི་མ་མིག་དམར་མེ། །ཟླ་ལྷག་ཆུ་ལ་ཕུར་བུ་ཤིང་། །པ་སངས་ལྕགས་ལ་སྤེན་པ་ས། །ཐ་སྐར་བྲ་ཉེ་སྨིན་དྲུག་དང་། །སྣར་མ་མགོ་དང་ལག་ནབས་སོ། །རྒྱལ་དང་སྐག་དང་རྟ་ཆེན་དང་། །རྟ་ཆུང་དབོ་དང་མེ་བཞི་དང་། །ནག་པ་ས་རི་ས་ག་དང་། །ལྷ་མཚམས་སྣྲོན་དང་སྣྲུབས་ཆུ་སྟོད། །ཆུ་སྨད་གྲོ་བྱིན་མོན་དྲེ་དང་། །མོན་གྲུ་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་རྒྱུ་སྐར་ཉེར་བརྒྱད་དོ། །ཟླ་བར་གང་འཕྲད་དེ་ཉིན་གྱི། །སྐར་མའོ་གང་ཉ་དེའི་ཟླ་བ། །སྨིན་སོགས་སྐར་དྲུག་ཤར་ཤིང་ཁམས། །མཆུ་སོགས་དྲུག་ནི་ལྷོ་མེ་ཁམས། །ལྷ་མཚམས་སོགས་དྲུག་ནུབ་ཕྱོགས་ལྕགས། །མོན་གྲེ་སོགས་དྲུག་བྱང་ཆུ་ཁམས། །བྲ་ཉེ་སྐག་དང་ས་ག་དང་། །བྱི་བཞིན་བཞི་ནི་ས་ཡི་ཁམས། །ཟླ་སྐར་དང་ནི་དེ་བཞིན་དུ། །སྤར་མེ་ཞག་སོགས་འཆར་ཤེས་བྱ། །གཟའ་བཞིའི་ཀླུང་ཞེས་བྱ་བ་ནི། །གཟའ་ལ་རྣམ་གྲངས་མཐའ་ཡས་ཀྱང་། །སྙིང་པོ་ཕྱི་ནང་གསང་གསུམ་ལས། །ཕྱི་གཟའ་ལོ་ནི་དྲུག་ཅུ་སྟེ། །ཤིང་ཕུར་མེ་དམར་ས་ལྕགས་སྤེན། །ཆུ་ཁམས་


LT41_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པ་དག་ཏུ་འདོད། །ནང་གཟའ་ལི་ཁམ་གཉིས་མིག་དམར། །དྭ་ཟིན་སྤེན་པ་ཁོན་གིན་ཕུར། །ཁེན་ཟོན་ལྷག་པ་ཉིད་ཡིན་ནོ། །བར་གཟའ་སྟག་རྟ་ཁྱི་གསུམ་སྤེན། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཀླུང་། །བྱ་གླང་སྦྲུལ་གསུམ་ཕུར་བུ་སྟེ། །ཕག་ལུག་ཡོས་གསུམ་ལྷག་པའོ། །ལོ་ངན་ལྕགས་བཞི་མེ་བརྒྱད་སོགས། །རྣམ་གྲངས་སྣ་ཚོགས་གཞན་དུ་ཤེས། །སྲོག་དབང་གཅིག་པ་ཁ་ཡན་ལོ། །སྲོག་མར་དབང་གྱུར་ཁོང་ནོང་སྟེ། །སྲོག་བུར་དབང་གྱུར་སེ་ཞིག་ལོ། །སྲོག་གྲོགས་དབང་གྱུར་ཁ་རལ་ལོ། །སྲོག་དགྲར་དབང་གྱུར་མདུན་ཁུར་ཟེར། །བརྩི་བྱའི་ལོ་བདག་ཤེས་བྱས་ནས། །ལོ་གྲངས་ག་ཙམ་སོང་བ་བརྟག །གཅིག་དང་བཅུ་གསུམ་ཉེར་ལྔ་དང་། །སོ་བདུན་ཞེ་དགུ་རེ་གཅིག་དང་། །དོན་གསུམ་གྱ་ལྔ་གོ་བདུན་རྣམས། །རང་ལོའི་སྟེང་ཡིན་དེ་ནས་བརྩི། །བརྩི་བྱའི་དབང་ཐང་ངོས་འཛིན་ནི། །གང་ཤར་གནམ་ལོ་ཕོ་མོ་ཡི། །དབང་ནས་གྱེན་དུ་ལོ་གྲངས་བར། །བཀེན་ནམ་མགྱོགས་པར་བརྩི་འདོད་ན། །གནམ་ལོ་ཕོ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ། །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །དེ་བཞིན་མོ་ལོ་དྲུག་ཤར་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་བཅུ་བུ་རུ་ཤེས་པར་བྱ། །


LT41_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དབང་ཐང་ངོས་ཟིན་ནས། །ཟླ་ཞག་ལོག་མིན་དུས་རྣམས་ཀྱི། །གྲོག་སོགས་སྔར་གྱི་དེ་བཞིན་བརྩི། །བརྩི་བྱའི་སྔར་ཁ་སྐོར་ལུགས་ལ། །མི་འདྲ་མང་དུ་མཆིས་ན་ཡང་། །སྤར་ཁ་ནང་རུས་ཡིན་པའི་ཕྱིར། །ནང་རྩིས་གཙོར་བཏོན་འབྲས་བུ་བརྗོད། །གང་ཟག་སྐྱེས་པ་ལི་ནས་གཡས། །བུད་མེད་ཁམ་ནས་གཡོན་དུ་བསྐོར། །ལོ་རེས་སྤར་ཁ་རེ་ལ་འགྲོ། །རང་ལོར་རང་མདུན་རེས་མོས་འབབ། །མགྱོགས་འདོད་དེ་ཡི་མཚམས་ནས་བསྐོར། །བརྩི་བྱའི་སྨེ་བ་ངོས་འཛིན་ནི། །གནམ་སྨེ་དབུས་བཅུག་སྔར་ལྟར་བཀོད། །ལོ་གྲངས་དུ་ལོན་བར་དུ་བགྲངས། །གར་བབ་ལུས་སྨེའོ་མགྱོགས་འདོད་ན། །བཅུ་མཚམས་བསྒྲེས་ལ་ལྷག་རྐྱང་འདེད། །བྱས་པས་ཇི་བཞིན་རྟོགས་པ་ཡིན། །ཡར་བཞི་སྲོག་སོགས་སྔར་ལྟར་ཏེ། །སྐྱེས་སྨེ་དབུས་བཞག་བཀོད་པ་ན། །སྲོག་ནི་དུས་སྦལ་ཕྲག་གཡོན་ཁུར། །དབང་ཐང་རྐང་པ་གཡས་པར་བརྒྱན། །ལུས་དེ་ལྟོ་བར་བཀབ་ནས་འགྲོ། །དེ་སོགས་ངོས་འཛིན་ཞལ་ལས་ཤོས། །སྨེ་བ་སྐོར་ལུགས་མང་མཆིས་ཀྱང་། །སྨེ་བ་བར་རྩིས་གཙོར་བཏོན་ནས། །སྐོར་ལུགས་དབུས་ནས་ཤར་དུ་སྟོན། །གང་ཟག་ཕོ་མོ་ཇི་ལྟར་རུང་། །ཕོ་ལོ་དབུས་ནས་ཤར་ཐོན་ཏེ། །བྱང་ཤར་མཚམས་ཕྱིན་ཤར་ལྷོ་ནས། །དབུས་འཇུག་མོ་ལོ་གཡས་བསྐོར་ཏེ། །དབུས་ནས་ཤར་ཐོན་ཤར་ལྷོར་འགྲོ། །བྱང་ཤར་ནང་དུ་འཇུག་པར་བྱ། །


LT41_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རེས་སྨེ་བ་རེ་ལ་འགྲོ། །མགྱོགས་འདོད་བཅུ་མཚམས་བགྲེས་ཚུལ་དཔྱད། །སྤར་ཁའི་བཟང་བཞི་ངན་བཞི་ན། །གནམ་ནས་ས་བལྟས་ལྕགས་རེ་བསྐོར། །རླུང་གིས་ཤིང་བསྐྱེད་མེས་ཆུ་བསྐོལ། །དེ་དག་གནམ་སྨན་རབ་ཀྱི་རབ། །མེ་སྲོག་ཤིང་འཚོས་སྲོག་རི། །རླུང་གིས་ཆུ་བརྟེན་གནམ་ལུགས་རྙེད། །དེ་ནི་སྲོག་འཚོ་རབ་ཀྱི་འབྲིང་། །མེ་དཔལ་རླུང་བསྐྱེད་ལྕགས་དཔལ་ས། །གནམ་དཔལ་རི་བསྐྱེད་ཤིང་དཔལ་ཆུ། །དཔལ་བསྐྱེད་རབ་ཀྱི་ཐ་མ་ཡིན། །ལི་དྭ་ཁེན་གིན་རང་གི་ཕྱོགས། །ཕྱྭ་ལོན་འབྲིང་གི་རབ་ཏུ་བརྗོད། །ཆུ་ས་གིང་རླུང་རང་ཕྱོགས་སུ། །ཕྱ་མཉམ་འབྲིང་གི་འབྲིང་དུ་བརྗོད། །མེ་རི་རླུང་གནམ་ལྕགས་ཆུ་དང་། །ཤིང་ས་གནོད་པ་འབྲིང་གི་ཐ། །ལྕགས་ལ་མེ་འབར་སར་རླུང་འཚུབས། །གནམ་ལ་ཤིང་སྐྱེས་རིར་ཆུ་འབབ། །འདྲེ་ལྔ་ཐ་མའི་རབ་ཡིན་ནོ། །ལི་དང་ཁོན་འགྲེས་དྭ་དང་ཟིན། །ཁོན་དང་ཁམ་འགྲེས་གིན་དང་ཟོན། །བདུད་གཅོད་ཐ་མའི་འབྲིང་དུ་བརྗོད། །སྨྱོན་མས་འཇོར་ཐོགས་པས་ཆུ་བཅུས། །མ་ཡིས་མེ་བུས་སྒོམ་ཆེན་ཤར། །མཐུ་བ་ལུས་ཆད་ཐ་མའི་ཐ། །ལོག་མིན་སྐོར་འགོ་སོ་སོ་ཡི། །སྐབས་སུ་གསུངས་དང་སྤྱི་ཁྱབ་ཏུ། །ཕོ་ནི་མེ་སྟག་སྟེང་ནས་མཐུར། །མོ་ནི་ཆུ་སྤྲེལ་སྟེང་ནས་གྱེན། །ལོ་གྲངས་གར་ཕྱིན་ལོག་མིན་ནམ། །བརྩི་བྱའི་དབང་གི་བུ་སྟག་ནས། །


LT41_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་རྣམས་ནི་མཐར་དུ་སྦུབ། །བརྩི་བྱའི་དབང་གི་མ་སྤྲེལ་ནས། །བུད་མེད་གྱེན་དུ་བཀེན་པ་ཡི། །གར་བབས་ལོ་དེར་ལོག་མིན་བརྟག །དེ་ནས་དར་གུད་བཅུ་གཉིས་ནི། །ཤིང་དབུགས་སྤྲེལ་ལ་མེ་དབུགས་ཕག །ས་ཆུ་སྦྲུལ་ལ་ལྕགས་དབུགས་སྟག །འབྱུང་ཁམས་རང་རང་ལོ་དེ་ནས། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དང་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་ཞེས། །རིམ་པར་གང་བརྩིའི་ལོ་ལ་གཏུགས། །ལོ་ཟླ་ཞག་དུས་སོགས་ལ་སྦྱར། །གཞན་ཡང་རུས་ལྔ་ཆད་ཆེན་སོགས། །ཕ་མའི་རླུང་དང་ལྷ་དཔལ་རྩིས། །བདུན་ཟུར་དགུ་དུད་འདོམས་སྦྲགས་དང་། །སྨེ་བའི་གནམ་སྨན་དཔའ་སྐྱེད་རྩིས། །དུས་ཀྱི་སྤར་སྨེ་ལ་སོགས་པ། །ཚེ་རྩིས་ཀེག་དང་བག་མ་གཤིན། །ནང་རྩིས་ལ་སོགས་སོ་སོ་ཡི། །སྐོར་འགོའི་རང་གཞུང་བཞིན་དུ་ཤེས། །དེ་རྣམས་མ་བུ་དགྲ་གྲོགས་ནི། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །ཡར་དེད་མ་ལ་མར་དེད་བུ། །ཨ་ཕྱི་དགྲ་ལ་ཚ་བོ་གྲོགས། །བརྩེ་བྱ་དང་ནི་དེའི་འཐད་ཟླ། །ཕན་ཚུན་གོ་མ་ལོག་པར་འཐབ། །དཔེར་ན་གནམ་ལོ་བྱི་བ་ལ། །བརྩི་བྱ་སྟག་ལོ་སྲོག་མར་འཕྲད། །དེ་ལྟར་སྦྱར་ལ་བརྩི་བར་བྱ། །མ་དང་འཕྲད་ན་རྡེལ་དཀར་གཉིས། །གྲོགས་ལ་དཀར་གཅིག་དགྲར་ནག་གཉིས། །བུ་ལ་ནག་གཅིག་ནང་འཕྲད་ཁྲ། །ཡང་ན་


LT41_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་དཀར་པོ་གསུམ། །གྲོགས་གཉིས་ས་ཆུ་ནང་འཕྲད་གཅིག །ལ་སོགས་གཞུང་ནས་བཤད་ལྟར་བསྒྲིག །དར་གུད་གོས་སོགས་གསུམ་དཀར་གཉིས། །ཁྲུས་སོགས་གཅིག་ལ་རྒུད་སོགས་གསུམ། །ནག་གཉིས་ལྷག་གསུམ་གཅིག་བྱའམ། །དཀར་གསུམ་བྱེད་སོགས་གཞུང་ལྟར་བྱ། །སྲོག་ལ་སྲོག་སོགས་གནས་མཚུངས་འཐབ། ཁ་དམར་རྡེའུ་བཞག་དུས་སུ། །དཀར་པོ་གསུམ་ཡོད་མ་ཕྲད་ཀྱང་། །གསུམ་ལ་མི་བརྩི་དཀར་པོ་གཅིག །དེ་མཚུངས་གནས་དེ་དཀར་ནག་ལས། །རྡེའུའི་རང་གྲངས་བརྩི་མི་དགོས། །སྲོག་སོགས་རྡེལ་ཕྲེང་གནས་དུ་ཡོད། །ཐམས་ཅད་ཁ་དམར་གསུམ་ལ་བསྡུ། །སྤྱིར་བཏང་རྡེའུ་དཀར་ནག་གྲངས། །གང་མང་སྟོབས་ཆེ་ཉིད་དུ་ཤེས། །དེ་ལྟར་མདོར་ན་བརྩི་བྱ་ཡི། །ལོ་སྤར་སྨེ་བ་རུས་ཁམས་དང་། །ཕྲན་སྐྱེ་དུས་གཟའ་ཚེས་སོགས། །དགོས་ཀྱང་ཡོངས་གྲགས་ལོ་སོགས་དེའོ། །དེ་ལ་འཐབ་ཟླ་ལོ་སྤར་སྨེ། །ལོག་མིན་ཟླ་ཞག་དུས་གཟའ་སྐར། །དགུ་པོ་འདི་དག་གཙོ་བོ་ཡིན། །དེ་ཡང་ལོ་ནི་གནམ་ལོ་སྟེ། །དེ་ཡི་སྲོག་ལ་སོགས་པ་དང་། །བརྩི་བྱའི་སྲོག་ལ་སོགས་པ་སྤྲད། །གང་གང་འཕྲད་པའི་རྡེའུ་བཞག །སྤར་ཁ་ལ་ནི་འཐབ་ལུགས་གསུམ། །གང་བབ་སྤར་ཁ་རྐྱང་པ་དེས། །བརྩི་བྱའི་སྲོག་སོགས་འཐབ་པ་དང་། །ཡང་ན་ལི་ནི་མེ་སྦྲུལ་ཏེ། །


LT41_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ནི་ས་ལུག་དྭ་ལྕགས་སྤྲེལ། །ཁེན་ནི་ས་ཁྱི་ཁ་ཆུ་ཕ་གྲ །གིང་ནི་ས་གླང་ཟིན་ཤང་སྟག །ཟོན་ནི་ས་འབྲུག་བྱས་ཏེ་འཐབ། །ཡང་ན་མཚམས་བཞི་སྔར་ལྟར་ལ། །ཕྱོགས་བཞིར་དཔེར་ན་ལི་ལ་ནི། །ཕོ་ནི་མེ་རྟ་མོ་མེ་སྦྲུལ། །དེས་མཚོན་བརྩི་བྱ་ཕོ་མོ་ལ། །ལོ་ཡང་དེ་ལྟར་སྦྱར་བར་བྱ། །ཡང་ན་མན་ངག་དག་གི་ལུགས། །སྦར་ཁའི་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་བླ་གཟའ་ལྔ་པོ་ནི། །སྲོག་རང་ལུས་དགྲ་དབང་ཐང་མ། །ཀླུང་རྟ་བུ་ལ་བླ་གཟའ་གྲོགས། །དེ་གསུམ་གང་རིགས་བྱ་དགོས་པས། །འདི་ལྟར་བྱ་བ་རང་གཞུང་གེ། །དམིགས་གསལ་ཡོད་དམ་མེད་པ་ལ། །དེར་སང་ཡོངས་སུ་གྲགས་པ་ནི། །བར་མ་དེ་ཡེ་དང་པོའོ། །སྨེ་པ་ལ་ཡང་ལུགས་གསུམ་ཏེ། །བརྩི་བྱའི་སྲོག་སོགས་སྨེ་བ་ལ། །དེ་མཚུངས་གནམ་ལོའི་སྨེ་བས་དང་། །སྲོག་སོགས་སྨེ་རང་འཕུར་སྨེ་ལ། །འཐབ་དང་བརྩི་བྱ་གནམ་ལོའི་སྨེའི། །སྲོག་སོགས་མན་ངག་ལྟར་བྱས་པས། །འཐབ་པ་དང་ནི་གསུམ་ཡིན་ཏེ། །དེ་ལ་མན་ངག་ལུགས་ལ་ནི། །སྨེ་བའི་སྲོག་ལུས་དབང་ཐང་དང་། །ཀླུང་རྟ་བླ་གཟའ་ལྔ་པོ་ནི། །སྲོག་རང་ལུས་མ་དབང་ཐང་བུ། །ཀླུང་རྟ་གྲོགས་ལ་བླ་གཟའ་དགྲ། །དེང་སང་ཡོངས་གྲགས་སྲོག་སོགས་ཀྱི། །སྨེ་བ་རང་རང་འཕུར་སྨེ་ཡིས། །འཐབ་པ་འདི་ཉིད་གཙོ་བོ་ཡིན། །དམིགས་བསལ་བཤད་ན་དེ་ལྟར་བྱ། །ལོག་མིན་ལ་ཡང་ལུགས་


LT41_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ། །སྔར་ལྟར་ཡོངས་གྲགས་ཕྱི་མར་བྱེད། །བླ་ཞག་དུས་ཁམས་སྔར་ལྟར་ལ། །མི་འདྲ་གསར་འགྱུར་གསེར་རྩིས་ལུགས། །ཤིང་ཕོ་ས་མོའི་གནམ་ལོ་ལ། །ཟླ་བ་དང་པོ་མེ་ཕོ་སྟག །ཤིང་མོ་ལྕགས་ཕོར་ས་ཕོ་སྟག །མེ་ཕོ་ལྕགས་མོར་ལྕགས་ཕོ་སྟེ། །ས་ཕོ་ཆུ་མོར་ཤིང་ཕོར་བཟུང་། །མེ་མོ་ཆུ་ཕོར་ཆུ་ཡི་སྟག །ཕོ་མོ་གཉིས་གཉིས་སྦྲགས་འདེད་དེ། །གསུམ་པ་མན་ཆད་བུ་དེད་ཡིན། །ཞག་ནི་གསེར་རྩིས་རང་རྐང་བྱ། །དུས་སྡོང་ཉི་དབང་གཞིར་བཞག་ལ། །ཤིང་ཕོ་ས་མོར་ཤིང་བྱི་དང་། །ཤིང་མོ་ལྕགས་ཕོར་མེ་བྱི་སྟེ། །མེ་ཕོ་ལྕགས་མོར་ས་ཕོ་བྱི། །ས་ཕོ་ཆུ་མོར་ཆུ་ཕྱིར་བཞེད། །མེ་མོ་ཆུ་ཕོར་ལྕགས་བྱིའོ། །དེ་ཡང་གཉིས་གཉིས་སྦྲགས་བུ་དེད། །ཞིབ་པར་གསེར་རྩིས་རི་མོས་ཤེས། །ལོ་ཟླ་ཞག་དུས་སྨེ་བ་ཡང་། །འདི་ཡི་རིང་ལུགས་བཞིན་ཏུ་བྱོས། །དར་གུད་ཅུང་ཟད་འདྲ་མིན་ཁྱད། །ལ་སོགས་རང་གི་གཞུང་ལྟར་ཤེས། །ཟླ་བ་ལོ་འགོ་བཞེད་ལུགས་ལ། །མི་འདྲ་གསུམ་དུ་བྱུང་བ་ཡང་། །རང་རང་སོ་སོའི་གཞུང་ལྟར་བྱ། །རང་འདོད་ལོ་མགོ་གང་ཡིན་ཟླ། །སྟག་ནས་བཟུང་ལ་བཅུ་གཉིས་རིམ། །ཞག་ནི་ཟླ་བ་དེ་དག་གི། །ཚེས་གཅིག་ནས་བཟུང་སྟོང་གི་བར། །དུས་ཚོད་ས་ཡི་ཡན་ལག་ནི། །བཅུ་གཉིས་ཉི་མ་མཉམ་པའི་དུས། །ནམ་ལངས་ཡོས་བུ་ནས་བཟུང་སྟེ། །དུས་ཀུན་


LT41_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གུང་གཉིས་བྱི་རྟ་གཉིས། །ཆུ་ཚོད་ལྔ་དེ་དུས་རེས་ཐོབ། །འདི་ལ་དོན་གྱིས་མི་འདྲ་མེད། །གཟའ་ནི་ནག་རྩིས་རང་ལུགས་སམ། །ཉིན་ཞག་གྲུབ་པའི་རེས་གཟར་སྦྱར། །བརྩི་བྱའི་སྲོག་ལ་སོགས་པ་ལ། །གཟའ་ཁམས་རྐྱང་པས་འཐབ་པར་བྱ། །ཡང་ན་ཕུར་བུ་ཤིང་སྟག་སོགས། །གཟའ་སྐར་ལོ་དང་སྦྱར་བ་ཡོད། །སྐར་མ་ནག་རྩས་སམ་གྱོ་ཁང་། །ཞིབ་པར་རཱི་ཐུའི་སྐར་མ་ཡིས། །རང་ཁམས་རྐྱང་པས་བརྩི་བྱར་འཐབ། །དེ་དག་རྣམས་ལ་སྤྱིར་འགྲོ་བ། །སྲོག་ལ་སོགས་པའི་དར་གུད་ནི། །ལོ་སོགས་གང་དང་གང་ཡིན་ལ། །གཏུགས་པའི་དར་གུད་བཅུ་གཉིས་ཡོད། །དེ་ལྟར་མ་ནོར་རིག་པས་དཔྱད། །ཀུན་རྫོབ་རྟེན་འབྱུང་བསླུ་མེད་དངོས། །བཅུ་གཉིས་རྟེན་འབྲེལ་ལོ་སོགས་ཏེ། །ནམ་ཤེས་ཚོགས་བརྒྱད་སྤར་ཁའི་ལྷ། །བུ་ག་དགུ་ཡི་སྨེ་བ་དང་། །འབྱུང་ཝའི་ཡོན་ཏན་རྒྱལ་པོ་ནི། །ཐབས་ཀྱི་རང་བཞིན་གཟའ་མཆོག་དགུ། །ཤེས་རབ་ཉེར་བརྒྱད་རྒྱུ་སྐར་མོ། །ཇི་སྙེད་ལས་ལ་དབང་བ་ཡི། །དྲེགས་ལྡན་གནས་རྒྱུ་རྣམ་པར་བརྟག །ཀུན་ཀྱང་འབྱུང་ལྡང་བདུས་པའི་ཕྱིར། །འབྱུང་ལྔའི་མཐའ་ལ་རྣམ་པར་དཔྱད། །བརྩི་བྱ་དང་ནི་འཐབ་ཟླ་ལས། །སྐྱེ་དགུའི་བདེ་དོགས་མདོར་བསྡུས་པ། །སྲོག་ནི་ཚེ་དང་ལུས་ནད་སོགས། །དབང་ཐང་ནོར་དང་བུ་སྐལ་དང་། །ཀླུང་ནི་བྱ་བའི་ལམ་འགྲོ་སོགས། །བརྟག་པའི་གཞིར་བཟུང་རིག་པས་དཔྱད། །མང་པོར་སྤྲོས་ལ་


LT41_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི། ཁ་དམར་གནད་ཀྱི་འགགས་སུ་དྲིལ། །སྔོན་དུ་ལེགས་པར་བརྟགས་ནས་སུ། ཁ་དམར་ཐེ་བྱ་ཚང་འཇུག་ལྟར། །ཡོ་འཕྱུགས་མེད་པའི་གནད་ཤེས་ན། །ཀུན་ལ་ཕན་པ་ཚད་མེད་འབྱུང་། །སྦོར་ཐང་རྩིས་ཀྱི་གཙུག་ལག་གི། །སྤྱི་ཁྱབ་སྔོན་འགྲོ་འདི་བྲིས་པའི། །དགེ་བས་མཐའ་ཡས་འགྲོ་བ་ཀུན། །རྟེན་འབྲེལ་དེ་ཉིད་རིག་པར་ཤོག །འདི་ཉིད་འཛིན་འཆང་སྦྱང་བ་རྣམས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །དོན་གྲུབ་བསམ་པ་གྲུབ་པར་ཤོག །ཅེས་པ་འདི་ནི་རང་ལོ་ཉེར་གསུམ་པས་འབྲུག་ལོའི་སྨིན་ཟླའི་ཚེས་བཅུ་དགུར་མི་ཕམ་རྒྱ་མཚོ་ཞེས་བྱ་བས་མོ་ཧོར་དགོན་གྱི་རི་ཁྲོད་དུ་ཤར་མར་བྲིས་པ་ལ་ཕྱིས་སུ་ས་གླང་གི་ལོར་ཅུང་ཟད་བཅོས་བསྣན་བགྱིས་ཏེ་ལེགས་པར་གྲུབ་པ་དགེའོ། །སྔོན་འགྲོ་འདི་རྩིས་ལ་སྦྱང་འདོད་རྣམས་ཀྱིས་ཐོག་མར་བྱང་ཆུབ་པ་གལ་ཆེའོ། །མངྒ་ལཾ།། །།དཔལ་སྤུངས་སུ་སྤར་དུ་བསྒྲུབས་པ་དགེ་ལེགས་འཕེལ།། །།


previousགཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།next