Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
བསླབ་བྱ།
   


 
previousབསླབ་བྱ།next

བསླབ་བྱ།


LT41_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་བྲལ་བླ་མ་སངས་རྒྱས་ཞབས་ལ་འདུད། །དམ་ཆོས་སྒྲུབ་ལ་བརྩོན་པའི་སྐལ་ལྡན་གྱི། །གསལ་འདེབས་འཕགས་བོད་མཁས་གྲུབ་གོང་མ་ཡི། །གཞུང་བཟང་ཐོས་ན་བློ་སྣ་ཆོས་ལ་འགྱུར། །དེ་བས་བྱིན་རླབས་ཅན་གྱི་གདམས་ངག་གཟིགས། །གང་ཟག་ཕལ་པའི་ཉི་ཚེའི་ཚིག་སྦྱོར་རྣམས། །རྣ་བར་སྙན་ཡང་སེམས་ལ་ཕན་མི་ཐོག །མི་ལུས་དལ་འབྱོར་ལོ་བརྒྱ་ཐོག་གཅིག་ཡིན། །ཆུད་ཟོས་བཏང་ནས་རང་གིས་རང་ཉིད་བསླུ། །དགེ་སྦྱོར་སྐྱེ་བར་ཉིན་མོའི་སྐར་མ་འདྲ། །དྲན་ཚེ་མ་བྱས་མི་སྡོད་མྱུར་དུ་ཡལ། །འཆི་བ་ཐོག་བབས་ནམ་འོང་ཆ་མེད་པས། །འདུ་ཤེས་ཀུན་གྱི་གཙོ་བོ་མི་རྟག་བསྒོམ། །རང་གི་ལས་བྱས་རང་ཉིད་ཁོ་ནས་སྨིན། །མ་བྱས་ལས་དང་ནམ་ཡང་མི་འཕྲད་ཕྱིར། །སྡིག་པ་ཕྲ་མོ་ལ་ཡང་དུག་ལྟར་འཛེམ། །འཇིག་རྟེན་ཕ་རོལ་རྣམ་སྨིན་ཤིན་ཏུ་ལྕི། །དགེ་རྩ་པྲ་ཡང་ཁྱད་གསོད་མེད་པར་བསྒྲུབ། །འདི་དང་གཏན་དུ་བདེ་སྐྱིད་ཕུན་ཚོགས་རྒྱུ། །སངས་རྒྱས་ཆོས་ཀུན་རྩ་བ་བྱང་ཆུབ་སེམས། །ལྷག་བསམ་གསེར་དང་འདྲ་བས་གཞི་བཟུང་ནས། །འགྲོ་ཀུན་ཕ་མ་མ་གྱུར་གཅིག་ཀྱང་མེད། །འཁོར་བ་སྡུག་བསྔལ་རྒྱ་མཚོར་བྱིང་བ་ལ། །བྱམས་དང་སྙིང་རྗེ་ཤས་མི་བཟོད་པ་ཡིས། །བདག་ཉིད་ཁོ་ནས་སངས་རྒྱས་སར་འགོད་པའི། །སེམས་འདི་ཡོད་ཕྱིན་ཅི་བྱས་ཆོས་སུ་


LT41_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དེ་མེད་དགེ་རྩ་བསགས་ཀྱང་འཁོར་བའི་རྒྱུ། །གཅིག་ཆོག་ཉམས་ལེན་རྒྱལ་བའི་བཀའ་ལས་འབྱུང་། །དེ་ཕྱིར་བྱང་ཆུབ་སྦྱང་ལ་འདུག་པ་ཡི། །བསླབ་པའི་རིམ་པ་རང་གི་བློ་ནུས་དང་། །སྦྱར་ནས་ལེ་ལོ་མེད་པའི་ལག་བླང་གཅེས། །བཙོན་འགྲུས་མེད་པའི་ཆོས་སྒོར་ཞུགས་པ་རྣམས། །དད་པ་ཡོད་ཀྱང་སྙོམས་ལས་དགྲ་འདིས་ཕུང་། །ཞེ་སྡང་ལ་སོགས་ཉོན་མོངས་གློ་རྡེག་གིས། །ཐར་པའི་ས་བོན་མ་ཆོར་བཅོམ་སྲིད་པས། །དྲན་ཤེས་བྱ་རས་ཐུག་འཕྲད་གཉེན་པོར་སྟེན། །ཆོས་བརྒྱད་ཉོན་མོངས་མ་ཐུལ་ཆོས་པའི་གཟུགས། །ལྷ་དང་བཅས་པའི་འཇིག་རྟེན་ཁྲེལ་བའི་གནས། །དེ་བས་སེམས་རྒྱུད་ཆོས་དང་འདྲེས་པར་གཅེས། །བྱང་ཆུབ་ལམ་གྱི་རིམ་པ་མཐའ་ཡས་ཀྱང་། །ཐོག་པར་མེད་བློ་ཆོས་སུ་སོང་བ་དང་། །ཆོས་དེ་ལམ་དུ་ལོངས་ལ་འདུས་པ་ཡིན། །ལམ་གྱི་འཁྲུལ་སེལ་འཁྲུལ་སྣང་ཡེ་ཤེས་སུ། །ཚོགས་གཉིས་རྫོགས་ན་ཤུགས་ཀྱིས་འཆར་བ་ལགས། །དེ་སྐད་ཐུན་མོངས་བསླབ་བྱ་མདོར་བསྡུས་པ། །ཆོས་བློན་ཚེ་རིང་དོན་གྲུབ་དགེ་སྦྱོར་གྱི། །གསལ་འདེབས་ཕྱིར་དུ་ཆོས་གཟུགས་གུ་་པས། །སྨས་པའི་དགེ་བས་དམ་ཆོས་མཐར་ཕྱིན་ཤོག །སརྦ་དཱ་མངྒ་ལཾ།། །།


previousབསླབ་བྱ།next