Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་།
   
   
   
   
   
   


 
previousཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་།next

ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་།


LT41_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་ཞེས་བྱ་བ། འགྱུར་མེད་སྟོང་ཆེན་ཐིག་ལེ་རུ། །སྣང་བ་དཀར་དམར་རྣམ་དག་པས། །སྲིད་ཞི་བདེ་བ་ཆེན་པོར་བསྡོམས། །བླ་མ་དུས་ཀྱི་འཁོར་ལོར་འདུད། །ཇི་ལྟར་ཀཱ་ཤི་མདངས་དགའི་ཁྱིམ། །མར་མའི་ཟེར་གྱིས་སྣང་བ་ཡིས། །ཕྱི་རོལ་དག་ཀྱང་སྣང་བྱེད་པ། །ཕྱི་ན་གནས་མིན་ནང་ན་མིན། །དེ་བཞིན་བར་དུའང་མི་གནས་པ། །རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ཚུལ། །ཀུན་རྫོབ་ཡང་དག་མིན་རྟོག་པར། །འཁྲུལ་པའི་གཞན་དབང་མང་བར་ཟད། །འོན་ཀྱང་གཤིས་ཀྱི་དག་པ་ལ། །ཡོན་ཏན་འཁོར་ལོའང་ཟུང་འཇུག་པས། །རང་བཞིན་རྡོ་རྗེའི་གནས་སྣང་ཉིད། །ཐིག་རླུང་རྩ་ཡི་འདུ་འཕྲོ་ལས། །དག་བྱ་དག་བྱེད་དག་འབྲས་བུ། །ཕྱི་ནང་གཞན་དང་གསུམ་འབྲེལ་བས། །བདེན་མིན་རྫུན་མིན་ཤེས་བྱ་ཡི། །མཚན་གཞི་མཚན་ཉིད་འབྱམས་ཀླས་ཕྱིར། །ཆགས་སྟོང་ཟད་དང་འཕེལ་བ་ཡི། །དུས་གསུམ་ཚང་བའི་དཀར་ནག་ཚིག །སྟོང་ཆེན་མུན་པའི་མཚམས་ཞུགས་པས། །གོ་ལའི་དོགས་སུ་ཆུ་ཤེལ་གྱི། །དཀྱིལ་འཁོར་ལ་བསྟེན་བསིལ་བའི་ཟེར། །འབད་ནས་སྤྲོ་བ་ནམ་མཁའི་ནོར། །བསོད་ནམས་ལྡན་པའི་སྒྲ་གཅན་གཟས། །མུན་རུག་ནས་བཟུང་ཆུ་ཚོད་གྲངས། །དུས་དང་


LT41_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིག་པ་འདས་པའི་མཚམས། །ཐུན་གསུམ་ཐ་མ་ཐོ་རེངས་སུ། །ཤར་དང་ཉེ་བའི་ཕྱོགས་དག་ནས། །དབྱུ་གུ་གཟུགས་དང་བསེ་རུའི་ཡུན། །དཀྱིལ་འཁོར་རིལ་པོ་བཟུང་ནས་བསྒྲིབ། །ཐོག་མཐར་དུད་ཀ་བར་དུ་ནི། །ཟངས་ཁོག་ལྟ་བུའི་མདོག་ཏུ་འགྱུར། །སྡང་བས་ཐོས་པའི་མི་སྡུག་ལུས། །མ་སོས་པར་ཡང་གཞན་ཏུ་འགྲོ། །དེ་ཚེ་དགེ་སྡིག་གང་བྱས་ཀྱང་། །བྱེ་བ་བདུན་ཏུ་འགྱུར་གསུངས་ཕྱིར། །སྡིག་པ་བཀྲུ་དང་བསོད་ནམས་སྤེལ། །བྱང་ཆུབ་སེམས་ལ་བློ་སྦྱངས་ཞིང་། །རིམ་པ་གཉིས་ལ་རབ་ཞུགས་པའི། །ཕྱི་ནང་གསང་བའི་རྣལ་འབྱོར་གྱིས། །སྦྱིན་སྲེག་བཅུད་ལེན་སྨན་སྦྱོར་བྱ། །ཁྱད་པར་སྤྲོས་མེད་རྡོར་བཟླས་དང་། །ནང་གི་ཚུལ་ལ་མཉམ་པར་འཇོག། འབྲུ་བཅུད་རྒྱས་ཤིང་ཆོས་དང་ནོར། །འཕེལ་སོགས་མཚན་ལྟས་བཟང་བར་བཤད། །དགེ་བར་གྱུར་ཅིག་རྣམ་དཀར་གྱི། །བྱ་བས་འཇིག་རྟེན་ཕ་རོལ་ཏེ། །རྩོད་པས་རྣམ་པར་ཉམས་པའི་མུན། །རྫོགས་ལྡན་སྣང་བ་གསར་བས་སོ། །འདི་ལྟར་བརྗོད་ལས་བྱུང་བའི་དགེས། །བརྗོད་མེད་དེ་ཉིད་རབ་རྟོགས་ནས། །མཐའ་ཡས་འགྲོ་ཀུན་རྣམ་མཁྱེན་གྱི། །གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཅེས་པའང་ལྔ་རིག་སྨྲ་བའི་བཙུན་པ་ཡོན་ཏན་རྒྱ་མཚོས་སྤེལ་བ་སརྦ་མངྒ་ལཾ།། །།


previousཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ་དྭངས་ཤེལ་མེ་ལོང་།next